ཆོས་ཚ་སྡེ་བའི་སྡེ་དམངས་ཀྱི་འཚོ་སྔར་ལས་ཇེ་ལེགས་སུ་གྱུར།
2019.02.26 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 43

ལྷ་མཚོ་སྐྱིད་ཀྱིས་ད་སོ་མ་གཙང་ཕྱགས་བྱས་ཚར་བའི་ས་ངོས་ལ་རྐང་རྗེ་ཡིས་བཙོག་བཟོ་བྱས་འགྲོ་སྙམ་ནས་རྐང་པའི་ཕྱི་རྟིང་ཡར་བཀྱགས་ཏེ་རང་གི་མུས་གྲུ་བཞི་མ་ལྔ་བཅུ་ཅན་གྱི་ཁང་བའི་ནང་དུ་ཡར་མར་ལ་འགྲོ་བཞིན་ཡོད་ཅིང་། མོས་ཁང་བར་བལྟས་ཀྱིན་བལྟས་ཀྱིན་དགའ་སྤྲོ་ཚད་མེད་སྐྱེ་བཞིན་འདུག འདི་ནི་རི་ཁུལ་ནས་གནས་སྤོར་བྱས་རྗེས། མོར་རང་ཁྱིམ་དང་ཐག་མི་རིང་བའི་རིག་གནས་ཐང་ཆེན་དུ་རང་ཉིད་ལ་དབང་བའི“ཡུལ་ཁམས་ཆུང་ཆུང”འདི་ཐོབ་པས། གྲོང་ཁྱེར་གྱི་མི་དང་འདྲ་བའི་འཚོ་བ་རོལ་ཐུབ་པ་བྱུང་།

ལྷ་མཚོ་སྐྱིད་ཀྱིས་ཁ་སྐྱེངས་པ་དང་བཅས་ཏེ“ད་དངོས་གནས་གནས་སྤར། གནས་སྤར་རྗེས་ཡོད་ཚད་བཟང་མོད། བཤང་གཞོང་བཀོལ་རྒྱུ་དེ་འདྲ་མི་ལོབས”ཟེར། འདི་ནི་རི་ཁུལ་ནས་གནས་སྤར་རྗེས། མོས་ཐེངས་དང་པོར་ཆུ་བཤལ་བཤང་གཞོང་བེད་སྤྱད་བྱས་པ་དང་། མོར་མཚོན་ན། འདི་ནི“ཁྱད་མཚར་བའི་དངོས་པོ”ཞིག་ཡིན་སྟབས། དེར་གོམས་ལོབས་སུ་སོང་མེད།

ལྷ་མཚོ་སྐྱིད་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཨེར་སྟི་ཞང་ཆོས་ཚ་སྡེ་བའི་མི་རེད། དེ་སྔོན་མོ་རང་ཨེར་སྟི་ཞང་ཆོས་ཚ་སྡེ་བར་གཏན་སྡོད་བྱས་ཡོད། ས་གཞན་དུ་དབུལ་སྐྱོར་གནས་སྤོར་བྱས་རྗེས། མོ་རྫོང་མཁར་དུ་འདུག་པའི་རེ་བ་མངོན་འགྱུར་བྱུང་།

ཆོས་ཚ་སྡེ་བ་ནི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་སྡེ་བ་ཞིག་དང་། ཆེས་དབུལ་ཕོངས་ཀྱི་སྡེ་བ་ཞིག་རེད། སྡེ་བའི་རང་བྱུང་ཁོར་ཡུག་ཞན་ལ། འཕེལ་རྒྱས་སུ་གཏོང་རྒྱུའི་ཐོན་ལས་མེད་སྟབས། མི་རབས་ནས་མི་རབས་བར་སྲོལ་རྒྱུན་ཕྱུགས་ལས་གཉེར་བ་གཙོར་བཟུང་ཡོད། སྡོད་གནས་རྒྱང་རིང་ལུང་ཁུག་དང་ཐར་ཐོར་ཡིན་པ་དང་། སྡེ་མི་ཚོས་མུན་ནག་སྤར་མྱུལ་དང་ཟེགས་ལམ་བརྒལ་ཏེ་སྤྱི་ལེ་འགའི་ཕར་གྱི་ས་ཆར་ཆུ་ལེན་དུ་འགྲོ་བ་ནི་རྒྱུན་ལྡན་གྱི་ལས་ཤིག་རེད། དཀའ་སྡུག་ཆེ་བའི་འཚོ་བའི་ཁོར་ཡུག་གིས་ཁོ་ཚོ་ཇེ་དབུལ་ནས་ཇེ་དབུལ་དུ་གྱུར།

གུང་ཧོ་རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཧན་ཞང་གིས་བཤད་རྒྱུར། ང་ཚོས་ཆོས་ཚ་སྡེ་བ་ས་གཞན་དུ་དབུལ་སྐྱོར་གནས་སྤོར་བྱེད་པའི་ལས་གཞི་ལག་བསྟར་བྱེད་རྒྱུ་ཐག་བཅད་དེ། སྡོད་གནས་རྒྱང་རིང་ལུང་ཁུག་དང་ཐར་ཐོར་ཡིན་པ། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཞན་པ། དབུལ་ཐར་བྱེད་དཀའ་བ་བཅས་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་བརྒྱ་དང་གཅིག་པོ་དེ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་མཁར་བྱང་ཁུལ་གསར་བ་མཁར་སྐོར་བྱང་ལམ་ས་ཁུལ་དུ་གཅིག་བསྡུས་བཀོད་སྒྲིག་བྱས། 2018ལོའི་ཟླ་བཅུ་བར། ཁྱིམ་ཚང་བརྒྱ་དང་གཅིག་པོ་དེ་ཚང་མ་འདིར་གནས་སྤར་ཟིན་ཟེར།

དང་ཐོག མང་ཚོགས་ལ“རང་ཡུལ་དུ་སྡོད་འདོད་པ་ལས་གཞན་དུ་སྤོར་འདོད་མེད”ལ། གློ་བུར་དུ་གྲོང་ཁྱེར་དུ་གནས་སྤར་རྗེས་ཅི་ཞིག་ལས་དགོས་པ་མི་ཤེས་སྟབས་འཇིགས་སྣང་ཡང་སྐྱེས། རྫོང་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་ལས་བྱེད་མི་སྣས་ཡང་དང་བསྐྱར་དུ་ཁ་ཏ་བྱས་ཏེ། རི་ཁུལ་ནས་གནས་སྤོར་བྱས་ན་རྩྭ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ་པར་མ་ཟད། གནས་སྤོར་བྱས་རྗེས་ཀྱི་འཚོ་བ་ཡང་དེ་བས་ཇེ་བཟང་ཡིན་པ་ཁོ་ཚོར་བཤད་པ་དང་། སྡེ་དམངས་རྣམས་ཀྱི་བསམ་བློའི་འདུ་ཤེས་ཀྱང་རིམ་གྱིས་བསྒྱུར་ཏེ། རི་ཁུལ་ནས་གནས་སྤོར་བྱེད་རྒྱུ་འཐད་པ་དང་། རྩྭ་སའི་སྤང་ཤུན་ཡང་ཉམས་གསོ་བྱུང་།

ཧན་ཞང་གིས་གྲལ་དུ་བསྟར་བའི་ཁང་བ་གསར་བ་སྟོན་ཞོར། འདི་ནི་གསར་སྐྲུན་བྱས་པའི་སྡོད་ཁང་ང་གཅིག་ཡིན། སྒྲིག་བཀོད་མི་གཅིག་ཅན་དང་མི་གཉིས་ཅན། མི་གསུམ་ཡན་ཅན་བཅས་དབུལ་ཕོངས་ཁྱིམ་ཚང་གིས་གདམ་ཆོག སྤྱི་པའི་མ་ལག་ཆ་ཚང་བཀོད་སྒྲིག་བྱས་པའི་ཕྱོགས་ནས། སྡེ་བ་རིམ་པའི་བྱ་འགུལ་ལྟེ་གནས་དང་། འཕྲོད་བསྟེན་ཁང་། བུ་བཅོལ་ཁང་། རིག་གནས་ཐང་ཆེན། གློག་སྡོང་། རླངས་འཁོར་འཇོག་ས་བཅས་ལས་ཡོད་ལ། ད་དུང་གྲོང་ཁྱེར་དོ་དམ་ལས་དོན་གྱིས་ཆུ་མཁོ་འདོན་དང་། ཆུ་འབུད། ཁང་བའི་ནང་རོལ་དུ་ས་འོག་དྲོད་གློག་དང་སྤྱོད་ཁང་བཅས་ཀྱི་སྒྲིག་ཆས་བཙུགས་ཡོད་པས། ཚད་རིམ་ཆེ་འབྲིང་གི་ཁུལ་ཆུང་ཞིག་ཡིན་ཞེས་བཤད་ཆོག་ཆོག་ཡིན་ཟེར།

ད་ལྟའི་སྡེ་བ་འདི་ནི་མི་རྣམས་ཀྱི་བློ་ངོར་གཤགས་པའི“འབྲོག་སྡེ”ཡི་རྣམ་པ་དེ་མིན། སྡེ་དམངས་ཀྱི་སྡོད་ཁང་གི་ཆ་རྐྱེན་དང་། སྡེ་བའི་ཕྱིའི་རྣམ་པ། འཚོ་བའི་གོམས་གཤིས་བཅས་ནི་གྲོང་ཁྱེར་དང་ཉེ་བར་བཅར་ལ། སྡེ་དམངས་ཀྱི་འཚོ་བའི་སྤུས་ཀ་དང་རྒྱུ་སྤུས་ཚང་མ་ཆེས་ཆེར་མཐོར་འདེགས་བྱུང་། སྡེ་དམངས་རྣམས་ཀྱིས་རྩྭ་ས་དང་ཕྱུགས་ཟོག་མ་རྐང་དུ་བསྒྱུར་ཏེ་ཚད་འཇལ་རྐང་འཇོག་རྒྱུན་འཁོར་བྱས་ཏེ་མཉམ་ལས་ཁང་དུ་ཞུགས། བུ་ཕྲུག་གིས་ཐག་ཉེ་ས་ནས་སློབ་ཞུགས་བྱེད་ཐུབ་ལ། རང་གིས་ཐག་ཉེ་ས་ནས་ནད་ལ་སྟོན་པ་དང་། ཞོར་ལས་བྱེད་ཐུབ། ཁོ་ཚོའི་ཐོབ་ཐང་ཡང་གྲོང་རྡལ་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཞུགས་པའི་བརྒྱུད་རིམ་ཁྲོད་འགྱུར་ལྡོག་འབྱུང་བཞིན་མཆིས། སྣ་གཅིག་ཅན་གྱི་འདེབས་འཛུགས་དང་གསོ་སྤེལ། སྐྱེ་ཁམས་ལྟ་རྟོག་དང་སྲུང་སྐྱོབ་བཅས་བྱེད་པ་ནས་སྐྱེ་ཁམས་ཐོན་སྐྱེད་དང་འཚོ་བ་ལེགས་པའི་ཕྱོགས་སུ་འགྱུར་ལྡོག་འབྱུང་བཞིན་ཡོད།

གཞིས་སྡོད་བྱས་རྗེས། སྡེ་དམངས་རྣམས་ཀྱིས་ཇི་ལྟར“ལས་བརྩོན”བྱེད་པའི་གནད་དོན་ལ་གདོང་གཏོད་པར་ཧན་ཞང་གིས་བཤད་རྒྱུར། ས་འདི་རྒྱལ་ལམ109དང་ཉེ་ལ། ཚྭ་མཚེའུ་དང་མཚོ་སྔོན་པོ། རིག་སྨོན་གཞུང་། ཚ་རྔ་འགག་བཅས་ཀྱི་ལྗོངས་རྒྱུ་ས་ཁུལ་དུ་འགྲོ་སའི་བརྒྱུད་ལམ་ཉག་གཅིག་ཡིན། རྗེས་མཐུད་ཐོན་ལས་གདམ་སྐབས། འགྲུམ་ལམ་གནད་ཆེ་སའི་ལམ་རྒྱུད་ཀྱི་ཁྱད་སྟོབས་ལ་བརྟེན་ནས། “གཞུང་ལམ་དཔལ་འབྱོར”འཕེལ་རྒྱས་སུ་བཏང་ཆོག འཆར་གཞི་ལྟར་ན་གནས་སྤར་ས་ཆའི་ཚོང་ལས་སྔོན་གཞག་ས་ཆ་རུ་མ་དངུལ་སྒོར་ས་ཡ་བརྒྱད་དང་འབུམ་བཞི་ཁྲི་བརྒྱད་བཏང་སྟེ་བཟའ་བཏུང་དང་། ཞག་སྡོད། རླངས་འཁོར་ཞིག་གསོ། ཚོང་ཟོག་ཉོ་ས་བཅས་གཞི་གཅིག་ཅན་གྱི་དབུལ་སྐྱོར་ཐོན་ལས་རྟེན་གཞི་བཙུགས་ཏེ། ས་ཞིང་དང་ངལ་རྩོལ་པ། ཡུལ་སྐོར་བཅས་ཐོན་ཁུངས་ཀྱི་དགེ་མཚན་སྤྱད་དེ། རྒྱུ་མང་ཅན་གྱི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་སུ་གཏོང་བ་དང་། སྡེ་དམངས་རྣམས“གནས་སྤོར་ཐུབ་པ། གཏན་སྡོད་ཐུབ་པ། ཕྱུག་པོར་སྒྱུར་ཐུབ་པར”བྱ་དགོས་ཟེར།

ཁྱིམ་གཞིས་གསར་པར་གནས་སྤར་བའི་སྡེ་མི་རྣམས་གྲོང་ཁྱེར་གྱི་མི་དང་འདྲ་བར་ཁང་གསར་གྱི་ནང་དུ་སྡོད་ཐུབ་པ་བྱུང་བས། ཁོ་ཚོའི་སེམས་ཀྱི“ཁྱིམ”ཞིག་ཀྱང་ཡོད་པར་གྱུར་པ་རེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།