རྣམ་དག་སེམས་ཀྱིས་འབྲི་ཆུའི་མགོ་ཁུངས་སྲུང་སྐྱོབ་བྱེད།
2019.04.11 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 32

རྟ་ཐོག་གི་བསྐོར་བསྐྱོད་ཉེན་རྟོག་པས་ཏང་གི་སྲིད་ཇུས་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱལ་བཞིན་པ།


མཚོ་ངོས་ལས་མཐོ་ཚད་ལ་མུས་སྟོང་བཞི་དང་ལྔ་བརྒྱ་ཡོད་པའི་མདོ་དབུས་མཐོ་སྒང་གི་དཀྱིལ་དབུས་ས་ཁུལ་ནི་གྲང་ངར་ཆེ་བ་དང་། ནམ་ཟླ་རྩུབ་ལ། མཁའ་དབུགས་ཁྲོད་ཀྱི་དབྱང་དབུགས་ཀྱི་ཚད་དེ་བདེ་ཐང་ཁུལ་གྱི་བརྒྱ་ཆའི་བཞི་བཅུ་ཡས་མས་ལས་མེད་པས། འདི་ནི་སའི་གོ་ལའི་སྟེང་གི་རྒྱུན་ལྡན་གྱི་མིས་མཚོ་ངོས་ལས་ཆེས་མཐོ་བའི་ས་ཁུལ་དུ་འཚོ་བ་རོལ་བའི་མཐར་ཐུག་གི་ཐེག་ནུས་ཡིན་པས། འདི་ལ་ཚེ་སྲོག་གི་བཀག་སྡོམ་ས་ཁུལ་ཀྱང་ཟེར།

ལུས་པོ་ཧ་ཅང་བདེ་ཐང་ཡིན་ཡང་། དུས་ཡུན་རིང་བོར་གནས་འདིར་འཚོ་བ་རོལ་ན་མི་རེ་རེར་མི་བདེ་བའི་སྣང་བ་སྣ་ཚོགས་ཤིག་སྟེར་ལ། དཔེར་ན། སོ་ལྷུང་བ་དང་། སྐྲ་ལྷུང་བ། སེམས་ཁམས་མི་བདེ་བ། ལུས་ཕུང་ཇེ་ཞན་དུ་འགྱུར་བ། ཡིད་འཛིན་མི་བཟང་བ། ཐ་ན་ཁ་ལྕེ་ལྐུགས་པ་སོགས་འབྱུང་བ་དང་། མགོ་ཅུང་ཟད་ན་བ་དང་ཚ་ཅུང་ཟད་བརྒྱབ་ཀྱང་སེམས་ཁུར་ཆེན་པོ་བསྐྱེད་སྲིད།

མཚོ་ངོས་ལས་ཆེས་མཐོ་བའི་ས་ཁུལ་འདིར། ང་ཚོས་གདེང་འཇོག་འདི་ལྟ་བུ་ཞིག་ཐོས་ཐུབ་པ་སྟེ། གནས་འདི་རུ་ལྷིང་འཇགས་ཀྱིས་ཉལ་ནས་བསྡད་དེ། དོན་ཅི་ཡང་མ་སྒྲུབ་ཀྱང་བྱས་རྗེས་བཞག་པ་ཡིན་ཟེར། ཡིན་ཡང་། གུས་པར་འོས་པའི་མི་སྐོར་ཞིག་གནས་འདིར་འཚོ་ཞིང་གཞེས་ཏེ། རང་ཉིད་ཀྱི་ལང་ཚོའི་ཟུངས་ཁྲག་དང་ལྷག་བསམ་རྣམ་པར་དག་པས་ལེ་བར་ཁྲི་ཡི་འབྲི་ཆུའི་རྫོང་དང་པོར་སྲུང་སྐྱོབ་བྱས་ཡོད་ལ། ཁོ་ཚོར་ཐུན་མོང་གི་མིང་ཞིག་ཡོད་པ་ནི་འབྲི་སྟོད་སྤྱི་བདེ་ཞེས་པ་དེ་ཡིན།

མཐོ་ཚད། གནས་འདི་ནས་ས་མགོའི་མཐོ་ཚད་ཁོ་ན་མིན་པར་ལས་གནས་བརྟན་སྲུང་གི་ཚད་ཐིག་ཞིག་དང་། སེམས་པ་དག་མིན་གྱི་ཚད་ཐིག་ཅིག་རེད།

ཀྲུང་གོའི་མཛེས་རྩལ་ཁང་དུ་འདི་ལྟ་བུའི་འདྲ་པར་ཞིག་ཉར་ཚགས་བྱས་ཡོད་པ་སྟེ། ལེ་བར་ཁྲི་ཡི་འབྲི་ཆུའི་རྫོང་དང་པོའི་མཚན་སྙན་ཐོགས་པའི་འབྲི་སྟོད་རྫོང་གི་སྤྱི་བདེ་ཅུའི་ཉེན་རྟོག་པ་རྣམས་རྟ་ལ་ཞོན་ནས་གྲང་རླུང་གདོང་གིས་བསུས་བཞིན་མཐོ་སྒང་དུ་བགྲོད་བཞིན་པ་དང་། གོམ་པ་གཅིག་རེ་ཡང་སྤོ་དཀའ་བའི་ངང་ནས་མདུན་བསྐྱོད་བྱེད་བཞིན་མཆིས། ཡིན་ནའང་། ཁོ་ཚོས་སྔར་བཞིན་མི་དམངས་སེམས་ལ་བཅངས་པ་དང་། རྩ་བ་མང་ཚོགས་ཁྲོད་ཚུགས་པར་བྱས་ཏེ། དངོས་ཡོད་འགུལ་སྐྱོད་ཀྱིས་ཏང་ལ་བློ་དཀར་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། དྲང་བདེན་གྱིས་ཁྲིམས་ལག་བསྟར་བྱེད་པ། སྒྲིག་ཁྲིམས་ནན་མོའི་དམ་བཅའ་ལག་བསྟར་བྱེད་བཞིན་ཡོད་ཅིང་། བློ་དཀར་ཞེས་པའི་ཡིག་འབྲི་དེ་གཉིས་ཁོ་ཚོའི་ཚེ་སྲོག་དང་ཁྲག་རྒྱུན་ཁྲོད་འདྲེས་ཡོད་ཅིང་། པར་འདིའི་མིང་ལ་གངས་ལྗོངས་ཀྱི་སྐར་ལྔའི་དར་དམར་ཞེས་བཏགས་འདུག

འབྲི་སྟོད་རྫོང་གི་སྤྱི་ལེ་གྲུ་བཞི་མ་ཁྲི་བརྒྱད་ལྷག་གི་ས་གཞིའི་སྟེང་། རྫོང་སྤྱི་བདེ་ཅུའུ་ཡི་ཉེན་རྟོག་པ་རེ་རེས་སྤྱི་ལེ་གྲུ་བཞི་མ་བཞི་བརྒྱ་དང་གསུམ་གྱི་སྟེང་གི་བདེ་འཇགས་སྲུང་ཡོད། མཚོ་ངོས་ལས་མཐོ་ཚད་ལ་རྨིད་སྟོང་བཞི་དང་ལྔ་བརྒྱ་ཡོད་པའི་འབྲི་སྟོད་སྤྱི་བདེ་ཅུའུ་རུ་མེས་རྒྱལ་གྱི་ས་ཁུལ་སོ་སོ་ནས་ཡོང་བ་དང་། སྐད་གདངས་མི་གཅིག་པའི་མི་མང་པོ་ཡོད་ལ། འདི་ནི་ཁོ་ཚོའི་མི་འདྲ་ས་རེད། ཁོ་ཚོའི་འདྲ་ས་ནི་ཚང་མའི་ལུས་ལ་ཉེན་རྟོག་པའི་ལྭ་བ་གྱོན་ཡོད་པ་དང་། འབྲི་སྟོད་སྤྱི་བདེ་མི་སྣ་ཞིག་ཡིན་པ་དེ་རེད། ཁོ་ཚོའི་ཁྲོད་ཀྱི་མི་ཚང་མས་མཚོ་ངོས་ལས་མཐོ་བ་དེས་མི་ཞིག་ལ་མཚོན་ན་ཅི་ཞིག་ཡིན་པར་འདང་རྒྱག་གིན་མེད་ཀྱང་སྲིད། ཡིན་ནའང་། འབྲི་སྟོད་སྤྱི་བདེ་ཞེས་ཐུན་མོང་ཚོགས་པ་འདིའི་མི་རེ་རེར་མཚོན་ན་ཅི་ཞིག་ཡིན་པ་ཚོར་ཡོད། གལ་ཏེ་མི་ཞིག་གིས་འབྲི་སྟོད་སྤྱི་བདེ་གདམ་གསེས་བྱས་ཚེ། དེས་བློ་དཀར་བ་དང་། འགན་ཁུར་བ། འགན་འཁྲི་ལྕི་བ་སོགས་གདམ་གསེས་བྱས་པ་དང་མཚུངས་ཤིང་། བློ་དཀར་བ་དང་། འགན་ཁུར། འགན་འཁྲི་འདིའི་རྒྱབ་ལོགས་སུ་ཁྱིམ་ཚང་དང་རྒྱལ་ཁབ་སོགས་ཡོད་པ་དང་། དེ་ནི་ཏང་དང་འབྲོག་པ་མང་ཚོགས་ཀྱི་མངགས་བཅོལ་ལྗིད་མོ་ཞིག་རེད།

རླུང་ཆེ་བ་དང་། དབྱང་དབུགས་དཀོན་པ། ས་མཐོ་བྱུང་བ་སོགས་ཀྱིས་གནས་འདིའི་མི་རེ་རེའི་ལུས་ཕུང་ལ་གཙེས་བཞིན་ཡོད་པ་དང་། ལ་ཐུང་ཐུང་ཞིག་ཏུ་འགོ་ནའང་སྙིང་ཁ་ནང་ནས་ལྷུང་ལ་ཁད་བྱེད་ཅིང་། ངལ་གསོ་ཅུང་ཙམ་མ་བྱས་ན་ངོ་མ་བཟོད་ཐབས་བྲལ་བ་ཞིག་རེད། གནས་འདི་རུ་སྐར་མ་གང་དང་སྐར་ཆ་གང་ལ་ལས་གནས་བརྟན་སྲུང་བྱེད་པ་འདིས་ཀྱང་ཚེ་སྲོག་གི་ཁྱད་མཚར་བདེན་དཔང་བྱེད་བཞིན་ཡོད་ཅེས་བཤད་ཀྱང་རྟོག་བཟོ་ཅི་ཡང་བྱས་མེད་པ་རེད། འདས་ཟིན་པའི་ཉིན་གཅིག་དང་། སྐར་མ་གཅིག སྐར་ཆ་གཅིག་གི་ནང་ལ་ཡང་མིའི་སེམས་ལ་གྲིའི་བསྣུན་པ་དང་མཚུངས་པའི་ཚོར་བ་བཞག་ཡོད་པ་དེ་ནམ་ཡང་བསུབ་ཐབས་མེད། གནས་འདི་རུ་ངོ་མ་དཀའ་མོ་རེད་ཅེས་འབྲི་སྟོད་སྤྱི་བདེའི་ཉམས་ཆུང་ནས་སྟོབས་ལྡན་དུ་གྱུར་བའི་འཕེལ་རྒྱས་བརྒྱུད་རིམ་ཁྲོད། དེ་འདྲའི་སེམས་ཚོར་དང་རྒྱུན་འཁྱོངས་ནི་ཉིན་རྒྱུན་དུ་བྱུང་བཞིན་ཡོད། མཚམས་ལན་རེར་འབྲི་ཆུའི་མགོ་ཁུངས་ཀྱི་ཆེས་ཆེ་བའི་ཡན་ལག་ཆུ་རྒྱུན་ནས་ཆགས་ཆུ་བོའི་འགྲམ་དུ་འགྲེང་ནས་སེམས་པ་རྒྱང་རིང་གི་ཕྱོགས་སུ་ཤོར་སྲིད་ལ། ལན་རེར་སྔོན་ཆད་ཆ་རྒྱུས་ཡོད་པ་འདྲ་བའི་སྤྱི་བདེ་ཉེན་རྟོག་པ་ཞིག་དང་འཕྲད་དུས་ཆེས་སྤྱིར་བཏང་གི་སྐད་ཆ་ཞིག་ཀྱང་སེམས་སུ་ཟུག་འགྲོ་བས། དབྱང་དབུགས་དཀོན་ཡང་སྙིང་སྟོབས་དང་བློ་སྤོབས་ལྡན་དགོས་པའི་ཚོར་བ་ཞིག་སེམས་ཀྱི་ཞིང་ས་རུ་དལ་བུར་མྱུ་གུ་འབུས་བའི་སྣང་བ་སྟེར།

ལེ་བར་ཁྲི་ཡི་རྫོང་དང་པོའི་མཐོ་སྒང་དུ་བྱ་བ་སྒྲུབ་པ་དེ་ནི་རང་གི་ཡོད་ཚད་ཕུལ་བ་ཞིག་རེད། བྱེ་རླུང་གིས་འབྲི་སྟོད་རྫོང་གི་སྤྱི་བདེ་བྱ་བ་སྒྲུབ་མཁན་རྣམས་ཀྱི་ལུས་ཕུང་གཙེས་ཀྱང་། ཁོ་ཚོའི་བློ་དཀར་དང་འབད་བརྩོན་གྱི་བསམ་བློར་འགྱུར་བ་གཏན་ནས་གཏོང་མི་ཐུབ།

ཁོ་ཚོས་ཕུལ་བ་ནི་རང་གི་རྩ་ཆེ་བའི་ལང་ཚོ་ཡིན་པ་མ་ཟད། ད་དུང་དེ་ལས་ཀྱང་རྩ་ཆེ་བ་ཞིག་ནི་ཚེ་སྲོག་གི་བཀག་སྡོམ་ཁུལ་དུ་ངོས་འཛིན་བྱེད་པའི་ས་ཁུལ་དུ་ལྗང་མདོག་ཡོད་པས་བརྩེ་བ་ཆགས་ཡོད་པ་དེ་རེད། གནས་འདི་རུ་འདུ་འཛི་ཆེ་བའི་གྲོང་ཁྱེར་གྱི་རྣམ་པ་མེད་ཀྱང་། མཐའ་མི་མངོན་པའི་རི་ལུང་དང་། མུ་འབྲེལ་བའི་གངས་རི། ལྷང་ལྷུང་གི་གཙང་པོ་སོགས་རང་བྱུང་ཁམས་ཀྱིས་གནས་འདིར་བསྩལ་བའི་བརྗིད་ཆགས་པའི་ཡུལ་ལྗོངས་རེ་རེས་མི་རེ་རེའི་སེམས་པ་འགུལ་དུ་འཇུག་སྲིད།  གནས་འདི་རུ་ནམ་ཟླ་དྲོ་བའི་དུས་ཧ་ཅང་ཐུང་ལ། ལོ་གཅིག་གི་ནང་ཟླ་གསུམ་གྱི་རིང་ལ་ད་གཟོད་ལྗང་མདོག་མཐོང་ཐུབ་ཅིང་། ལྷག་མའི་དུས་ཚོད་ཚང་མ་དགུན་འཁྱག་རིང་མོ་ཡིན་པས། ལྗང་མདོག་མཐོང་མི་ཐུབ་པ་རེད། ཡིན་ནའང་། འབྲི་སྟོད་རྫོང་སྤྱི་བདེ་ཅུའུ་རུ་ང་ཚོས་སྡོང་བོ་རྐང་བཅུ་དང་སྐྱེ་དངོས་སྣ་མང་པོ་འདུས་པའི་མེ་ཏོག་ར་བ་ཆུང་ཆུང་ཞིག་མཐོང་། བསམ་ཡུལ་ལས་འདས་པ་ཞིག་ལ། ལོ་འགའི་སྔོན་ལ་གནས་འདི་རུ་རྩྭ་ཉག་མ་གཅིག་ཀྱང་སྐྱེས་དཀའ་བ་དང་། མིག་གི་མཐོང་ཚད་ཡོད་ཚད་གད་སྙིགས་རེད། དེ་ཡང་ཧ་ལས་དགོས་པ་ཞིག་མིན་པར་འབྲི་སྟོད་རྫོང་དུ་མ་གཞི་ནས་སྡོང་བོ་མཐོང་དཀའ་བ་མ་ཟད། ལྗང་མདོག་ཀྱང་ཤིན་ཏུ་མཐོང་དཀའ་བ་རེད།

ཡིན་ཡང་འབྲི་སྟོད་རྫོང་སྤྱི་བདེ་ཡིས་ཚོད་ལྟ་བྱས་ནས་སྡོང་བོ་འཛུགས་རྒྱུ་ཐག་བཅད་དེ། སྡོང་ཕྲུག་ཉོས་པ་དང་། སེམས་ཞིབ་མོས་གསོ་སྐྱོང་བྱས། ཚང་མར་ཁོམ་པ་ཡོད་དུས་ར་སྐོར་དེའི་ནང་སོང་ནས་སྡོང་ཕྲུག་ལ་གསོ་སྐྱོང་བྱས། འདི་ལྟར་སྡོང་ཕྲུག་བཙུགས་པ་ནས་ཤི་བ་དང་། དེ་ནས་ཡང་བསྐྱར་བཙུགས། དེ་ལྟར་ཡང་དང་བསྐྱར་དུ་བཙུགས་པ་བརྒྱུད་སྡོང་ཕྲུག་རྐང་བཅུ་དང་། མཐོ་སྒང་དུ་སྐྱེས་པར་འཚམ་པའི་མེ་ཏོག་དང་རྩྭ་རིགས་སྐོར་ཞིག་གསོན་ཐུབ་པ་བྱུང་། ལྗང་མདོག་དེ་ཡོད་པས། འབྲི་སྟོད་རྫོང་སྤྱི་བདེ་ཅུའུ་རྫོང་ཡོངས་ཀྱི་སྡོང་བོ་སྐྱེས་ས་གཅིག་པུར་གྱུར། གནས་འདིའི་ལྗང་མདོག་གི་ཡུལ་གྲུ་ཆུང་ཆུང་འདིས་ཀྱང་ཕྱིའི་རྣམ་པར་འགྱུར་བ་བཏང་།

ཚེ་སྲོག་གི་བཀག་སྡོམ་ས་ཁུལ་བརྟན་སྲུང་བྱེད་པའི་བརྩེ་བ་དེ་ནི་བབ་ཆགས་ཡིན་ཡང་། དེ་ནི་གངས་རི་ལྟར་དཀར་ཞིང་། ས་གཞི་ལྟར་སེར་ལ། ལྟོས་ཚོད་ལ་དཔངས་མཐོ་བ་ཞིག་རེད། ཡིན་ཡང་། དེ་ནི་ཡངས་ཤིང་རྒྱ་ཆེ་བ་སྟེ། མཐོ་སྒང་གི་གཤིན་ས་རྒྱ་ཆེན་པོ་དང་བརྗིད་ཉམས་ཀྱིས་ཁེངས་པ་ཞིག་དང་ཀུན་ནས་མཚུངས།

ལི་ཙི་བེ་ནི་ན་ཚོད་དར་ལ་བབས་པའི་སྐབས་ནས་སྐྲ་འདབས་དཀར་པོར་གྱུར་བའི་བར་དུ་འབྲི་སྟོད་སྤྱི་བདེ་ནས་བྱ་བ་སྒྲུབ་པའི་ཧི་ནན་ཞིང་ཆེན་གྱི་མི་ཞིག་ཡིན་པ་དང་། ལོ་ངོ་ཉེར་དགུའི་རིང་གི་སྤྱི་བདེ་ཅུའུ་ཡི་ལྟ་རྟོག་ཁང་གི་འཚོ་བ་དེ་ཁོས་སྐད་ཆ་ཚིག་གཉིས་ཀྱི་ནང་བསྡུས་ན་བརྩེ་བ་ཞེས་པའི་ཡིག་འབྲུ་གཉིས་ཀྱིས་མ་གཏོགས་མཚོན་ཐབས་བྲལ་བ་རེད།

ལྟ་རྟོག་ཁང་དུ་བྱ་བ་གཉེར་བའི་ལོ་ངོ་སུམ་ཅུའི་རིང་ལ་བདེ་འཇགས་ཀྱི་དོན་རྐྱེན་ཅི་ཡང་བྱུང་མ་མྱོང་བ་དང་། ལོ་ངོ་ཉེར་དགུའི་རིང་ཕ་ཡུལ་ལ་ལོ་སར་དུ་ཐེངས་གསུམ་མ་གཏོགས་སོང་མ་མྱོང་ཞིང་། ད་ལོའི་མཐོ་རྒྱུགས་སྐབས་སུའང་། བྱིས་པས་སྔར་བཞིན་རང་གི་ཨ་ཕར་རྒྱུས་མེད་ཀྱི་སྣང་བ་སྟེར་ལ། འདི་ལ་ལྟོས་ནའང་ང་ཚོས་འབྲི་སྟོད་སྤྱི་བདེ་ཅུའུ་ཡི་མི་དམངས་ཉེན་རྟོག་པས“ལྟ་རྟོག་ཁང་དེ་རང་ཁྱིམ”ལྟ་བུ་བྱས་འདུག་པའི་གནས་ཚུལ་མཐོང་ཐུབ། ལི་ཙི་བེ་དང་གླེང་མོལ་བྱེད་སྐབས། ཁོས་ཐེངས་མང་པོར་ལྟ་རྟོག་ཁང་གི་ཕྱོགས་སུ་ལྟོས་བྱུང་། གསར་འགོད་པའི་དྲི་བ་དང་ཁོས་ལན་བཏབ་པ་གཉིས་གཅིག་མཚུངས་མིན་པའི་སྐབས་སུ། གསར་འགོད་པས་ཀྱང་བརྩེ་བ་དེར་སྤྱི་བསྡོམས་གནད་དུ་ཐིངས་པ་ཞིག་བྱེད་མི་ཐུབ་ལ། དེ་ལྟར་སྤྱི་བསྡོམས་ཀྱང་བྱེད་མི་དགོས་འདོད། རྒྱུ་མཚན་ནི་འབྲི་སྟོད་སྤྱི་བདེ་ཅུའུ་ཞེས་ཐུན་མོང་ཚོགས་པ་འདིའི་ནང་གི་མི་རེ་རེ་སྔོན་ཆད་ཤ་དར་ཁྲག་དར་གྱི་ལང་ཚོ་རྫོགས་པའི་དུས་སྐབས་བརྒྱུད་མྱོང་བ་དང་། ནངས་སྔ་ལངས་དང་། དགོང་འཕྱི་ཉལ་བྱས་པ་དང་། ཁ་ཆར་བུ་ཡུག་གྲོགས་སུ་བརྟེན་མྱོང་། དེ་ནི་ཁོ་ཚོས་བབ་ཆགས་ཀྱི་ཉེན་རྟོག་པའི་ལྭ་བ་གྱོན་ཡོད་པས། ཁོ་ཚོའི་མཛེས་ཉམས་དེ་ལེ་བར་ཁྲི་ཡི་འབྲི་ཆུའི་རྫོང་དང་པོའི་ས་གཞིའི་མཁའ་དབྱིངས་སུ་ནམ་ཡང་བསྐྱོད་བཞིན་འདུག

ཁོ་ཚོར་ཐོབ་པ་ནི་ཚེ་སྲོག་གི་བཀག་སྡོམ་ས་ཁུལ་བརྟན་སྲུང་བྱེད་པའི་བློ་སྤོབས་ཁོ་ན་མ་ཡིན་པར་ད་དུང་དྲང་བདེན་དང་དྲོད་ཁོལ་དེ་བརྩེ་བས་ཕྱུག་པའི་ས་གཞི་འདིའི་སྟེང་གཏོར་རྒྱུ་དེ་རེད།

མི་ཞིག་གི་སེམས་ཤུགས་ལ་ངར་སློང་མཁན་དང་རྒྱབ་སྐྱོར་བྱེད་མཁན་མེད་ན། འབད་བརྩོན་བྱས་ནས་དམིགས་ཡུལ་ལ་སླེབས་སུ་འཇུག་ཐབས་མེད་པ་རེད། དེ་བཞིན་དུ་ཐུན་མོང་ཚོགས་པ་ཞིག་ལ། བསམ་བློའི་སྟོབས་ཤུགས་དང་སྟོབས་ཤུགས་དེའི་རྒྱུན་མཐུད་མེད་ན། ཛ་དྲག་གི་འགྲན་རྩོད་ཁྲོད་རྒྱལ་ཁ་ཐོབ་ནས་ལས་རིགས་གཅིག་པའི་བྱ་བའི་ཁྲོད་འབུར་དུ་ཐོན་དཀའ་བ་རེད།

ད་ལོ་ལོ་ན་སུམ་ཅུར་སླེབས་པའི་རྡོ་རྗེ་བཀྲ་ཤིས་ནི་འབྲི་སྟོད་རྫོང་སྤྱི་བདེ་ཅུའུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཡིན་པ་དང་། ཁོ་རང་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན་རྗེས། མ་གཞི་འཚོ་བའི་ཆ་རྐྱེན་ཤིན་ཏུ་བཟང་ས་ཞིག་ཏུ་བྱ་བ་སྒྲུབ་ཆོག་ཡང་ཕྱིར་རང་གི་ཕ་ཡུལ་འབྲི་སྟོད་རྫོང་དུ་ལོག་པ་དང་། གསར་འགོད་པའི་བཅར་འདྲི་བྱེད་རག་བར་དུ། འབྲི་སྟོད་རྫོང་ཐོག་ཏུ་ཡོད་པའི་ཕ་མ་གཉིས་ཀྱིས་ཕལ་ཆེར་ཟླ་བ་གཉིས་ཙམ་གྱི་རིང་ལ་རྡོ་རྗེ་བཀྲ་ཤིས་དང་ངོ་འཕྲད་ཐུབ་མེད་པ་རེད།

རྡོ་རྗེ་བཀྲ་ཤིས་ཀྱིས་ཁོ་རང་ཁོ་ན་མིན་པར་ཚང་མ་རང་གི་ཁྱིམ་མི་དང་འཕྲད་དཀའ་བ་རེད། ཉིན་རྒྱུན་ལས་ཚོགས་གྲོལ་ནས་ཁྱིམ་དུ་ལོག་དུས་ནམ་སྨད་ཡིན་པ་དང་། ཁྱིམ་མི་ཚང་མ་སྔ་མོ་ནས་གཉིད་ཟིན། ཞོགས་པར་ལས་ཚོགས་ལ་འགྲོ་དུས་ཁྱིམ་མི་ཚང་མ་ད་དུང་གཉིད་ལས་སད་མེད་ཀྱང་སེམས་པ་ཧ་ཅང་བདེ། ཨ་ཕས་ད་དུང་ང་ལ་ན་ཚོད་དར་ལ་བབས་པའི་སྐབས་སུ་རང་ཉིད་ཀྱིས་བསྒྲུབ་འདོད་པའི་དོན་དག་མང་པོ་ཞིག་སྒྲུབས་རོགས། རྒས་ན་གོ་སྐབས་མེད་ཅེས་བསླབ་བྱ་གནང་མྱོང་ཟེར།

ཞོ་ཧོང་ནི་འབྲི་སྟོད་རྫོང་སྟོད་ཚེ་ཞང་མངགས་གཏོང་ཁང་གི་འགོ་བ་ཡིན་པ་དང་། ཉེན་རྟོག་པ་བྱས་པའི་ལོ་ངོ་ཉི་ཤུའི་རིང་ལ། རྟ་ཐོག་གི་བསྐོར་བསྐྱོད་ཉེན་རྟོག་པ་བྱས་མྱོང་བ་དང་། རང་ཉིད་དང་ས་གཞི་འདི་གཉིས་བར་གྱི་བརྩེ་བ་དེ་དམ་པོར་སྦྲེལ་ཡོད་པ་རེད། བྱ་བ་ཇེ་མང་དུ་སོང་བ་དང་བསྟུན་ནས་སྤྱི་བདེ་ཉེན་རྟོག་པའི་སྣང་བརྙན་ཡང་ཇེ་མཐོར་སོང་ལ། འབྲོག་པ་མང་ཚོགས་ཀྱི་ཁས་ལེན་ཀྱང་ཇེ་མཐོར་སོང་སྟེ། འབྲི་སྟོད་རྫོང་ཡོངས་ཀྱི་སྤྱི་བདེ་བྱ་བ་སྒྲུབ་མཁན་རྣམས་ཀྱི་བློ་སྤོབས་ཀྱང་ཇེ་མཐོར་སོང་། རྟ་ལ་ཞོན་ནས་བསྐོར་བསྐྱོད་དྲིལ་སྒྲོག་བྱེད་དུ་འགྲོ་ཐེངས་རེར། ཞོ་ཧུང་གིས་སེམས་ཐག་ཆོད་པའི་སྒོ་ནས་རྟ་ལ་ཞོན་མི་ཤེས་ན་ཞང་སྡེའི་ཉེན་རྟོག་པ་བཟང་པོ་ཞིག་གཏན་ནས་མིན་ཞེས་བཤད།

འཇམ་དཔལ་ཕུན་ཚོགས་ནི་ཉེན་རྟོག་པར་མཐུན་སྦྱོར་བྱེད་མཁན་ཞིག་ཡིན་པ་དང་། མཐོ་སྒང་གི་སྨུག་ཕྱིའི་འོད་ཀྱིས་ཁོ་ཚོའི་ལྭ་བའི་མདོག་ཡང་སྐྱ་བོར་བཏང་ཡོད། ཉིས་སྟོང་བཅུ་དྲུག་ལོར་རང་སྟེང་ནས་ཁོར་ཡུག་སྲུང་སྐྱོབ་དང་བླངས་རུ་ཁག་ཅིག་རྩ་འཛུགས་བྱས་པ་དང་། བྱ་བའི་བརྩོན་སེམས་ཇེ་ཆེར་འཕེལ་བ་དེས་འཇམ་དཔལ་ཕུན་ཚོགས་ཀྱིས་ཀྱང་ཆུ་མོ་དྭངས་ཤིང་རི་བོ་ལྗང་བ་ནི་གསེར་རི་དངུལ་རི་ཡིན་པའི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་སྔར་ལས་ལག་བསྟར་བྱེད་འདོད་པ་ཞིག་བཟོས། འཇམ་དཔལ་ཕུན་ཚོགས་ཀྱིས་གནས་འདི་ནི་རྒྱལ་ཁབ་སྤྱི་གླིང་ཡིན་པ་དང་། ང་ཚོ་སྤྱི་བདེ་ཅུའུ་ཡི་བྱ་བ་སྒྲུབ་མཁན་ཚང་མ་ནི་རྒྱལ་ཁབ་སྤྱི་གླིང་གི་གནས་ཐིག་ཅིག་ཡིན། གནས་འདི་ནས་ང་ཚོས་མི་དམངས་སྤྱི་བདེ་ཡི་གཟི་བརྗིད་ཚོར་ཐུབ་ལ། རྒྱལ་ཁབ་སྤྱི་གླིང་གི་འགན་འཁྲི་བརྟན་སྲུང་བྱེད་བཞིན་པ་ཡང་ཚོར་ཐུབ་ཟེར།

ས་མགོ་མཐོ་བ་དང་། དཔུང་སྡེའི་སྤུས་ཚད་མཐོ་བ། བྱ་བ་བསྒྲུབ་རྒྱུ་མང་བ། བདེ་འཇགས་ཉེན་ཁ་ཆེ་བ། བསམ་བློའི་སྤུས་ཚད་མཐོ་བའི་འབྲི་སྟོད་རྫོང་གི་ཚེ་སྲོག་བཀག་སྡོམ་ཁུལ་དུ་ལས་གནས་བརྟན་སྲུང་བྱེད་བཞིན་པའི་སྤྱི་བདེ་ཉེན་རྟོག་པ་སུ་ཞིག་ལ་བཅར་འདྲི་བྱས་ཀྱང་། རྒྱུན་ལྡན་གྱི་མིས་བསྲན་དཀའ་བའི་སྙིང་སྟོབས་ཀྱིས་བསྐྲུན་པའི་བསམ་བློས་ཁོ་ཚོའི་ལང་ལོང་འཕྱུར་བའི་སེམས་ཀྱི་དྲོད་ཚད་ཚོར་ཐུབ་ལ། ཁོ་ཚོའི་དཔངས་མཐོ་བའི་བསམ་བློར་དེ་བས་ཀྱང་བསྟོད་བསྔགས་བྱེད་འོས།

ལོ་ཟླ་ནི་ཆུ་བོའི་རྒྱུན་བཞིན་མདུན་དུ་བསྐྱོད་ཡང་། སྙིང་སྟོབས་དེར་ནམ་ཡང་ཉམས་པ་མེད།

དུས་ཡུན་རིང་བོའི་ནང་། སྤྱི་བདེ་མི་དམངས་ཉེན་རྟོག་པ་སྐོར་དང་སྐོར་བྱས་ནས་གནས་འདི་དང་ཁ་བྲལ་བ་དང་། ཡང་མི་དམངས་ཉེན་རྟོག་པ་གསར་བ་མང་པོ་གནས་འདིར་ཡོང་མོད། དུས་ནམ་ཡང་འགྱུར་བ་མེད་པ་ནི་ཁོ་ཚོས་གནས་འདིར་ལས་གནས་བརྟན་སྲུང་བྱས་ཡོད་པ་དེ་རེད། གནས་འདི་རུ་སྙིང་སྟོབས་ཤིག་ཡོད་པ་ནི་ཉེན་རྟོག་པའི་ལྭ་བ་གྱོན་པའི་ཉིན་དེ་ནས་བཟུང་འགན་འཁྲི་ཞིག་ཕྲག་ཏུ་ལེན་དགོས་ལ། ལས་འགན་དེ་རང་གི་ཁྲག་རྒྱུན་ཁྲོད་འདྲེས་པར་བྱེད་དགོས་པ་དང་། ཡོད་ཚད་འབུལ་བ་དང་བྱས་རྗེས་འཇོག་པའི་བློ་སྤོབས་ཡོད་དགོས།

གནས་འདི་རུ་དམ་ཚིག་ཅིག་ཡོད་པར་ང་ཚོས་འདི་ལྟར་འགྲེལ་བཤད་བྱས་ཀྱང་ཆོག་སྟེ། དེ་ནི་ང་རང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་དམངས་ཉེན་རྟོག་པ་ཞིག་བྱེད་འདོད་པ་དང་། རང་གི་ཡོད་ཚད་རླབས་ཆེན་གྱི་མི་དམངས་སྤྱི་བདེ་ལས་དོན་ལ་ཕུལ་ནས། སྤྱི་ཚོགས་ཀྱི་ཆེ་ཕྱོགས་བརྟན་འཇགས་ལ་སྲུང་སྐྱོབ་དང་། སྤྱི་ཚོགས་རིང་ལུགས་ཀྱི་འདྲ་མཉམ་དྲང་བཞག་ལ་ཡར་སྐུལ་བྱེད་པ། མི་དམངས་བདེ་སྡོད་ལས་བརྩོན་ལ་འགན་སྲུང་བྱེད་པའི་ཆེད་དུ་མུ་མཐུད་དུ་འབད་བརྩོན་བྱེད་རྒྱུ་ཞེས་པ་དེ་ཡིན།

                                                                                                        ལོ་ཙཱ། ཚེ་རིང་སྒྲོལ་མ།