རོང་བོ་དགུ་ཆུས་དྭངས་གསལ་དབྱངས་སྙན་དཀྲོལ།
2019.03.27 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 60

དེ་རིང་།  ཁྱོད་རང་དམེ་ཤུལ་ཆུ་བོ་དང་བཙན་མོ་ཆུ་བོ་གཉིས་ཀྱི་འདྲེས་མདོར་བསྐྱོད་པའམ། དགུ་རོང་འགག་ཏུ་བགྲོད་པ། ཡང་ན་རེབ་གོང་ཟམ་ཆེན་སྟེང་འགྲེང་ནས་རྒྱང་ལྟ་བྱེད་པ་སོགས་གང་ཡིན་ཡང་། མདུན་ཕྱོགས་ཀྱི་རྔམ་མཐུག་པའི་རགས་ཁ་ནས་བརྡོལ་བའི་དགུ་ཆུས་ཁྱེད་ལ་དྭངས་གཙང་གི་མཛེས་ཉམས་དང་། སྙན་འཇེབས་ཀྱི་གླུ་སྒྲ གཟི་ཉམས་ཀྱི་གོམ་འགྲོས་སོགས་ངོམ་སྲིད་ལ། དེ་ནི་བློ་སྤོབས་ཀྱིས་ཁེངས་པའི་དྲག་པོའི་དཔུང་སྡེ་ཞིག་དང་ཀུན་ནས་མཚུངས། ལོ་འགའི་སྔོན་ལ། ཆུ་ཤིན་ཏུ་ཉུང་བ་དང་། རྙོག་པ་ཡིན་ལ། ཆུ་རགས་ནང་གད་སྙིགས་ཀྱིས་བཀང་བ་ནི་ཁོའི་སྦ་གསང་མི་ཐུབ་པའི་དོན་དངོས་ཀྱི་གནས་ཚུལ་ཞིག་རེད།

རོང་བོ་དགུ་ཆུ་ནི་རྨ་ཆུའི་རིམ་པ་དང་པོའི་ཡན་ལག་ཆུ་རྒྱུན་ཞིག་ཡིན་པ་དང་།  རོང་བོ་དགུ་ཆུའི་དོན་ནི་ཆུ་ཕྲན་སྣ་དགུ་འདུས་ནས་གྲུབ་པའི་ཆུ་བོ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བཏགས་པ་ཡིན།  དེའི་ཡན་ལག་ཆུ་རྒྱུན་དམེ་ཤུལ་ཆུ་བོ་དང་བཙན་མོ་ཆུ་བོ་ནི་དུས་བཞིར་ལྗང་མདོག་གིས་བཀླུབས་པའི་དམེ་ཤུལ་རི་འདབས་ནས་གཅིག་ཏུ་འདྲེས་ཏེ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་ནང་ཁུལ་གྱི་ཆུ་ཁོག་དང་། རོང་བོ། ཐོ་རྒྱ་སོགས་ཞང་དང་གྲོང་བརྡལ་བརྒྱུད་དེ་མཐར་རོང་བོ་འགག་བརྒལ་ནས་རྨ་ཆུར་བཞུར་བཞིན་ཡོད།

རོང་བོ་དགུ་ཆུ་ནི་ལོ་ངོ་སྟོང་ཕྲག་གི་རིང་ལ་རེབ་གོང་གསེར་མོ་ལྗོངས་གསོ་སྐྱོང་གི་ནུ་ཞོ་ཆུ་བོ་ཡིན་པའི་ཆ་ནས། རོང་བོ་དགུ་ཆུ་བཞུར་ས་རུ་འོད་སྟོང་འཕྲོ་བའི་རྨོ་འདེབས་དཔལ་ཡོན་བསྐྲུན་ཡོད་པ་མ་ཟད། ད་དུང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་མིང་དུ་གྲགས་པའི་རེབ་གོང་རིག་གནས་ཀྱང་གསོ་སྐྱོང་བྱས་ཏེ་མི་རྣམས་ཀྱི་སེམས་གཏིང་དུ་འཐིམས་པར་བྱས་ཡོད།  ཡིན་ནའང་། ས་སྐྱེས་རྡོ་སྐྱེས་ཀྱི་རེབ་གོང་པ་ཚོའི་དྲན་འཛིན་གྱི་ངོས་སུ་རོང་བོ་དགུ་ཆུ་དེ་སྔོན་ཆད་ཀྱི་དུས་སྐབས་ཤིག་གི་ནང་ཕལ་ཆེར་རྙོག་པ་ཡིན་པ་དང་། སྐམ་ལ་ཉེ་བ་རེད།  “ཆུང་དུས་སུ་རོང་བོ་དགུ་ཆུ་ཤིན་ཏུ་རྙོག་པ་ཡིན་ལ། ཆུ་འགྲམ་དུ་གད་སྙིགས་མང་པོ་སྤུངས་ཡོད།  སྐབས་དེར་ངས་ཆུ་དེ་མ་གཞི་ནས་རྙོག་པ་ཡིན་པར་འདོད། ཕྱིས་སུ་རིམ་བཞིན་ནར་སོན་པ་ན་ད་གཟོད་ཆུའི་མགོ་ཁུངས་དྭངས་མོ་ཡིན་པ་ཤེས།” ཞེས་རོང་བོ་དགུ་ཆུའི་དབུས་སྨད་རྒྱུད་ཀྱི་ཐོ་རྒྱ་གྲོང་བརྡལ་ནས་འཚར་ལོངས་བྱུང་བའི་ཐུན་རིན་རྫོང་ཆུ་བེད་ཅུས་ཅུས་ཀྲང་གཞོན་པ་ཞིན་ཧུའུ་ཡི་ཕྱིར་དྲན་བྱས་ནས་དེ་ལྟར་བརྗོད་ལ། ད་དུང་ཁོའི་དྲན་ཚུལ་ཞིག་ལ་སྐབས་དེར་མི་རྣམས་ཀྱིས་དགུ་ཆུ་དྲངས་ནས་ཞིང་ས་དང་སིལ་ཏོག་ར་བའི་ནང་ཆུ་གཏོང་བཞིན་ཡོད་པ་དང་། དུས་མཚུངས་སུ་འཚོ་བའི་གད་སྙིགས་ཀྱང་ཆུའི་ནང་དུ་འཕོ་བ་དང་། ད་དུང་ཁྱིམ་ཚང་ལ་ལ་ཞིག་གིས་གསང་སྤྱོད་ཁང་ཡང་ཆུ་འགྲམ་དུ་ལས་ཡོད་ཟེར།

 “ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པ་དང་། མ་ཡུམ་ཆུ་བོར་སྲུང་སྐྱོབ་བྱེད་རྒྱུར་མི་ཚང་མར་འགན་འཁྲི་ཡོད།”  ཞིན་ཧུའུ་ཡིས་བཤད་རྒྱུར། ལོ་འདི་དག་གི་རིང་ལ་རྒྱུན་མ་ཆད་པར་དག་ཐེར་ལེགས་བཅོས་དང་རྒྱ་ཆེར་དྲིལ་བསྒྲགས་བྱས་པར་བརྟེན། ལོ་བཅུ་ཕྲག་རིང་གི་གནད་དོན་ཆེན་པོ་དེ་རིམ་བཞིན་ཐག་གཅོད་བྱེད་ཐུབ་པ་བྱུང་ལ། ཆུ་ལམ་བཅོས་སྐྱོང་བྱེད་པར་འབྲེལ་བའི་ལས་གཞི་རེ་རེ་ཡང་དངོས་འབེབ་བྱས། ཆུ་དཔོན་ལམ་ལུགས་ལག་བསྟར་བྱེད་པའི་ཁྲོད། རྫོང་ཡོངས་ཀྱི་མི་རྣམས་ཆུ་བོ་བཅོས་སྐྱོང་དང་སྲུང་སྐྱོབ་ཀྱི་ལས་དོན་ལ་ཡིད་རང་བའི་རྣམ་པ་ཞིག་གྲུབ་ཡོད།

ཉིས་སྟོང་བཅུ་བདུན་ལོའི་དགུན་ཁའི་ཉིན་ཞིག་ལ། ཆུ་ཁོག་ཞང་མདོ་བ་སྡེ་བའི་ཆུ་ལམ་གཙང་སྦྲ་བྱེད་མཁན་ཚོས་རུས་རྐང་གཟར་བའི་གྲང་ངར་ལ་མི་འཛེམ་པར་ཆུ་ནང་གི་འགྱིག་ཤོག་གད་སྙིགས་གཙང་སེལ་བྱས།  དཔུང་སྡེ་ནང་གི་སྡེ་བ་རིམ་པའི་ཆུ་དཔོན་གྱིས་སྔར་བཞིན་ཁོང་ཚོའི་རྒྱུན་ལྡན་གྱི་བྱ་བ་རྣམས་ཁ་པར་ལས་རེབ་གོང་ཆུ་དཔོན་ཚོགས་པའི་ནང་གི་ཚོགས་མི་དྲུག་ཅུ་རེ་གཉིས་པོར་བསྐུར།  ཁོ་ཚོས་བལྟས་ན། དེ་ནི་ལས་འགན་ཡིན་པས་འགན་འཁྲི་དེ་གཞན་ལ་བསྐྱུར་ཐབས་མེད་པར་འདོད།  འོན་ཀྱང་ཆེས་སྤྱིར་བཏང་གི་བྱ་བའི་འདྲ་པར་ཞིག་གིས་ཐུན་རིན་རྫོང་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་བྱ་བར་ཞིབ་དཔྱོད་སློབ་སྟོན་བྱེད་བཞིན་པའི་རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཚོགས་ཀྱི་ཚོགས་མིར་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག ཞིབ་དཔྱོད་སློབ་སྟོན་ཚོགས་པའི་ཚོགས་མིས་གནས་དེ་ག་ནས་སྙན་ཚིག་ཅིག་ཀྱང་བརྩམས་ཡོད་པ་ནི་འདི་ལྟ་སྟེ།

མཛེས་པའི་གྲོང་བརྡལ་མཛེས་བའི་མི། ། འབྱོར་འབྲིང་ལམ་དུ་རེབ་གོང་ཆས།།

གྲང་རླུང་རྒོད་པོ་སྐྱི་གཡའ་ཡང་།།     ཆུ་བརྒལ་བཙོག་སེལ་སེམས་འདི་དྲོ།།

དུས་རྟག་ཏུ་ཆུ་མོ་དྭངས་པ་དང་། ཡུལ་ལྗོངས་མཛེས་ཤིང་སྡུག་པ་ནི་ཐུན་རིན་རྫོང་གི་ཆུ་བེད་བྱ་བ་སྒྲུབ་མཁན་རྣམས་ཀྱིས་རོང་བོ་དགུ་ཆུར་བསྩལ་བའི་ཞལ་བཞིན་གསར་བ་རེད།  ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བ་གསུམ་པའི་ཟླ་མཇུག་ལ། ཐུན་རིན་རྫོང་གིས་ཆུ་བོ་གཙང་བསྒྱུར་གྱི་བྱ་འགུལ་སྤེལ་བ་དང་། རྫོང་ཡོངས་ཀྱི་ལས་རིགས་སོ་སོའི་དང་བླངས་པ་མི་སྟོང་གཉིས་དང་དྲུག་བརྒྱ་ཡིས་རོང་བོ་ཆུ་འགྲམ་ནས་གད་སྙིགས་འཐུས་པ་དང་། རྣམ་པ་དེས་རེ་ཞིག་ལ་མི་རྣམས་ཧ་ལས་སུ་འཇུག་སྲིད། ཉིན་དེར་རོང་བོ་ཆུ་འགྲམ་ཐམས་ཅད་མིས་ཁེངས་འདུག   ལོ་མཇུག་དུ། ཐེངས་གཉིས་པར་ཆུ་བོ་གཙང་བསྒྱུར་གྱི་བྱ་འགུལ་གསར་བ་ཞིག་ཡང་བསྐྱར་མགོ་བརྩམས།

ལོ་རབས་དགུ་བཅུ་བར་ཆུ་ལོག་ཆེན་པོའི་གནོད་འཚེ་ཐེངས་འགའ་ཐེབས་པ་ལས་དགུ་ཆུ་བཞུར་ལམ་གྱི་ས་ཆུ་ཤོར་ཚད་ཚབས་ཆེན་ཏུ་གྱུར་བ་དང་། རྐྱེན་དེ་ལ་བརྟེན་ནས་གྲམ་ཁ་ཡང་རྒྱ་བསྐྱེད་དེ་སྐབས་ཤིག་ལ་ཆུ་བོའི་འགྲམ་གཉིས་ཀྱི་སྡེ་བ་དང་ཞིང་སར་གནོད་འཚེའི་ཉེན་ཁ་ཐེབས། དེ་བས་ད་ལྟ་རོང་བོ་དགུ་ཆུར་སྤྱི་ལེ་ཉི་ཤུ་ལྷག་གི་ཞེང་ཚད་ཡོད་པའི་ཆུ་རགས་བརྒྱབ་ཡོད།  ཞིན་ཧུའུ་ཡིས་ཉིས་སྟོང་བཅུ་དྲུག་ལོར་མ་དངུལ་སྒོར་མོ་དུང་ཕྱུར་གཅིག་བཏང་སྟེ། ང་ཚོས་ཆུ་ལམ་བཅོས་སྐྱོང་དང་ཆུའི་སྐྱེ་ཁམས་བཅོས་སྐྱོང་ལས་གཞི་དངོས་འབེབ་བྱས་པ་དང་། དེ་ནི་མ་ཡུམ་ཆུ་བོ་རྟག་ཏུ་དྭངས་གཙང་ཡོང་བ་དང་། ཡུལ་ལྗོངས་མཛེས་སྡུག་ལྡན་པར་བསྒྱུར་བའི་བྱེ་བྲག་གི་བྱེད་ཐབས་ལ་སྲུང་སྐྱོབ་བྱས་པ་ཡིན་ལ། དེ་ནི་ཆུ་བོའི་འགྲམ་གཉིས་ཀྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཐད་འདོན་སྤྲོད་བྱས་པའི་འགན་སྲུང་གལ་ཆེན་ཞིག་ཡིན་ཞེས་བཤད།

ལོ་ཙཱ། དངོས་སྦྱོང་སློབ་མ་ཀརྨ་ཤེས་རབ།

རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།