རྨ་ཆུ་སྔོན་མོ་ལྟེམས་སེ་ལྟེམས།། བདེ་སྐྱིད་སྡེ་བ་བདེ་ཞིང་སྐྱིད།།
2019.03.21 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 75

འཇམ་དབྱངས་བསོད་ནམས་དང་ཁོའི་ཆུང་མ། ད་དུང་བུ་མོ་བཅས་ཀྱིས་གསར་འགོད་པར་བདེ་མོ་འཇོག་བཞིན་པ།

གཅན་ཚ་རྫོང་རིག་གནས་ཁང་གི་འཁྲབ་སྟོན་པས་བདེ་སྐྱིད་སྡེ་བར་འཁྲབ་སྟོན་བྱེད་བཞིན་པ།

རྨ་ཆུ་སྔོན་མོ་རི་རབ་ཀྱི་ཁོང་གསེང་ནས་དལ་བུར་བཞུར་ཏེ་གཞུང་འདིར་སླེབས་རྗེས་སྒྱིད་ལུག་གི་གོམ་འགྲོས་ཡུལ་འདིའི་མཛེས་པ་ལ་འཁྲེང་སྟེ་རེ་ཞིག་ལྷོད་ཀྱིག་གེར་འཁྱིལ་འདུག དཔྱིད་མགོ་མའི་རླུང་བུ་དྲོད་ཀྱིས་ཡུལ་གྲུ་འདིའི་རི་ཀླུང་ཐང་གསུམ་དུ་ཕྱོགས་རིས་མེད་པར་ཡུན་གྱིས་ལྡང་བ་ན། བྱ་བྱིའུ་རྣམས་ཀྱང་སྔོ་ལྟེམས་ལྟེམས་ཀྱི་ཆུ་ངོགས་སུ་རྩེད་འཇོར་རོལ་ཞིང་སྙན་པའི་ཅ་ཅོ་བར་མེད་དུ་སྒྲོག་བཞིན་འདུག

གནས་འདི་ནི་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གི་ཤར་ལྷོའི་མཚམས་སུ་ཆགས་པའི་བདེ་སྐྱིད་སྡེ་བ་སྟེ། ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་གསར་འགོད་པ་སྤོ་དམངས་སྡེ་བར་སླེབས་དུས། གླུ་གཞས་ཀྱི་གདངས་དབྱངས་སྙན་མོ་ཞིག་རྒྱང་ནས་རྣ་ལམ་དུ་ཉེ་བར་ལྷགས་ཡོང་། བདེ་སྐྱིད་སྡེ་བའི་ཁོད་ཡངས་ཤིང་གྲལ་དག་པའི་རུ་བར་གྱི་ལམ་ཆེན་དེ་བརྒྱུད་ནས་ཕྱིན་པ་ན། རྨ་ཆུ་སྔོན་མོའི་འགྲམ་ངོགས་ཏག་ཏག་ཏུ་ཆགས་པའི་ཐང་ཆེན་དུ་རྫོང་རིག་གནས་ཁང་གིས་བཀོད་སྒྲིག་བྱས་པའི་རིག་རྩལ་སྤྲོ་ཚོགས་མགོ་བརྩམས་མ་ཐག་རེད། སྡེ་མི་རྣམས་ཀྱིས་ལུས་ལ་གཟབ་འཕྱོར་སྤྲས་ཤིང་གདོང་ལ་འཛུམ་གྱིས་ཁེངས་བཞིན་ཞབས་བྲོ་དང་དམངས་གླུ། རྡུང་ལེན། མདའ་རྩེད་སོགས་ཕུན་སུམ་ཚོགས་པའི་སྤྲོ་ཚོགས་ཀྱི་ལྟད་མོར་རོལ་འདུག

རྒྱུས་ལོན་བྱས་པ་ལྟར་ན། གྲོང་རྡལ་འཛུགས་སྐྲུན་གྱི་འཕེལ་རྒྱས་ལྟར་གསར་དུ་ཚུགས་པའི་སྡེ་བ་འདིར་ཁྱིམ་ཚང་ཉིས་བརྒྱ་དང་ང་གཅིག་ཡོད་ལ། དེ་དག་ནི་གཅན་ཚ་རྫོང་གི་ཞང་དང་གྲོང་རྡལ་བདུན་གྱི་རི་མ་ས་ཁུལ་དུ་ཆགས་པའི་སྡེ་བ་སུམ་ཅུ་ཡི་དབུལ་ཕོངས་ཁྱིམ་ཚང་གནས་སྤར་ཡོང་བ་དང་། བདེ་སྐྱིད་སྡེ་བར་གནས་མ་སྤར་གོང་། ཁྱིམ་ཚང་དེ་དག་རི་མ་ས་ཁུལ་དུ་ཆགས་པས་འགྲིམ་འགྲུལ་སྟབས་བདེ་མིན་ཞིང་འཚོ་བའི་ཆ་རྐྱེན་ཤིན་ཏུ་ཞན།

འཇམ་དབྱངས་བསོད་ནམས་ནི་སྡེ་བའི་ནང་གི་ཞིང་པའི་སྤྲོ་ཁྱིམ་ཁང་གཉེར་མཁན་ཞིག་ཡིན་པ་དང་། གསར་འགོད་པ་ཁོའི་ཁྱིམ་དུ་སླེབས་དུས་འགྲུལ་ཁང་གི་བོད་ལུགས་ཤིང་ཅོག་སྟེང་གོ་རེ་དང་། སིལ་ཏོག བཏུང་ཆུ་སྣ་ཚོགས་ཀྱི་སྡེར་ཁ་མཐོན་པོར་བསྒྲིགས་འདུག་ཅིང་། གོ་ཁའི་ལྕགས་ཐབ་ནང་མེ་བསྒོངས་ནས་དྲོད་ལམ་ལམ་བྱེད། ཁོ་ནི་མི་འཇོན་ཐང་ཅན་ཞིག་ཡིན་པས་བདེ་སྐྱིད་སྡེ་བར་གནས་སྤར་ནས་ཅུང་མ་འགོར་བར་ཞིང་པའི་སྤྲོ་ཁྱིམ་ཁང་འདི་བདག་གཉེར་བྱས་ཤིང་། སྔོན་གྱི་འུར་སྐྱ་དོར་ཏེ་འཚོ་ཚིས་སྐྱོང་ཐབས་ཀྱི་རྣམ་པ་གསར་པ་འདིར་འཇུས། ཁོས་བོད་ཟས་གཙོ་བྱས་པའི་རྒྱ་ཟས་ཀྱང་འགའ་ཞིག་གཡོས་སྦྱོར་བྱས་ཏེ་ཕྱོགས་བཞིའི་མགྲོན་པོ་བསུ་བར་འབད་བརྩོན་བྱས་པ་རེད། གསར་འགོད་པས་ཁོར“ཁྱོད་ཀྱི་ཚལ་སྣ་ཀུན་ལས་ཆེས་ལེགས་ཤོས་དེ་གང་ཡིན”ཞེས་རྩེད་མཚར་དང་བཅས་དྲིས་པ་ན། ཁོ་དགོད་ཞོར་དུ“སུར་པེན་ཤ་བརྔོས་དང་ཤ་མོ་བརྔོས་མ་ནི་ལག་བྱང་ལ་སོང་བའི་ཚལ་ལེགས་ཤོས་ཡིན”ཟེར།

འཇམ་དབྱངས་བསོད་ནམས་ཀྱི་ཕྱུགས་ཟོག་ཐམས་ཅད་ཁངས་སྐྱོན་ཐེངས་ཤིག་གི་ཁྲོད་དུ་ཚང་མ་ཤི་ཚར་སོང་། དེ་ནི་ཁོ་ལ་མཚོན་ན་སེམས་ཀྱི་བརྡབ་གསིག་ཆེན་པོ་ཞིག་སྟེ་འཚོ་བའི་རྟེན་གཞི་ཡོངས་སུ་འགྱེལ་བ་རེད། ཁོས་དབྱར་རྩྭ་དགུན་འབུའི་ཚོང་ཙག་ཙིག་བརྒྱབ་ཀྱང་དེ་ཡང་ཉམས་མྱོང་མེད་པ་དང་མ་རྩ་འབོར་ཆེན་མེད་པ་སོགས་ཀྱི་དབང་གིས་གཅིག་ཕམ་གཉིས་ཕམ་གྱི་ངང་ནས་མཚམས་འཇོག་དགོས་བྱུང་། རྗེས་སུ་ཁོ་རང་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་པ་ཞིག་ཏུ་གྱུར་ལ། བདེ་སྐྱིད་སྡེ་བར་གནས་སྤར་བ་ནས་འཚོ་བར་འགྱུར་ལྡོག་བྱུང་སྟེ་གྲོང་སྡེ་གནས་སྐོར་ཞབས་ཞུའི་ལམ་ཁར་ཞུགས་ཤིང་། རྨ་འགྲམ་གྱི་མཛེས་ལྗོངས་ལ་བརྟེན་ནས་ཕྱུག་བསྒྱུར་གྱི་ལམ་དུ་གོམ་པ་སྤོ་མགོ་བརྩམས། ད་ལྟ་ཁོའི་ཁྱིམ་དུ་བརྙན་འཕྲིན་འཕྲུལ་ཆས་དང་། འཁྱག་སྒམ། གོས་འཁྲུད་འཕྲུལ་ཆས་སོགས་གྲོང་ཁྱེར་དུ་ཡོད་པའི་ཁྱིམ་ཆས་མ་ལུས་ཚང་ཞིང་། སྒོ་ཁར་ད་དུང་རླངས་འཁོར་གསར་པ་ཞིག་ཀྱང་བཞག་འདུག

སྔོན་ཆད་ཁོའི་བུ་མོ་ཕ་ཡུལ་གྱི་རི་གྲོང་དུ་ཡོད་དུས། ཆར་བབས་པའམ་ཁ་བ་བབས་ཚེ་སློབ་གྲྭར་འགྲོ་དཀའ་མོད། ད་ལྟ་རང་ཁྱིམ་དང་ཉེ་བའི་རྫོང་མཁར་གྱི་སློབ་ཆུང་གཉིས་པའི་ནང་སློབ་གྲྭར་འགྲོ་བཞིན་ཡོད་པས་ཧ་ཅང་སྟབས་བདེ་ཡིན།

བདེ་སྐྱིད་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལྷ་མོ་སྒྲོལ་མས་བཤད་རྒྱུར། ད་ལོའི་ལོ་མགོ་ནས་སྡེ་མི་མང་པོས་ང་ལ་ཞིང་པའི་སྤྲོ་ཁྱིམ་ཁང་དང་སྲེག་ཟས་གཉེར་ས་སྒོ་འབྱེད་པའི་རེ་བ་བཏོན་བྱུང་། འདི་ནི་ན་ནིང་བདེ་སྐྱིད་སྡེ་བར་གནས་སྐོར་དུ་ཡོང་མཁན་མང་བས་སྡེ་མི་རྣམས་ཀྱི་བསམ་བློར་འགྱུར་ལྡོག་ཐེབས་པ་རེད་ཟེར། མོས་མུ་མཐུད་དུ“དེང་གི་སྲིད་ཇུས་ལེགས་པོའི་བཀའ་དྲིན་འོག་མི་ལ་བརྩོན་པ་ཡོད་ན་ཕྱུག་བསྒྱུར་གྱི་ལམ་བུ་ཧ་ཅང་ཡངས”ཟེར།

བདེ་སྐྱིད་སྡེ་བ་ནི་རང་ཞིང་གི་ཡུལ་གཞན་དུ་གནས་སྤར་བའི་དབུལ་སྐྱོར་སྡེ་བ་ཞིག་རེད་ཟེར་བ་ལས། རང་ཞིང་གི་མཁར་གྲོང་ཅན་འཛུགས་སྐྲུན་ཁྲོད་ཀྱི་དཔེ་སྟོན་སྡེ་བ་ཞིག་རེད་ཅེས་སྨྲས་ན་འགྲིག་པ་འདྲ་སྟེ། ཉིས་སྟོང་བརྒྱད་ལོར་བདེ་སྐྱིད་སྡེ་བ“ཀྲུང་གོའི་མཛེས་སྡུག་ལྡན་པའི་ཁམས་གསེང་ཞིང་གྲོང”དུ་བདམས་པ་དང་། རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ལེགས་པོ་དང་སྲིད་གཞུང་གིས་རྒྱབ་སྐྱོར་ཆེན་པོ་གནང་བའི་འོག་ཏུ། རིག་གནས་གནས་སྐོར་དང་དབུལ་སྐྱོར་གནད་འཁེལ། གྲོང་སྡེ་དར་རྒྱས་བཅས་ཀྱི་རྣམ་པ་ལྟར་དུ་དབུལ་ཁྱིམ་མང་པོར་སྣེ་ཁྲིད་བྱས་ཏེ་ཕྱུག་བསྒྱུར་གྱི་ལམ་དུ་གོམ་པ་སྤོ་བཞིན་པའི་སྒང་རེད།

                                                                                                              རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།