དམར་ཝོར་སྡེ་བས་ཡུལ་སྐོར་ཚོང་གཉེར་གྱི་བྲོ་བ་མྱངས་པ།
2019.02.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 46

“ཐོན་ལས་དར་རྒྱས། སྐྱེ་ཁམས་གཞིས་འཚམ། ཡུལ་སྲོལ་དཔལ་ཡོན། བཅོས་སྐྱོང་གོ་ཆོད། འཚོ་བ་ཕྱུག་པོ’’བཅས་ནི་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྟེང་བཀོད་སྒྲིག་ལག་བསྟར་བྱས་པའི་གྲོང་གསེབ་དར་སྤེལ་གྱི་འཐབ་ཇུས་ཡིན་པས། ང་ཚོ་དམར་ཝོར་སྡེ་བར་ཡང་ངར་བསླངས། སྡེ་བའི་ནང་དུ་གྲོང་གསེབ་ཡུལ་སྐོར་རིམ་སྤར་བྱེད་བཞིན་པའི་སྒང་ཡིན་ལ། སྡེ་མི་ཚང་མས་སྔར་བས་བརྟན་ཞིང་སྐྱིད་པའི་ཡུལ་སྐོར་ཡོང་སྒོ་བཙལ་ཐུབ”ཅེས་སྡེ་བའི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་གླེང་དུས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་པ་པོ་གྲོང་རྡལ་གྱི་དམར་ཝོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མ་ཧྥུ་ཡོན་གྱིས་སེམས་འགུལ་ཐེབས་བཞིན་དེ་ལྟར་བརྗོད།

བཙུན་མོ་སྒང་གི་འདབས་སུ་སོ་ཕག་གི་སྡོད་ཁང་རྣམས་གྲལ་བསྒྲིགས་ཤིང་དུ་བ་ལྷོག་ལྷོག་ཏུ་འཕྱུར་བ་དང་། དམར་མདོག་གི་རི་རྩེ་དང་གསེར་མདོག་གི་རྩྭ་ཐང་འདྲེས་མཚམས་སུ་ཚང་ཚིང་གཡུ་ལོ་ཐགས་སུ་བཀྲ་བའི་གསོམ་སྡོང་གི་ནགས་ཚལ་ཞིག་མཆིས། དམར་ཝོར་སྡེ་བ་ནི་དབེན་པའི་སྐྱེད་ཚལ་དེ་ན་རི་མོ་མཁན་གྱི་པིར་རྩེ་ལས་ཐོན་པ་ལྟར་མཛེས་ཤིང་ལྟ་ན་སྡུག “སྔོན་ཆད་ནས་ང་ཚོའི་ཕ་ཡུལ་གྱི་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཡིན་པ་ཤེས་ཡོད་མོད། འོན་ཀྱང་མཛེས་ལྗོངས་ལ་བརྟེན་ནས་སྒོར་མོ་བཙལ་ཐུབ་པ་ཡིད་ལའང་མ་ཤར། ཡུལ་སྐོར’’ཞེས་པ་འདི་ཡང2011ལོ་ནས་ད་གཟོད་དར་བ་ཡིན”ཞེས་མ་ཧྥུ་ཡོན་གྱིས་དེ་ལྟར་བཤད།

“ལོ་འགའི་སྔོན་དུ། སྡེ་བའི་ནང་དུ་གཙོ་བོ་ལོག་དཀར་དང་ནས་བཏབ་པ་ཡིན་པས། ལོ་གཅིག་གི་ཡོང་སྒོ་ཧ་ཅང་ཉུང་ཞིང་འཚོ་བ་ཇེ་དབུལ་ནས་ཇེ་དབུལ་ཡིན་པས་སྡེ་བའི་ནང་གི་ན་གཞོན་ཚང་མ་ཕྱིར་གླ་རྒྱག་ཏུ་སོང་བའི་ཤུལ་དུ་སྡེ་བའི་ནང་དུ་རྒན་པ་དང་བྱིས་པ་རྣམས་མ་གཏོགས་མེད”ཅེས་མ་ཧྥུ་ཡོན་གྱིས་བཤད། ཐོན་སྐྱེད་རྒྱུ་ཆ་དཀོན་ཞིང་རང་བྱུང་ཆ་རྐྱེན་མི་བཟང་བས་ང་ཚོ་སྡེ་བའི་སྡེ་མི་རྣམས་ཀྱི་ཡོང་སྒོ་ཧ་ཅང་དམའ་བ་དང་། ཕྱི་རུ་གླ་བརྒྱབ་ནས་བཙལ་བའི་སྒོར་མོ་ནི་ལོ་གཅིག་གི་ཡོང་སྒོའི་གཙོ་བོ་ཡིན།

ཡོང་སྒོ་ཇེ་མང་དུ་གཏོང་ཆེད་པ་པོ་གྲོང་རྡལ་གྱིས་གཙོ་བོ་ཞིང་ལས་རྩལ་ནུས་སྐྱེད་སྲིང་ལ་ཤུགས་སྣོན་བྱས་པ་དང་། མགོ་ཁྲིད་དང་ལས་བྱེད་པ་རྣམས་ཀྱང་ཕྱི་རུ་སློབ་སྦྱོང་དང་ཉམས་མྱོང་བརྗེ་རེས་བྱེད་དུ་སོང་། ཞིང་ལས་དེ་ཐོན་ལས་གཉིས་པ་དང་ཐོན་ལས་གསུམ་པར་བསྒྱུར་ནས། ཟ་ཁང་ཕྱེ་ཞིང་ཟུང་སྐྱེལ་རླངས་འཁོར་བསྐོར་བ་སོགས་སྡེ་བ་སོ་སོའི་སྡེ་མི་རྣམས་ཀྱི་ལག་རྩལ་རང་བཞིན་གྱི་ཡོང་སྒོ་ཇེ་མང་དུ་སོང་། “ཕྱི་རུ་གླ་རྒྱག་ཏུ་སོང་ན་སྡེ་མི་རྣམས་ཀྱི་མིག་རྒྱ་བསྐྱེད་པ་དང་། ལྟ་བ་དང་བསམ་བློ་ལའང་འགྱུར་ལྡོག་ཆེན་པོ་བྱུང་བས་ཚང་མའི་སྣེ་ཁྲིད་ནས་ཡུལ་སྐོར་ལས་རིགས་གཉེར་མགོ་རྩོམ་མཁན་ཡོད་སོང”ཞེས་མ་ཧྥུ་ཡོན་གྱི་སེམས་སུ་སྡེ་བའི་ནང་དུ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་ཐུབ་པ་འདི་ནི་སྡེ་བ་བཙུན་མོ་སྒང་གི་ཉེ་སར་གནས་སྤར་བར་རག་ལས་པ་ལས་གཞན། སྡེ་མི་རྣམས་ཕྱི་རུ་གླ་རྒྱག་ཏུ་སོང་སྟེ་མིག་རྒྱ་བསྐྱེད་ནས་ཚོང་ར་དང་ཚོང་གཉེར་གྱི་འདུ་ཤེས་དང་ལེན་བྱས་པ་ལའང་རག་ལས་པར་བསམས་ཡོད།

2013ལོར། དམར་ཝོར་སྡེ་བ་རུ་ཞིང་པའི་སྤྲོ་སྐྱིད་ཁང་ཐོག་མ་ཡོད་པར་གྱུར། དེ་ནི་སྡེ་མི་ཝང་ཧྲིན་ཚའེ་དང་སྡེ་མི་གཞན་པ་བཞི་ཡིས་མཉམ་དུ་ཕྱེས་པ་ཡིན་ལ། ཐོག་མར་ཅོག་ཙེ་འགའ་མ་གཏོགས་མེད་ལ་ཚོད་མའི་སྣ་ཁའང་ཉུང་མོད། འོན་ཀྱང་ཚོང་ཤིན་ཏུ་བྲིན།སྡེ་བའི་ནང་དུ་དེའི་ཕྱོགས་ཀྱི་གོམ་པ་སྤོ་མཁན་ཐོག་མ་ཡོད་པས་ཤིང་། ཞིང་པའི་སྤྲོ་སྐྱིད་ཁང་དང་ཞིང་པའི་མགྲོན་ཁང་རིམ་བཞིན་ཇེ་མང་དུ་སོང་།

2015ལོར། དམར་ཝོར་སྡེ་བ་ནས་བཙུན་མོ་སྒང་བར་དུ་ཆུ་ཐོག་བགྲོད་ལམ་ཞིག་ལས་ཤིང་། ཆུ་ཐོག་བགྲོད་ལམ་དེ་ཡོད་པས་བཙུན་མོ་སྒང་ལྗོངས་ཁུལ་དུ་ཡོང་བའི་མི་ཕལ་ཆེ་བ་དམར་ཝོར་སྡེ་བར་ཐོན་པ་ཞིག་ཡིན། དེ་ནི་དམར་ཝོར་སྡེ་བས་ཡུལ་སྐོར་ལས་རིགས་གོང་འཕེལ་དུ་གཏོང་བའི་དཀྱོགས་མཚམས་གཙོ་བོར་གྱུར།

སྡེ་མི་རྣམས་ཀྱིས་ཡུལ་སྐོར་ཚོང་གཉེར་ལས་ཡོང་སྒོ་བླངས་པ་ན་ཕྱི་རུ་གླ་རྒྱག་ཏུ་འགྲོ་བའི་ཝང་ཧུང་ཚའེ་ཡང་འདུག་མི་བཟོད་པར་གྱུར། 2016ལོར་ཕྱིར་ཕ་ཡུལ་དུ་ལོག་རྗེས་རང་ཚང་གི་ཁང་མིག་ལྔ་པོ་དེ་ཁྱིམ་ཚང་མགྲོན་ཁང་དུ་བསྒྱུར་ནས་ཡུལ་སྐོར་པ་སྣེ་ལེན་བྱས་ཏེ་ཞིང་པའི་སྤྲོ་སྐྱིད་ཁང་ཕྱེས། ཡོང་སྒོའང་ཕྱི་རུ་གླ་བརྒྱབ་པ་ལས་བཟང་མོད། ལོ་དེ་ནས་བཟུང་དམར་ཝོར་སྡེ་བ་ལའང་མགྲོན་ཁང་དང་ཟས་སྦྱོར་སོགས་ཀྱི་ཆེད་ལས་ལག་རྩལ་གསོ་སྦྱོང་བྱེད་ས་ཡོད་པ་དང་། སྡེ་མི་རྣམས་ཀྱི་ཡུལ་སྐོར་ལས་རིགས་གཉེར་བའི་མདུན་ལམ་ཤིན་ཏུ་བཟང་བས། ཕྱིར་ཕ་ཡུལ་དུ་ལོག་ནས་ཡུལ་སྐོར་ལས་རིགས་གཉེར་མཁན་ཇེ་མང་ནས་ཇེ་མང་དུ་གྱུར། “2016ལོར། ཡུལ་སྐོར་གྱི་ཡོང་སྒོ་ཁོ་ནས་ང་ཚོ་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར་སྟོང་གཅིག་ལྷག་འཕར་དུ་བཅུག”ཅེས་མ་ཧྥུ་ཡོན་གྱིས་བཤད།

དམར་ཝོར་སྡེ་བར་བསྐྱོད་པ་ན་མིག་ལམ་དུ་འཆར་བ་ནི་སྐྱེ་ཁམས་ཤིང་ཁང་དེ་རེད། སྐྱེ་ཁམས་ཤིང་ཁང་དེ་ནི2015ལོའི་དབུལ་སྐྱོར་ལས་གཞི་ཡིན། ད་ལྟ་ལོ་རེར་སྒོར་ཁྲི་ཞེ་གཉིས་བྱས་ནས་མཚོ་སྔོན་ཆིན་ཕུན་ཉོ་ཚོང་ཚད་ཡོད་ཀུང་སིར་གླས་ཡོད། སྒོར་ཁྲི་ཞེ་གཉིས་པོ་དེ་དམར་ཝོར་སྡེ་བའི་ཡིག་ཚགས་དང་བྱང་བུར་བཀོད་པའི་དབུལ་ཕོངས་ཁྱིམ་ཚང་རྣམས་ལ་ཁེ་སྤོགས་བགོ་བཞིན་ཡོད།

སྐྱེ་ཁམས་ཤིང་ཁང་དེའི་མདུན་གྱི་རླངས་འཁོར་འཇོག་ཡུལ་དུ་ཚོང་བཤམས་ས་འགའ་ཡོད་པ་དེ་དག་གིས་ཡུལ་སྐོར་རྗེས་དྲན་ཚོང་རྫས་སྣ་ཚོགས་བཚོང་བཞིན་ཡོད། “ངས་ད་ལོའི་ཟླ་དྲུག་པ་ནས་འདི་རུ་ཚོང་བཤམས་པ་ཡིན་ལ། སྔོན་ཆད་ཟ་མ་བཙོང་བ་ཡིན། ད་ལོ་སྟོད་ལྷེ་དང་ཞྭ་མོའི་རིགས་བཙོང་བཞིན་ཡོད”ཅེས་ཚོང་བདག་མ་ཧྲིན་ཡིའུ་ཡིས་ཡུལ་སྐོར་པར་སྟོད་ལྷེ་འདེམས་ཞོར་དུ་དེ་ལྟར་བཤད།

སྔོན་ཆད། མ་ཧྲིན་ཡིའུ་ཡིས་རྫོང་མཁར་གྱི་ཉེ་འགྲམ་དུ་གླ་རྒྱག་ཁུལ་བྱས་ཏེ་བྱེ་མ་འཁུར་བའི་ལས་ཀ་ལྗིད་མོ་ལས་པ་རེད། ཆི་ལིན་རྫོང་གི་ཡུལ་སྐོར་འཕེལ་རྒྱས་ཇེ་བཟང་ནས་ཇེ་བཟང་དུ་སོང་བ་ན་མ་ཧྲིན་ཡིའུ་ཡང་ཡུལ་སྐོར་ལས་རིགས་ཁྲོད་ཀྱི་ཚོང་གཉེར་པ་ཞིག་ཏུ་གྱུར། ན་ནིང་། ཁོས་རང་ཉིད་ཀྱིས་བསགས་པའི་སྒོར་མོའི་ཁར་དངུལ་ཁང་ནས་དངུལ་བུན་བླངས་ཏེ་སྒོར་ཁྲི་ཉི་ཤུ་ཡིས་ཁང་མིག་བརྒྱད་ཅན་གྱི་ཞིང་གྲོང་མགྲོན་ཁང་ཞིག་ལས་ནས་ཚོང་གཉེར་བྱས།

ད་ལྟ།དམར་ཝོར་སྡེ་བའི་ཁྱིམ་ཚང་བརྒྱ་དང་ཉེར་བརྒྱད་ཀྱི་ཁྲོད་དུ་ཆེད་དུ་ཡུལ་སྐོར་གཉེར་བའི་ཁྱིམ་ཚང་བཅོ་ལྔ་ཡོད། ཞིང་ལས་ཀྱིས་ཁ་གསོ་བ་ནས་ཡུལ་སྐོར་གྱིས་ཁ་གསོ་བར་གྱུར། དམར་ཝོར་སྡེ་མི་རྣམས་ཀྱི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་རེད། “ཡུས་ཁ་ལོ་སི་རྒྱལ་སྤྱིའི་འཕུར་བསྐྱོད་དུས་ཆེན་སྐབས་ཞེ་ལྔ་པ་དང་ཆི་ལེན་དམར་ཝོར་སྡེ་བའི་འདྲ་བརྙན་རྩེད་ཆས་རྩེ་བའི་དུས་ཆེན་སྐབས་དང་པོ་སོགས་ཀྱི་བྱ་འགུལ་ལ་བརྟེན་ནས། ང་ཚོས་དམར་ཝོར་སྡེ་བ་ཀྲུང་གོའི་འཕུར་བསྐྱོད་སྡེ་བའི་དཔེ་སྟོན་སྡེ་བ་ཐོག་མ་རུ་བསྐྲུན་རྩིས་ཡོད། ཕྱིན་ཆད། དམར་ཝོར་སྡེ་བའི་ཡུལ་སྐོར་གྱི་འཕེལ་རྒྱས་ཇེ་བཟང་དུ་སོང་སྟེ། ང་ཚོའི་མང་ཚོགས་རྣམས་ཀྱི་འཚོ་བ་ཇེ་སྐྱིད་ནས་ཇེ་སྐྱིད་དུ་འགྲོ་བའི་ཡིད་ཆེས་ཡོད”ཅེས་མ་ཧྥུ་ཡོན་གྱིས་གདོང་ལ་འཛུམ་གྱིས་ཁེངས་ནས་དེ་ལྟར་བཤད།
                                                                                                                                  རྩོམ་སྒྲིག་པ། སྐར་མ་མཚོ།