པདྨ་དབང་ཆེན་གྱིས་གཟན་ཆས་སྐྱེལ་བཞིན་པ།
ཟླ་གསུམ་པའི་ཚེས་ལྔ་ཉིན་གྱི་ཞོགས་པར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་དཔལ་ཁ་གྲོང་རྡལ་གྱི་རྩྭ་ཐང་དངུལ་དཀར་གྱི་ཁ་བས་གཡོགས་འདུག་ལ། བཅར་འདྲི་ཚོགས་ཆུང་གིས་ཁ་བ་རྡོག་པས་རྫི་བཞིན་རི་ཕྱོར་སྡེ་བར་བསྐྱོད།
ང་ཚོ་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་ཐོན་རྗེས། ལུག་ཁྱུ་ཡི་འབའ་སྒྲས་ཁ་བའི་རྗེས་ཀྱི་ལྷིང་འཇགས་དཀྲོག་སོང་། པདྨ་དབང་ཆེན་རྩྭ་ཁང་དུ་ལས་ལ་བྲེལ་བཞིན་ཡོད་ལ། ལྕགས་རའི་ནང་གི་ལུ་གུ་ཉིས་བརྒྱ་ལྔ་བཅུ་ཡིས་གཟན་རྩྭ་སྟེར་བར་རེ་སྒུག་བྱས་འདུག པདྨ་དབང་ཆེན་ནི་རི་ཕྱོར་སྡེ་བའི་ཡིན་ལ། སྤྱི་ལོ་ཉིས་ལྟོང་བཅོ་ལྔ་ལོར་མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དུ་ཞུགས་རྗེས། རང་ཚང་གི་ལུག་ཡོད་ཚད་མཉམ་ལས་ཁང་ནང་དུ་མ་རྐང་དུ་བཞག་སྟེ་གཅིག་གྱུར་གྱིས་དོ་དམ་བྱེད་བཞིན་ཡོད་ལ། དེ་ནས་བཟུང་ཁོ་རང་ཡང་མཉམ་ལས་ཁང་གི་ཁོངས་མིར་གྱུར་ཞིང་ཕྱུགས་རྫིའི་འགན་ཁུར།
མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ནི་སྤྱི་ལོ་ཉིས་སྟོང་བཅོ་ལྔ་ལོར་བཙུགས་པ་ཡིན་ལ་མཉམ་ལས་ཁང་དུ་ཞུགས་པའི་འབྲོག་པ་ཁྱིམ་ཚང་བཞི་བཅུ་དང་མི་བརྒྱ་དང་གྱ་གཅིག་ཡོད་ཅིང་། དབུལ་ཕོངས་ཁྱིམ་ཚང་བརྒྱད་དང་མི་ཉི་ཤུ་རྩ་དྲུག ངལ་རྩལ་པ་མི་བརྒྱད་ཅུ་གྱ་བཞི་བཅས་ཡོད་པ་དང་། མཉམ་ལས་ཁང་གིས་རྩྭ་ས་དང་ཞིང་ས། ནོར་ལུག་བཅས་གཅིག་བསྡུས་བྱས་ཡོད་པར་མ་ཟད།ཐོན་སྐྱེད་རྒྱུ་ཆ་ལྟར། འདེབས་འཛུགས་དང་གསོ་སྤེལ། ལས་སྣོན་ཕྱིར་ཚོང་དང་ཞིང་ལས་འཕྲུལ་ཆས། ངལ་རྩོལ་པ་ཕྱིར་རུ་ཞོར་ལས་སུ་འགྲོ་བ་བཅས་ཚན་ཆུང་ལྔ་རུ་བགོས་ཡོད།
“སྔོནཆད། རང་ཁྱིམ་གྱི་ལུག་དགུ་བཅུ་ལ་ཆེད་དུ་འཚོ་སྐྱོང་བྱེད་མཁན་དགོས་ལ་ལོ་གཅིག་གི་རིང་ཡོང་སྒོའང་ཆེན་པོ་མེད། ད་ལྟ་མཉམ་ལས་ཁང་དུ་ཞུགས་རྗེས། རང་ཁྱིམ་གྱི་ལུག་མ་རྐང་ལྟར་ཡོང་སྒོ་བགོ་བཤའ་བརྒྱབ་པ་མ་ཟད། ང་རང་མཉམ་ལས་ཁང་གི་ཕྱུགས་རྫི་ཡིན་ལ་ལུག་ཉིས་བརྒྱ་ལྔ་བཅུར་འཚོ་བཞིན་ཡོད། ལུག་གཅིག་ལ་ལོ་རེར་འཚོས་གླ་སྒོར་བརྒྱ་སྟེར་བས། ཕྱུགས་རྫིའི་གླ་རྐྱང་བར་ལོ་གཅིག་ལ་སྒོར་ཁྲི་གཉིས་སྟོང་ལྔའི་ཡོང་སྒོ་ཡོད་”ཅེས་པདྨ་དབང་ཆེན་གྱིས་ལུ་གུ་པང་དུ་བཟུང་ནས་གསར་འགོར་པར་དེ་ལྟར་བཤད།
མཉམ་ལས་ཁང་བཙུགས་མ་ཐག་སྡེ་མི་ལྷ་རྡོ་ཡིས་རང་ཁྱིམ་གྱི་ལུག་བརྒྱ་དང་རྩྭ་ས་སྤྱི་ཆིང་སུམ་ཅུ་སོ་བདུན། ཞིང་ས་སྤྱི་ཆིང་ཐིག་དང་གྲངས་ཆུང་དྲུག་ཡོད་པ་ཚང་མ་མཉམ་ལས་ཁང་དུ་བཞག ངལ་རྩོལ་ནུས་ཤུགས་ལ་བཅིངས་གྲོལ་ཐོབ་པས། ལྷ་རྡོ་གསོ་སྤེལ་ཚན་ཆུང་གི་ཚན་གཙོ་རུ་གྱུར་བ་དང་ཆུང་མ་གཡང་སྒྲོན་ཕྱུགས་རྫི་བྱས།
ལྷ་རྡོ་ཚང་གི་ནོག་ལུག་དང་རྩྭ་ས་སོགས་ཀྱིས་མ་རྐང་གི་བརྒྱ་ཆའི་དགུ་ཅུ་གོ་བརྒྱད་ཟིན་པ་དང་། ན་ནིང་ལོ་མཇུག་ཏུ་སྒོར་ཁྲི་གཉིས་དང་སྟོང་བརྒྱད་ཀྱི་ཡོང་སྒོ་ཡོད་ལ། བཟའ་ཟླ་གཉིས་ཀྱི་གསོ་སྤེལ་དོ་དམ་གྱི་གླ་ཕོགས་བསྣན་རྗེས། ན་ནིང་ལོ་གཅིག་གི་རིང་ཡོང་སྒོ་ཁྲི་དྲུག་སྟོང་གསུམ་ཡོད་ཅེས་ལྷ་རྡོ་ཡི་གདོང་ལ་འཛུམ་གྱིས་ཁེངས་ནས་མཉམ་ལས་ཁང་གིས་ཁོ་ཚང་གི་ཡོང་སྒོ་ཇེ་མང་དུ་བཏང་འདུག་ཟེར།
འདེབས་འཛུགས་གསོ་སྤེལ་ལས་རིགས་ལས་གཞན། མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་ད་དུང་ཐོན་རྫས་མང་པོ་གསར་སྤེལ་བྱས་ཡོད་དེ། མཉམ་ལས་ཁང་གིས་འདེབས་འཛུགས་བྱས་པའི་ནས་འཐག་སྟེ། འཁྱེར་བདེའི་རྩམ་པ་ཐོན་སྐྱེད་བྱས་ནས་ཕྱིར་འཚོང་བྱེད་བཞིན་ཡོད་པ་མ་ཟད། ད་དུང་མཉམ་ལས་ཁང་དུ་སྣུམ་བཙག་ཁང་བཙུགས་ཤིང་། འདེབས་འཛུགས་བྱས་པའི་ལོག་དཀར་བཙགས་ནས་ཐད་ཀར་དུ་ཕྱིར་འཚོང་བྱེད་པ་དང་། འདེབས་འཛུགས་བྱས་པའི་ཡུག་པོ་གཟན་རྩྭ་བྱེད་པ་དང་། དེ་དག་མཉམ་ལས་ཁང་གི་ནོར་ལུག་ལ་སྟེར་བ་དང་ལྷན་དུ་ཕྱེད་ཙམ་ཕྱིར་ཚོང་བྱེད་བཞིན་ཡོད་ལ། ལུག་བལ་ཁེ་ལས་གསུམ་ལ་བཅོལ་ནས་ལས་སྣོན་བྱེད་དུ་བཅུག་སྟེ་བལ་གྱི་ཉལ་ཐུལ་བཟོ་བཞིན་ཡོད།
རྩམ་པ་དང་ལོག་དཀར། གཟན་རྩྭ་སོགས་ཐོན་རྫས་ཀྱི་ལས་སྣོན་དང་ཕྱིར་ཚོང་གི་འགན་ཡོད་ཚད་ཕུན་ཚོགས་སོགས་མཉམ་ལས་ཁང་གི་མི་དྲུག་གིས་འགན་འཁུར་ཏེ་ཡོངས་འགྲུབ་བྱེད་བཞིན་ཡོད། “རང་ཉིད་ཀྱི་ཞིང་ས་དང་རྩྭ་ས། ནོར་ལུག་སོགས་མཉམ་ལས་ཁང་དུ་བཞག་རྗེས། མ་རྐང་བརྒྱ་དང་བཞི་ཡོད་ལ། ན་ནིང་ཡོང་སྒོ་སྒོར་ཁྲི་གསུམ་དང་ཕྱིར་ཚོང་གི་གླ་ཕོགས་སྒོར་ཁྲི་གཅིག་ཡོད་པས། ཁྱིམ་གྱི་ངལ་རྩོལ་ནུས་ཤུགས་ལ་བཅིངས་གྲོལ་ཐོབ་མ་ཟད་ཡོང་སྒོ་ཡང་སྔོན་ཆད་དང་བསྡུར་ན་ལྡབ་གཅིག་ལྷག་འཕར་ཡོད”ཅེས་ཕུན་ཚོགས་ཀྱི་རང་ཉིད་ཀྱིས་འགན་འཁུར་བཞིན་པའི་ཕྱིར་བཙོང་ཐོན་རྫས་ལ་བལྟས་ཏེ་མ་འོངས་པར་ཡིད་ཆེས་དང་བཅས་དེ་ལྟར་བཤད།
མིག་སྔར། མཉམ་ལས་ཁང་དུ་ཞུགས་ཡོད་པའི་ཁྱིམ་ཚང་བཞི་བཅུའི་ཁྲོད། ངལ་རྩོལ་ནུས་པ་ཡོད་མཁན་གྱི་མི་བརྒྱད་ཅུ་གྱ་བཞི་ཡི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་དང་། ངལ་རྩོལ་ཕྱིར་རུ་འགྲོ་བའི་རུ་ཁག་དང་འདེབས་འཛུགས་གསོ་སྤེལ། ལས་སྣོན་ཕྱིར་ཚོང་སོགས་མཉམ་ལས་ཁང་གི་སྣེ་ཁྲིད་འོག་མི་ཚང་མར་ལས་ཀ་ཡོད་པ་དང་མི་ཚར་མར་ཡོང་སྒོ་ཡོད་པ། མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པ་མངོན་འགྱུར་བྱས། མཐོ་སྒང་ལོ་ལེགས་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་གིས་སྡེ་མིར་དོན་དངོས་ཀྱི་ཡིད་སེམས་སྐྱིད་པ་དང་བདེ་སྐྱིད་ལྡན་པ། བདེ་འཇགས་ཡོད་པའི་ཚོར་བ་མྱོང་དུ་བཅུག མཉམ་ལས་ཁང་དེར་སྔ་རྗེས་སུ་རྒྱལ་ཡོངས་རྩྭ་སའི་་སྐྱེ་ཁམས་ཕྱུགས་ལས་ཚོད་ལྟ་ས་ཁུལ་གསར་བསྐྲུན་དཔེ་སྟོན་རྟེན་གཞི་དང་། ཞིང་ཆེན་རིམ་པའི་ཚོད་ལྟའི་མཉམ་ལས་ཁང་སོགས་སུ་བདམས་ཐོན་བྱུང་ཡོད།
ང་ཚོ་མཐོ་སྒང་ལོ་ལེགས་ཕྱུགས་ལས་མཉམ་ལས་ཁང་ནས་ཕྱིར་འགྲོ་སྐབས། ས་གཞིའི་སྟེང་གི་ཁ་བ་ད་དུང་ཞུ་མེད་ཀྱང་། དབུར་ཐར་ཕྱུག་འགྱུར་གྱི་བདེ་སྐྱིད་ཀྱི་རྣམ་པ་ཞིག་དཔལ་ཁ་གྲོང་རྡལ་གྱི་རྩྭ་ཐང་ཡོངས་སུ་ཁེངས་འདུག
ལོ་ཙཱ་བ། དངོས་སྦྱོང་སློབ་མ་བསོད་ནམས་རིན་ཆེན།