སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་དང་གཞི་རིམ་གྱི་ཁུར་བོ་ཇེ་ཡང་། བྱ་བའི་ལས་ཆོད་མཐོར་འདེགས་བཏང་།
2019.04.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 22

 ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས《བྱེད་ཐབས་བཅུ》གཏན་ལ་ཕབ་ཅིང་དངོས་སུ་བཏོན།

ཉེ་ཆར། ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས《སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་དང་གཞི་རིམ་གྱི་ཁུར་བོ་ཇེ་ཡང་། བྱ་བའི་ལས་ཆོད་མཐོར་འདེགས་གཏོང་བའི་སྐོར་གྱི་བྱེད་ཐབས་བཅུ》གཏན་ལ་ཕབ་ཅིང་དངོས་སུ་བཏོན་པར་མ་ཟད།ས་གནས་སོ་སོ་དང་སྡེ་ཁག་སོ་སོར་བརྡ་སྦྱོར་བཏང་ནས་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་བླང་བྱ་བཏོན།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པར་དུས་རབས་གསར་པར་ཐེག་ཁུར་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས་པའི་སྐུལ་མ་གཏོང་བ། གཞི་རིམ་གྱི་ཁུར་བོ་སྔར་ལས་ཇེ་ཡང་དུ་གཏོང་བ་བཅས་ཀྱི་ཆེད་དུ། ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་གིས་དཔར་འགྲེམ་བྱས་པའི《རྒྱ་ཆེའི་ལས་བྱེད་པར་དུས་རབས་གསར་པར་ཐེག་ཁུར་གསར་པ་དང་བྱས་རྗེས་གསར་པ་ཡོད་དགོས་པར་སྐུལ་མ་གཏོང་བའི་སྐོར་གྱི་བསམ་འཆར》དང《ཕྱི་ཚུལ་རིང་ལུགས་ཀྱི་འབུར་ཐོན་གནད་དོན་ཐག་བཅད་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་དགོས་པའི་སྐོར་གྱི་བརྡ་སྦྱོར》ལྟར། ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིང་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིང་གིས་ཆེད་དུ《བྱེད་ཐབས་བཅུ》གཏན་ལ་ཕབ་སྟེ་བཏོན།

བྱེད་ཐབས་བཅུ་བོ་ནི། གཅིག་ནི་དོན་འཁྱོལ་དམ་འཛིན་བྱེད་པའི་ཆབ་སྲིད་འགན་འཁྲི་ཇེ་དྲག་ཏུ་བཏང་ནས།བྱ་བའི་སྤྱོད་ཚུལ་ནན་མོ་མིན་པ་དང་དམ་པོ་མིན་པའི་གནད་དོན་ཤུགས་ཆེན་པོས་ཐག་གཅོད་རྒྱུ་དང་། གཉིས་ནི་སྲིད་ཇུས་དོན་འཁྱོལ་བྱེད་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་བཏང་ནས།སྲིད་ཇུས་དངོས་འབེབས་བྱེད་པ་དང་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་རྒྱུ། གསུམ་ནི་གཞུང་དོན་གྲོས་མོལ་དང་མཐུན་སྦྱོར་བྱེད་པའི་ལས་ཁུངས་ཚད་ལྡན་དུ་བཏང་ནས།གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་ནང་རྐྱེན་འཐུས་ཚང་དུ་གཏོང་རྒྱུ། བཞི་ནི་གྲོས་ཚོགས་དང་བྱ་འགུལ་སྣ་ཚོགས་སྙིང་བསྡུས་བྱས་ནས།གྲོས་ཚོགས་དང་བྱ་འགུལ་གྱི་སྤུས་ཀ་ཁག་ཐེག་བྱེད་རྒྱུ། ལྔ་ནི་ཡིག་ཆ་བཟོ་འགོད་དང་འགྲེམ་སྤེལ་བྱེད་པའི་ཚད་གཞི་གཟབ་ནན་བྱས་ནས།ནུས་ལྡན་གྱི་འགན་ནུས་ལག་བསྟར་མ་ལག་འཛུགས་རྒྱུ། དྲུག་ནི་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ལ་ཚོད་འཛིན་ནན་མོ་བྱས་ནས།གཞི་རིམ་གྱི་ཁུར་བོ་དངོས་གནས་ཇེ་ཡང་དུ་གཏོང་རྒྱུ། བདུན་ནི་བརྟག་དཔྱད་ཞིབ་འཇུག་གི་བྱ་བ་ལེགས་བཅོས་བྱས་ནས།གནད་དོན་ཐག་གཅོད་པའི་བྱེད་ཐབས་དངོས་འབེབས་བྱེད་རྒྱུ། བརྒྱད་ནི་མགོ་ཁུངས་ནས་དོ་དམ་དང་ཚོད་འཛིན་བྱེད་པར་ཤུགས་བསྣན་ནས།རེའུ་མིག་འགོད་པའི་རྙོག་འཛིང་སྣང་ཚུལ་དག་ཐེར་བྱེད་རྒྱུ། དགུ་ནི་ཁག་ཁུར་ནུས་པར་སྐུལ་སློང་བྱས་ནས།ཆབ་སྲིད་སྐྱེ་ཁམས་བཟང་པོ་ཞིག་བསྐྲུན་རྒྱུ། བཅུ་ནི་སྒྲིག་ལམ་སྔོན་དུ་བཞག་ནས།དོན་འཁྱོལ་མི་བྱེད་པའི་མི་དང་དོན་དག་རྩད་ཞིབ་ནན་མོ་བྱེད་རྒྱུ་བཅས་ཡིན།

《བརྡ་ཐོའི》ནང་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྟེང་ད་ལོ་ནི“སྲིད་ཇུས་དོན་འཁྱོལ་གྱི་ལོ”ཡིན་པ་གཏན་ཁེལ་བྱས་པ་དང་། ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱི་སྟེང་ད་ལོ་ནི“གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ལོ”ཡིན་པ་གཏན་ཁེལ་བྱས་ཡོད། དེའི་དམིགས་ཡུལ་ནི་དོན་འཁྱོལ་ཡོང་བར་དམ་འཛིན་ནན་མོ་བྱེད་པའི་བྱ་འགུལ་ཡུན་རིང་ཅན་དང་རྒྱུན་ལྡན་ཅན་དུ་འགྱུར་བར་རྒྱུན་མཐུད་སྒོས་སྐུལ་འདེད་བྱེད་པ་དང་། སྔར་བས་སྤྱོད་སྟངས་བསྒྱུར་བ་དང་དོན་འཁྱོལ་དམ་འཛིན། ལས་ཆོད་མཐོར་འདེགས་བྱེད་དགོས་རྒྱུ་དེ་རེད། 《བྱེད་ཐབས་བཅུ》གཏན་ཁེལ་བྱས་པ་ནི་ཕྱི་ཚུལ་རིང་ལུགས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་ཆོད་བཀོད་སྒྲིག་སྣ་ཚོགས་དོན་འཁྱོལ་མཐར་ཕྱིན་ཡོང་བ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པར་དུས་རབས་གསར་པར་ཐེག་ཁུར་གསར་པ་དང་བྱས་རྗེས་གསར་པ་ཡོད་པར་སྐུལ་འདེད་གཏོང་བ། གཞི་རིམ་གྱི་ཁུར་བོ་སྔར་ལས་ཇེ་ཡང་དུ་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།

《བརྡ་སྦྱོར》ནང་བླང་བྱ་བཏོན་དོན། ས་གནས་སོ་སོ་དང་སྡེ་ཚན་སོ་སོས《བྱེད་ཐབས་བཅུ》ལ་སློབ་སྦྱོང་ནན་ཏན་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྲིད་ཇུས་དོན་འཁྱོལ་བྱེད་པར་སྐུལ་འདེད་དང་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བ། བྱ་བའི་ལས་ཆོད་མཐོར་འདེགས་སུ་གཏོང་བའི་བྱ་བའི་བྱེད་ཐབས་ཀྱི་བླང་བྱ་ཡང་དག་པས་ཁོང་དུ་ཆུད་པར་བྱས་ནས། བསམ་བློའི་རང་རྟོགས་དང་བྱ་སྤྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་བ་དང་། མཐོང་ཆེན་ཚད་མཐོན་པོ་བྱས་ནས་མགོ་ཁྲིད་ལ་དངོས་གནས་ཤུགས་སྣོན་དང་རྩ་འཛུགས་ཁག་ཐེག་ཇེ་དྲག་ཏུ་གཏོང་བ། བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་བ་བཅས་ཀྱིས།《བྱེད་ཐབས་བཅུ》དོན་འཁྱོལ་ཡོང་བ་དང་དངོས་ཕན་ཐོབ་པར་ཁག་ཐེག་བྱེད་དགོས། ལག་ལེན་མཐར་ཕྱིན་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་དང་། འགན་འཁྲི་རྩད་ཞིབ་ནན་མོ་བྱས་ནས། གཏན་འཁེལ་སྣ་ཚོགས་ཇི་མ་ཇི་བཞིན་དུ་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས། 

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།