ཆོད་སེམས་དང་བརྩེ་བས་དག་གཙང་གི་ཞིང་ཁམས་འདིར་སྲུང་སྐྱོབ་བྱས།
2019.02.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 43

ཨ་མདོ་ཉི་མས་ཟོ་སྐྱ་ཞང་ནས་བླངས་པའི་གསའ་ཡི་པར།

མི་ཚང་མས་མཉམ་ཏུ་གཅིག་ཏུ་རླངས་འཁོར་འཕུལ་ནས་འགྲོ་བ་ནི་རྒྱུན་ལྡན་གྱི་བྱ་བ་ཞིག་ཏུ་གྱུར་ཡོད། 

རུ་མི་རྣམས་གངས་རི་དང་རྩྭ་ཐང་བརྒལ་བ། 


དགུན་ཁའི་ཡུལ་ཤུལ་ཡི་མཁའ་དབྱིངས་དྭངས་ཤིང་གསལ་ལ། ཉི་འོད་དང་རྒྱང་རིང་གི་གངས་རིའི་འོད་མདངས་བསྣོལ་མར་འཆར་བ་ན། གནམ་སའི་བར་མཚམས་སུ་འཕྲོས་པའི་འོད་ཀྱི་ཕུང་བོས་ས་གཞི་ཡོངས་ལ་དངུལ་དཀར་གྱི་གོས་བརྒྱན་པ་དང་ཡོངས་སུ་མཚུངས་ཤིང་། རྩྭ་ཐང་ཧྲིལ་བོ་ཀྱང་སྔར་ལས་གསལ་བར་གྱུར།

ཞོགས་ཟས་ཟས་ཚར་རྗེས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཨ་ཆེན་གངས་རྒྱབ་དོ་དམ་ཨུ་ཡོན་ལྷན་ཁང་འབྲི་སྟོད་དོ་དམ་ཁང་ཐོན་ཁུངས་ཁོར་ཡུག་ཁྲིམས་ལག་བསྟར་ཅུའུ་ཁྲིམས་ལག་བསྟར་རུ་ཆེན་གྱི་རུ་དཔོན་ཨ་མདོ་ཉི་མས་ནམ་རྒྱུན་དང་འདྲ་བར་ཉིན་གཅིག་གི་བྱ་བའི་མགོ་བརྩམས་བྱུང་།

ཨ་མདོ་ཉི་མས་ངས་མི་ཚེ་གང་བོར་རྩྭ་ཐང་ལ་འབྲེལ་འདྲིས་བྱས་པ་དང་། འདི་ནི་འབྲོག་པའི་ཁྱིམ་གཞི་ཡིན་པར་མ་ཟད། རི་སྐྱེས་སྲོག་ཆགས་ཀྱི་ཁྱིམ་གཞི་ཡང་ཡིན་པས། ང་ཚོས་མཉམ་དུ་རྩྭ་ཐང་དུ་འཚོ་བ་རོལ་བཞིན་ཡོད་ཟེར།

གཟའ་འཁོར་རེར་ཨ་མདོ་ཉི་མས་རླངས་འཁོར་བསྐོར་ནས་འབྲི་སྟོད་རྫོང་གི་ཞང་དང་སྡེ་བ་སོ་སོར་སོང་ནས་སྐྱེ་ཁམས་ལྟ་བསྐོར་བྱེད་བཞིན་ཡོད་པ་དང་། ཁོ་རང་ནང་སྔ་མོ་ནས་ལམ་ལ་ཆས་ཏེ་དགོང་འཕྱི་སར་བྱས་ནས་ཡུལ་ལ་ལོག་བཞིན་ཡོད་ལ། ཉིན་གཅིག་གི་དུས་ཚོད་དགོས་པ་རེད།

ཨ་མདོ་ཉི་མའི་ཁུག་མའི་ནང་དུ་ཆུ་འཐུང་སྤྱད་དང་། ཆམ་པའི་སྨན། རང་ཉིད་ཀྱིས་གྲ་སྒྲིག་བྱས་པའི་ཁ་ཟས། ད་དུང་བོད་ཡིག་གིས་བྲིས་པའི་ཟིན་ཐོ་སོགས་ཡོད།

ཨ་མདོ་ཉི་མས་བཤད་རྒྱུར། ངའི་ཟིན་བྲིས་འདིའི་སྟེང་དུ་ཉིན་རེར་སྒོ་ཕྱིར་སོང་ནས་ཁྲིམས་ལག་བསྟར་བྱེད་སྐབས་མཐོང་བའི་གནས་ཚུལ་བྲིས་ཡོད། དཔེར་ན། ལམ་འགྲམ་དུ་གད་སྙིགས་ཇེ་མང་དང་ཡང་ན་ཇེ་ཉུང་དུ་སོང་ཡོད་མེད་དང་། རྩྭ་ཐང་གི་སྐྱེ་ཁམས་རྨང་གཞིའི་སྒྲིག་ཆས་བཟང་མིན། སྐྱེ་ཁམས་ཁྲིམས་འགལ་བྱ་སྤྱོད་ཡོད་མེད་སོགས་བྲིས་ཡོད་ཟེར།

ཉིས་སྟོང་བཅུ་དྲུག་ལོར། རང་རྒྱལ་གྱི་ཆེས་ཐོག་མའི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་ཁུལ་དེ་གཙང་གསུམ་འབྱུང་ཡུལ་ནས་དངོས་སུ་མགོ་བརྩམས་པ་དང་། འདིས་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དེ་ས་གནས་རང་བཞིན་གྱི་ལས་དོན་ནས་རིམ་བཞིན་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་ཐོན་པ་མཚོན་ཡོད། ཁྲིམས་ལག་བསྟར་སྡེ་ཁག་གི་གཞུང་ཞབས་མི་སྣ་ཞིག་ཡིན་པའི་ཆ་ནས། ཨ་མདོ་ཉི་མས་ཁོའི་ཕྲག་སྟེང་གི་འགན་ཁུར་སྔར་ལས་ཇེ་ལྕི་རུ་གྱུར་ཟེར། ཨ་མདོ་ཉི་མས་བཤད་རྒྱུར། ང་ཚོ་ནི་ཁྲིམས་ལག་བསྟར་སྡེ་ཁག་གིས་ཡིན་ཡང་། བྱ་བ་མང་པོ་ནི་སློབ་གསོ་གཏོང་རྒྱུ་དེ་ཡིན། ང་ཚོས་མི་རྣམས་ལ་རི་དྭགས་གང་ཞིག་བརྔོན་མི་ཉན་པ་དང་།  སྤང་ཤུན་སློག་མི་ཉན་པའི་རྒྱུ་མཚན་སོགས་བཤད་པ་དང་། བསམ་པའི་གོ་རྟོགས་ཇེ་མཐོར་སོང་ན། ད་གཟོད་མཉམ་འབྲེལ་ཤུགས་ཚད་སྔར་ལས་ཇེ་ཆེར་གཏོང་ཐུབ་ཟེར།

ཨ་མདོ་ཉི་མ་ནི་ཨ་ཆེན་གངས་རྒྱབ་ཀྱི་འབྲོང་རུ་ཁག་གི་རུ་མི་ཞིག་ཡིན་པ་དང་། འཆར་ཀའི་ཉི་ཟེར་དང་འགྲོགས་ནས་ཕྱུགས་ཟོག་གང་སར་རྒྱུགས་བཞིན་པ་མཐོང་ཐུབ་ལ། ཁོས་བཤད་ན་འདི་ནི་ཁོའི་ཉིན་གཅིག་གི་དགའ་སྤྲོའི་དུས་ཤིག་ཡིན་ཟེར།

ཨ་མདོ་ཉི་མས་བཤད་རྒྱུར། སྔོན་ཆད་རྐུན་ཇག་མང་པོ་ཡོང་བ་དང་། ཚོང་བས་ས་སློག་པ། འབྲོག་པས་ཚད་ལས་བརྒལ་ནས་ཕྱུགས་གསོ་བ་སོགས་རྒྱུ་མཚན་གྱིས་རྩྭ་ཐང་ལ་གཏོར་བརླག་ཚབས་ཆེན་ཐེབས་པ་དང་། མཚེའུ་ལའང་བཙོག་སྐྱོན་ཐེབས་པས། ནོར་ལུག་སྔར་ལས་མང་པོར་རྩྭ་ཟ་རྒྱུ་མེད་པ་དང་། ཆུ་འཐུང་རྒྱུ་མེད་པས། སེམས་པ་ཧ་ཅང་སྡུག་ཟེར།

རྒྱལ་ཁབ་སྤྱི་གླིང་བཙུགས་པ་དང་བསྟུན་ནས། ཨ་མདོ་ཉི་མ་དང་ཁོའི་ལས་གྲོགས་ཚོ་རྩྭ་ཐང་དུ་སོང་བ་དང་། སྦྲ་གུར་ནང་བསྡད་དེ། ལྷག་བསམ་རྣམ་དག་གི་སྒོ་ནས་དྲང་བདེན་གྱིས་ཁྲིམས་ལག་བསྟར་བྱས།

ད་ལྟ་འབྲོག་པའི་སེམས་ནང་དུ། སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ཀྱི་རྩ་བ་རྒྱས་ནས་རྩེ་མོ་འབུས་ཡོད། འབྲོག་པས་ཕྱུགས་འཚོ་མཚམས་འཇོག་པའམ་ཕྱུགས་ཟོག་གསོ་བའི་གྲངས་ཀ་ཇེ་ཉུང་དུ་བཏང་བ་དང་། ཁྲིམས་འགལ་བྱ་སྤྱོད་གཏན་འགོག་བྱས་པའི་དུས་མཚུངས་སུ། གླིང་ཁུལ་གྱི་བཟོ་སྐྲུན་འཆར་འགོད་བྱས་ནས། རྩྭ་སའི་སྐྱེ་ཁམས་ལ་སྲུང་སྐྱོབ་ཐོབ།

ཨ་མདོ་ཉི་མས་ངའི་དྲན་འཛིན་གྱི་ཡོལ་བོའི་ངོས་སུ་ལོ་ཞིག་གི་དགུན་ཁར་ཟོ་སྐྱ་ཞང་དུ་བྲེལ་མྱུར་གྱི་ལས་འགན་ཞིག་ཡོད་པ་དང་། ལྭ་བ་མཐུག་པོ་བརྗེ་ཁོམ་ཀྱང་མེད་པར་ང་ཚོ་ལམ་ལ་ཆས། ལམ་ཁ་རུ་ཁ་བ་པུས་མོའི་སར་ཐོན་པ་དང་། རླངས་འཁོར་སྒུལ་བྱེད་ཀྱི་འཕྲུལ་ཆས་ལ་ཆག་སྐྱོན་བྱུང་། རུ་མི་འགས་ཁ་བར་མ་འཛེམ་པར་རླངས་འཁོར་ཞིག་གསོ་བྱས། ཉིན་གཅིག་གི་ལས་འགན་དེ་གཟའ་འཁོར་གཅིག་རིང་ལ་ད་གཟོད་ལེགས་འགྲུབ་བྱུང་ཞེས་བཤད་པ་དང་། ཁོས་མུ་མཐུད་དུ་བཤད་རྒྱུར། དེ་ལ་རྐྱེན་བྱས་ཏེ་རུ་མི་མང་པོ་ཞིག་ཕྱིར་ཡུལ་ལ་ལོག་པ་ན་ནད་བྱུང་ནས་ཉལ་སར་ལྷུང་བ་དང་།  ཐ་ན་རྐང་བ་ཡང་ཕྱིད་པར་གྱུར། ཨ་མདོ་ཉི་མས་རུ་མི་ལ་སྙིང་རྗེ་ནས་མིག་ཆུ་ཡང་ཕྱུངས།

ཨ་མདོ་ཉི་མ་དང་ཁོའི་ལས་གྲོགས་ཚོས་རང་ནུས་ཅི་ལྕོགས་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བསམ་ཕྱོགས་དངོས་སུ་ལག་ལེན་བྱས་ནས། མཉམ་འཛུགས་དང་། མཉམ་སྤྱོད། མཉམ་དུ་མཛེས་སྡུག་ལྡན་པའི་ས་གཞི་འདི་ལ་སྲུང་སྐྱོབ་བྱེད་བཞིན་ཡོད།

རྒྱལ་ཁབ་སྤྱི་གླིང་བཙུགས་པ་དང་བསྟུན་ནས་འཛམ་གླིང་ལ་ཀྲུང་གོའི་སྐྱེ་ཁམས་བསམ་ཕྱོགས་དང་ལྗང་མདོག་སྣང་བརྙན་མངོན་པའི་དུས་མཚུངས་སུ། སྙན་གྲགས་ཀྱང་ཇེ་ཆེར་སོང་བ་དང་། ལོ་རེར་རྐྱེན་སྲོལ་དང་། ཚན་རིག་ཞིབ་འཇུག དོ་དམ་སོགས་ཐད་དུ་ཚད་གཞི་སྔར་ལས་མཐོན་པོ་ཡོད་པ་རེད།

ཨ་མདོ་ཉི་མས་རུ་མི་ཚོ་དང་མཉམ་དུ་དཔེ་དེབ་ལག་ཏུ་ཐོགས་ནས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཀྱི་རིགས་དང་། སྐྱེ་ཁམས་ཀྱི་འགྱུར་བ་དང་སྲུང་སྐྱོབ་སོགས་ཀྱི་རྨང་གཞིའི་ཤེས་བྱར་སློབ་སྦྱོང་བྱས།

ཨ་མདོ་ཉི་མས་ང་ཚོ་མ་འོངས་པར་གླིང་ཁུལ་གྱི་ལྟ་སྲུང་མཁན་བྱེད་དགོས་པར་མ་ཟད། ས་འདིའི་སྐྱེ་ཁམས་ལྟ་ཞིབ་པ་དང་དྲིལ་སྒྲོག་མཁན་ཡང་བྱེད་དགོས་ཟེར།

ཉིན་རྒྱུན་གཞི་རིམ་དུ་ཁྲིམས་ལག་བསྟར་བྱེད་དུ་འགྲོ་དུས། ལམ་བར་དུ་རི་སྐྱེས་སྲོག་ཆགས་རྩྭ་ཐང་དུ་བག་ཡངས་སུ་རྒྱུ་བཞིན་ཡོད་པ་དང་། ཨ་མདོ་ཉི་མས་བཤད་ན་རང་ཉིད་ནི་དེའི་ཁྲོད་ཀྱི་གཅིག་ཡིན་པ་ལྟར་སྣང་ལ། ཁོ་ཚོ་དང་མཉམ་དུ་སྡོད་པའི་སྐབས་ནི་ཆེས་བདེ་སྐྱིད་ལྡན་པ་ཞིག་ཡིན་པར་ཡང་བསམ་ཟེར།

ད་ལྟ། ཨ་མདོ་ཉི་མ་དང་རུ་མི་ཚོས་རང་ཉིད་ཀྱི་སྟོབས་ཤུགས་གླིང་ཁུལ་འདིར་གཅིག་བསྡུས་བྱས་ནས། གོམ་པ་རེ་རེ་བྱས་ཏེ་རི་བོ་དང་ཆུ་བོ་ཐམས་ཅད་དཔང་གིས་འཇལ་བ་དང་། སྐྱེ་ཁམས་ཁོར་ཡུག་འདི་རང་ཉིད་ཀྱི་ཚེ་སྲོག་གི་གྲུབ་ཆ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རེད།

གླེང་མོལ་གྱི་ཁྲོད། ཨ་མདོ་ཉི་མ་ཡང་བསྐྱར་རླངས་འཁོར་ལ་བསྡད་དེ་ལམ་ལ་ཆས་པ་དང་། ཁོའི་བརྟན་བརླིང་གི་མིག་འོད་ཁྲོད་ཁོས་རྩྭ་ཐང་འདི་ལ་དགའ་ཞེན་བྱེད་པ་དང་བརྩེ་བ་ཟབ་མོ་བཅངས་ཡོད་པ་རྟོགས་ཐུབ།

                                                                                                                               ལོ་ཙཱ། ཚེ་རིང་སྒྲོལ་མ།