མཚོ་སྔོན་གྱིས་སྡེབ་སྦྱོར་བྱས་པའི་བོད་སྨན་ཕྱི་རྒྱལ་དུ་བསྐྱོད་པ།
2019.02.20 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 39

དམངས་ཁྲོད་ཀྱི་གསོ་བཅོས་བྱེད་ཐབས་ནས་རིག་གནས་ཤུལ་བཞག་ཏུ་གྱུར་པ།

2018ལོའི་ཟླ་བཅུ་གཉིས་པའི་ཟླ་མཇུག་ཏུ། མཚོ་སྔོན་དང་སི་ཁྲོན། བོད་ལྗོངས་བཅས་སུ་ཁྱབ་པའི་བོད་ལུགས་སྨན་ལུམས་གསོ་བཅོས་བྱེད་ཐབས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ཀྱི《མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་འཐུས་ཚབ་བརྩམས་ཆོས་ཀྱི་དཀར་ཆག》ནང་དངོས་སུ་བཞག འདི་ནི་རང་ཞིང་གི“ལ་གཞས”དང“རེབ་གོང་སྒྱུ་རྩལ”གྱི་རྗེས་སུ་ཡང་བསྐྱར་སྣ་སྒོ་གཅིག《མིའི་རིགས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་འཐུས་ཚབ་བརྩམས་ཆོས་ཀྱི་དཀར་ཆག》ནང་བདམས་པ་ཡིན་ལ། རང་ཞིང་གི་བོད་ལུགས་སྨན་ལུམས་ཀྱི་གསོ་བཅོས་བྱེད་ཐབས་ནི། ཐོན་ལས་དང་རྒྱུན་འཛིན་བཅས་ཀྱི་ཐད་ནས་རྒྱལ་ཡོངས་ཀྱི་སྔོན་གྲལ་དུ་ཚུད་ཡོད་ལ། རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྙན་གྲགས་ཆེ།

ལོ་རེར་སྒོ་བསྟེན་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི་གཉིས་ལ་སླེབས་པ་དང་། ཕྱི་རྒྱལ་གྱི་ནད་པས་སྐོར་ཚོགས་སྒྲིག་ནས་སྨན་བཅོས་བྱེད་དུ་འོངས།

སྨན་ཁང་གིས་བསྡོམས་རྩིས་བྱས་པ་ལྟར་ན། མིག་སྔར། བོད་སྨན་ཁང་གི་སྨན་ལུམས་ཚན་ཁག་ནས་ལོ་རེར་སྒོ་བསྟེན་སྨན་བཅོས་བྱེད་ཚད་མི་ཐེངས་ཁྲི་གཉིས་ཡན་ལ་སླེབས་པ་དང་། སྡོད་བཅོས་ནད་པ་སྟོང་གཅིག་དང་བཞི་བརྒྱ་ཡས་མས་ཡོད་ལ། དེའི་ནང་གི་ནད་པའི་བརྒྱ་ཆའི་བཞི་བཅུ་པེ་ཅིན་དང་ཅང་སུའུ། ཧྲང་ཧའེ། སི་ཁྲོན་སོགས་ནས་ཡོང་བ་རེད། དེ་མིན་ད་དུང་ཁོ་རེ་ཡ་དང་ཁ་ན་ཏ། ཨུ་རུ་སུ། ཨ་མེ་རི་ཁ། ཧ་སག་སི་ཐན་སོགས་ཀྱི་ནད་པས་སྐོར་ཚོགས་སྒྲིག་ནས་སྨན་ཁང་དུ་སྨན་བཅོས་བྱེད་པར་ཡོང་།

ཞིང་ཆེན་བོད་སྨན་ཁང་གི་སྨན་ལུམས་ཚན་ཁག་གི་ཀྲུའུ་རེན་དཀོན་མཆོག་ཚེ་རིང་གིས་གསར་འགོད་པར་བཤད་རྒྱུར། ཐོ་འགོད་བྱས་པ་ལྟར་ན། རང་ཞིང་གི་བོད་ལུགས་གསོ་རིག་སྨན་ལུམས་གསོ་བཅོས་བྱེད་ཐབས་ལ་ལོ་ངོ་སྟོང་ཕྲག་ཡན་གྱི་ལོ་རྒྱུས་ཡོད་ལ། ཆེས་ཐོག་མར་དམངས་ཁྲོད་ཀྱི་འཕྲོད་བསྟེན་ཉམས་མྱོང་ལས་བྱུང་བ་ཡིན་ཞིང་། རྒྱུན་འཛིན་དང་དར་སྤེལ་བཏང་བ་བརྒྱུད། ད་ལྟའི་ལུམས་བཅོས་ཐབས་ལམ་གྱིས་སྲོལ་རྒྱུན་གྱི་ཆུ་ཁྲུས་དང་རླངས་ཁྲུས་ཀྱི་བཅོས་ཐབས་རྒྱུན་འཁྱོངས་བྱས་ཐོག “བདུད་རྩི་ལྔ་ལུམས”རྨང་གཞིའི་སྨན་སྦྱོར་དུ་བསྟེན་ནས། སྨན་ལུམས་ཀྱི་བཟོ་རྩལ་དང་ནམ་དུས་ཀྱི་གདམ་ག ནད་པའི་སྙོར་སྐྱོང་བཅས་ཀྱི་ཐད་ནས་ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་ནད་རྟགས་སྨན་བཅོས་ཇུས་གཞི་ཞིག་གྲུབ་འདུག བོད་ལུགས་གསོ་རིག་གཞུང་གི་སྨན་ལུམས་ཀྱིས་གྲུམ་ནད་དང་གྲུམ་བུ་དཀར་པོའམ་དྲེག་གྲུམ་གྱི་ནད། རེངས་གཤིས་སྒལ་ཚིགས་ཀྱི་ཚ་ནད། གྲུམ་བུའི་ནད་སོགས་དང་། པགས་ནད་ཀྱི་རིགས་སྣ་ཚོགས་སྟེ། དཔེར་ན་ཟྭ་འབྲུམ་དང་རློན་འབྲུམ་བཅས་ནད་རིགས་ཀྱི་སྨན་བཅོས་ཐད་ལ་ཕན་ནུས་མངོན་གསལ་ཐོན་ཐུབ་ཀྱིན་ཡོད།

མཚོ་སྔོན་གྱི་བོད་སྨན་ཐོན་ལས་ཀྱི་གཞི་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོར་གནས་ཡོད།

མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཡོན་ཀྲང་ཀླུ་བྱམས་རྒྱལ་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། བོད་ལུགས་སྨན་ལུམས་གསོ་བཅོས་བྱེད་ཐབས་ཀྱི་རྒྱབ་ཕྱོགས་སུ་སྨན་བཅོས་དང་ཚན་རིག་གི་རིན་ཐང་གནད་ཆེན་པོ་ལྡན་པར་མ་ཟད། ས་གནས་དེ་གའི་མི་རིགས་ཀྱི་རྒྱ་ཆེ་ཞིང་གཏིང་ཟབ་པའི་དམངས་ཁྲོད་རིག་གནས་ཀྱི་སྙིང་བཅུད་ཀྱང་སིམ་ཡོད། དེ་ནི་ལྷ་སྒྲུང་དང་ངག་རྒྱུན། ལོ་རྒྱུས་དེབ་ཐེར། ཟློས་གར། རི་མོ་དང་བརྐོས་རིས་བཅས་ཀྱི་རྣམ་པའི་སྟེང་ནས་མཚོ་སྔོན་གྱི་ས་གནས་གང་སར་དར་ཁྱབ་ཏུ་སོང་ཡོད་ལ། ལྷག་ཏུ་གནམ་རིག་སྐར་རྩིས་དང་མཛད་སྒོ་དད་མོས། རང་བྱུང་དངོས་མང་། ཀུན་སྤྱོད་ཚད་གཞི་སོགས་སྲོལ་རྒྱུན་གྱི་ཤེས་བྱ་ཐེག་པར་བྱས་ཏེ། མི་རིགས་ཀྱི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་གསལ་པོར་མཚོན་ཡོད།

ཉེ་བའི་ལོ་འགའི་རིང་ལ། བོད་ལུགས་སྨན་ལུམས་ཀྱི་གསོ་བཅོས་ཐབས་ལམ་གཅིག་པུ་མ་ཡིན་པར། རང་ཞིང་གི་བོད་སྨན་ཐོན་ལས་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་འགྲོ་བཞིན་ཡོད། མཚོ་སྔོན་གྱིས་སྡེབ་སྦྱོར་བྱས་པའི་བོད་སྨན་གྱི་ཚོང་རྟགས་ཞིང་ཆེན་ཕྱི་ནང་གི་ནད་པར་གསལ་ཆ་ཆེ་ཞིང་། ཁྱད་པར་དུ་རང་ཞིང་གི་ཐུན་མོང་མ་ཡིན་པའི་གསར་སྐྲུན་ཏེ་བོད་ལུགས་སྨན་བཅོས་དང་། ཁམས་གསོ་དང་འཕྲོད་སྦྱོར། ཚན་རིག་ཞིབ་འཇུག སློབ་གསོ། ཐོན་ལས། རིག་གནས། ཕྱི་ཕྱོགས་འབྲེལ་འདྲིས་བཅས“གནས་བདུན་གཞི་གཅིག”ཅན་གྱི་འཕེལ་རྒྱས་དཔེ་དབྱིབས་ཀྱིས་བོད་སྨན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དེ་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་སུ་གྱུར། མིག་སྔར། རང་ཞིང་དུ་བོད་སྨན་ཐོན་སྐྱེད་བྱེད་ཀྱིན་པའི་ཁེ་ལས་བཅོ་ལྔ་ཡོད་པ་དང་སྨན་སྣ་རིགས་བརྒྱ་དང་རེ་གསུམ་ཙམ་ཡོད། མཚོ་སྔོན་གྱི་བོད་སྨན་ཐོན་སྐྱེད་ཀྱི་རིན་ཐང་གིས་རྒྱལ་ཡོངས་ཀྱི་བོད་སྨན་ཐོན་སྐྱེད་སྤྱིའི་ཐོན་རིན་གྱི་བརྒྱ་ཆའི་ཞེ་བཞི་ཟིན་ལ། ཐོན་ལས་དང་གཞི་ཁྱོན་ཐད་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་གནས་ཡོད།

“མཚོ་སྔོན་གྱིས་སྡེབ་པའི”བོད་སྨན་གསར་སྐྲུན་གྱི་ཤུགས་རྐྱེན་སྔར་བས་ཆེ་རུ་གྱུར།

“ཤུལ་བཞག་རིག་གནས་ཁྲོད་དུ་རེ་ཞུ་བྱེད་པ་ལེགས་འགྲུབ་བྱུང་བ་དེས་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་རིག་གནས་ཀྱི་རིན་ཐང་གལ་ཆེན་ངོས་འཛིན་བྱེད་པ་གསལ་བཤད་བྱས་ཡོད་ལ། དེ་ཡང་བོད་ལུགས་སྨན་ལུམས་གསོ་བཅོས་བྱེད་ཐབས་སྔར་ལས་ལེགས་པོའི་སྒོ་ནས་སྲུང་སྐྱོང་དང་ཁྱབ་སྤེལ་གཏོང་བའི་ཆེད་དུ་ཡིན”ཞེས་ཀླུ་བྱམས་རྒྱལ་གྱིས་མིག་རྒྱང་རིང་པོ་མ་འོངས་པའི་ཕྱོགས་སུ་གཏད་དེ། རང་ཞིང་གིས་བོད་ལུགས་སྨན་ལུམས་གསོ་བཅོས་བྱེད་ཐབས་ལ་རིགས་དབྱེ་སྲུང་སྐྱོབ་ལག་བསྟར་བྱ་རྒྱུ་ཡིན་ལ། ཚན་ཞིབ་དཔུང་ཁག་འཛུགས་པ་དང་རྒྱུན་འཛིན་དང་སྲུང་སྐྱོབ་ལ་ཤུགས་སྣོན་པ་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས། སྨན་ལུམས་ཀྱི་རིག་གནས་དོན་སྙིང་སྔོག་འདོན་བྱེད་རྒྱུ་ཡིན་ཟེར།

གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་པ་ལྟར་ན། རང་ཞིང་ནི་བོད་ལུགས་སྨན་ལུམས་གསོ་བཅོས་བྱེད་ཐབས་ཀྱི་གཅིག་བསྡུས་རྒྱུན་འཛིན་ས་ཁོངས་ཁྲོད་ཀྱི་གཅིག་ཡིན་པའི་ཆ་ནས། བོད་ལུགས་སྨན་ལུམས་གསོ་བཅོས་ཀྱི་རིག་གནས་དྲིལ་སྒྲོག་དང་ཚན་རིག་ཤེས་བྱ་ཁྱབ་སྤེལ་གཏོང་བའི་ཐད་ཤུགས་སྣོན་བྱེད་རྒྱུ་ཡིན་པ་དང་། བོད་ལུགས་སྨན་ལུམས་གསོ་བཅོས་བྱེད་ཐབས་སྡེ་ཁུལ་དུ་སྐྱོད་པ་དང་སློབ་རར་སྐྱོད་པར་སྐུལ་འདེད་བཏང་ནས། བོད་ལུགས་སྨན་ལུམས་གསོ་བཅོས་བྱེད་ཐབས་ཀྱི་ཐུན་མིན་གྱི་གཞུང་ལུགས་དང་གསོ་བཅོས་ཐབས་ལམ་དྲིལ་སྒྲོག་དང་གསལ་སྟོན་བྱེད་རྒྱུ། དེ་མིན་ད་དུང་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སུམ་མདོ་བོད་རིགས་ཞང་གི་སུམ་མདོ་སྡེ་བ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སྐྱིད་སྨོན་ཞང་གི་ཉིན་ཞྭ་སྡེ་བ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་བློན་ཆོས་ཞང་གི་བློན་ཆོས་སྡེ་བ། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་བཅས་སུ་འབྲེལ་ཡོད་ཀྱི་ཁྲིད་སྦྱོང་ལྟེ་གནས་དང་ཞིབ་འཇུག་ལས་ཁུངས་གསར་འཛུགས་དང་འཐུས་ཚང་དུ་བཏང་བ་དང་། རྣམ་པ་མང་བའི་གསོ་སྦྱོང་བྱ་འགུལ་སྤེལ་ཏེ། སྡེ་ཁུལ་དུ་བདེ་ཐང་ལག་ལེན་ཁྱབ་གདལ་བཏང་ནས། སྨན་ལུམས་གསོ་བཅོས་བྱེད་ཐབས་རྒྱུན་འཛིན་དང་འཕེལ་རྒྱས་འགྲོ་བར་ཡར་སྐུལ་བྱ་རྒྱུ་རེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།