རྒན་གསོ་ཁང་ནི་རྒན་པ་རྣམས་ཀྱི་ཚེ་མཇུག་གི་གཡང་ཁྱིམ་དྲོན་མོ་དེ་ཡིན།
2019.04.15 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 27

རྩེ་ཆུ་སྔོན་མོའི་འགྲམ་ངོགས་སུ་ཆགས་པའི་རྩེ་ཁོག་རྫོང་རྒན་གསོ་ཁང་གི་སྒོ་ཐེམ་དུ་འགྲེངས་ནས་བལྟས་ན། ང་ཚོའི་མིག་ལམ་དུ་མཐོང་ཡོང་བ་ནི་ལུས་ལྭ་བོད་ལ་གྱོན་པའི་རྒད་པོ་རྒན་མོ་རྣམས་ཀྱི་གདོང་ལ་སྐྱིད་པའི་འཛུམ་མདངས་མངོན་པ་དང་། མིག་ཟུང་ལས་བབ་ཆགས་པའི་འཚོ་བའི་སྣང་བརྙན་མངོན་པ་དེ་རེད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་རྒན་གསོ་ཁང་ནི2007ལོར་རྫོང་དམངས་སྲིད་ཅུའུ་ཡིས་མ་དངུལ་སྒོར་ས་ཡ་གཅིག་དང་འབུམ་གསུམ་ཁྲི་བདུན་བཏང་ནས་འཛུགས་སྐྲུན་བྱས་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་སྟོང་གཅིག་ལྔ་བརྒྱ་རེ་ལྔ་ལྷག་ཡོད་པའི་རྨང་གཞིའི་སྟེང་། 2012ལོར་རྫོང་མི་དམངས་སྲིད་གཞུང་གིས་ཡང་བསྐྱར་མ་དངུལ་འབོར་ཆེན་བཏང་ནས་བསྐྱར་སྐྲུན་བྱས་ཏེ། ད་ལྟ་ཕྱོགས་བཞི་ཁ་སྤྲོད་ལྟར་ཆགས་པའི་ཐོག་བརྩེགས་གསུམ་ཅན་གྱི་ཐོག་ཁང་ཞིག་རེད། དེའི་ནང་དུ་མལ་ཁྲི་བརྒྱ་དང་སོ་བཞི་དང་། བརྙན་འཕྲིན་སྒྲིག་ཆས། ལུས་རྩལ་སྒྲིག་ཆས། སྨན་བཅོས་སྒྲིག་ཆས་སོགས་འཛོམས་ལ་གཞི་ཁྱོན་ཆེས་ཆེ་བའི་རྒན་གསོ་ཁང་ཞིག་རེད།

རྒན་པོ་གནམ་ལྷས་ཕྱིར་དྲན་བྱས་ཏེ་བཤད་རྒྱུར། མི་ལོ་ལྔ་བཅུའི་སྔོན་ལ་རྒན་གསོ་ཁང་གི་རྒན་རྒོན་ཚོ་ཡང་ཕ་འཛོམས་མ་འཛོམས་ཀྱི་ལས་ལ་བརྩོན་པར་དགའ་བའི་དར་མ་དག་དག་ཡིན་མོད། དུས་བཞིའི་ཁ་ཆར་བུ་ཡུག་དང་ལྷག་པར་དཔྱིད་ཉིན་རིང་མོའི་དཀའ་སྡུག་གི་ལོ་ཟླར་མིག་ཞག་འཕངས་ཚེ། ང་ཚོའི་བཅར་འདྲིའི་གླེང་མཚམས་ཆད་ནས་ཁ་བརྡ་མེད་པར་རེ་ཞིག་གྲགས་མེད་དུ་གྱུར།

ད་ལོར་ལོ་གོ་བརྒྱད་ལ་བསླེབས་པའི་བགྲེས་པོ་གནམ་ལྷ་ནི་ཕ་ཡུལ་རྩེ་ཆུ་གྲོང་རྡལ་ནས་ཡིན་ལ། ལོ་ངོ་བཅུ་གཉིས་སྔོན་ལ་ཁོ་རང་ཁེར་ཧྲེང་དུ་ལུས་པས་སྐྱིད་ན་སྐྱིད་གཏམ་བཤད་ས་མེད་ལ། སྡུག་དུས་སྡུག་གཏམ་གླེང་ས་མེད་པའི་དབུལ་པོ་ཞིག་ཏུ་གྱུར། ད་ལྟ་རྒན་གསོ་ཁང་ནི་ཁོ་ལ་མཚོན་ན་མི་ཚེ་འདིའི་ཚེ་མཇུག་གི་གཡང་ཁྱིམ་དྲོན་མོ་དེ་རེད། རྒྱུ་མཚན་ནི་ཁོ་རང་རྒན་གསོ་ཁང་དུ་གནས་སྤར་ཐུབ་པ་དང་འདི་འདྲའི་འཚོ་བ་སྐྱིད་པོ་ཞིག་རོལ་ཐུབ་པ་ཡིད་ལའང་དྲན་མ་མྱོང་།

རྒན་པོ་གནམ་ལྷ་དང་མཉམ་དུ་ལོ་དེར་རྒན་གསོ་ཁང་ལ་གནས་སྤར་ཡོང་བའི་རྒན་པོ་འོད་སྲུང་ནི་ད་ལྟ་ལོ་གྱ་གཉིས་ལ་བསླེབས་ཡོད། གོས་བཟང་པོ་དབྱར་གསུམ་ཆར་གྱིས་བརླན་པ་དང་། མི་བཟང་པོ་ལོ་གསུམ་ནད་ཀྱིས་གཟིར་པའི་དཔེ་བཞིན། རྐང་ལག་མི་བདེ་བའི་ཁར་མིག་ལ་མི་འདོད་པའི་ནད་ཀྱིས་གཙེས་ནས་མིག་གཅིག་ལོང་བར་གྱུར། དེ་དུས་ཁོའི་རྒྱུ་ནོར་ནི་ལུས་སྟེང་གི་གོན་པ་ལས། གཞན་ལག་ཏུ་བཟུང་ནས་འཁྱེར་ཡོང་ཆོག་པ་ནི། ཁ་ཤོར་གྱུར་བའི་དཀར་ཡོལ་འབྲུག་མ་ཞིག་རེད། ཐབས་ཟད་འུ་ཐུག་གི་སྐབས་སུ་ཧོར་ཞང་མི་དམངས་སྲིད་གཞུང་གིས་བདམས་བསྐོ་ལྟར་རྒན་གསོ་ཁང་དུ་ཡོང་།

བགྲེས་པོ་ཚོའི་འཚོ་བར་རོགས་རམ་དང་། འགྲོ་འདུག་སྤྱོད་གསུམ་ལ་གཟིགས་སྐྱོང་གནང་རྒྱུ་ནི་ཏང་གི་སྲིད་ཇུས་ཡིན། དེའི་ཕྱིར། བགྲེས་པོ་འོད་སྲུང་གི་མིག་ལོང་བར་གྱུར་བའི་གནད་དོན་ཐག་གཅོད་རྒྱུ་དེ་རྒན་གསོ་ཁང་གི་ལས་བྱེད་མི་སྣས་འོས་འགན་ཞིག་ཏུ་བརྩིས་ནས། ཁོ་རང་ཡོང་བའི་ལོ་ངོ་གཉིས་ཀྱི་རྗེས་སུ་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྨན་ཁང་དུ་སོང་ནས་གཤགས་བཅོས་བྱས་པ་རེད།

ལྟོ་གོས་ལ་སེམས་ཁྲལ་མེད་ཀྱང་། ཚེ་མཇུག མིག་གིས་འཇིག་རྟེན་གྱི་བྱ་དངོས་ཐམས་ཅད་མ་ལུས་པར་མཐོང་འདོད་པ་ནི། བགྲེས་པོ་འོད་སྲུང་འདུས་པའི་རྒན་གསོ་ཁང་གི་བདག་མེད་རྒན་པ་སོ་དྲུག་གི་རེ་འདུན་ཡིན་ལ། ཁོ་ཚོ་དང་མཉམ་དུ་གླེང་མོལ་བྱས་པའི་གོ་རིམ་ལས་ངང་གིས་རྟོགས་ཡོང་།

ད་ལྟ་བགྲེས་པོ་འོད་སྲུང་གི་མིག་གིས་མཐོང་ཐུབ་པར་མ་ཟད། ཁོ་ལ་དགའ་ཕྱོགས་ཤིག་ཡོད་པ་ནི་སྒྲ་སྡུད་འཕྲུལ་ཆས་ལ་ཉན་རྒྱུར་ཧ་ཅང་དགའ། སྒྲ་སྡུད་འཕྲུལ་ཆས་ནང་གི་གླིང་སྒྲུང་དང་དམངས་གླུ། རྣམ་ཐར་སོགས་ལ་ཉན་ནས་བློ་ངོར་ཆུད་རྗེས། རྒན་གསོ་ཁང་གི་གཟའ་རེའི་གཟའ་ཕུར་བུའི་ཉིན་སྤེལ་བཞིན་པའི་རིག་རྩལ་བྱ་འགུལ་སྟེང་། རྣམ་ཐར་དང་དམངས་གླུ་བླངས་ནས་ལས་བྱེད་མི་སྣ་ཚོར་བཀའ་དྲིན་གྱི་ཚུལ་དུ་འབུལ་བཞིན་ཡོད། གཟའ་འཁོར་རེའི་བྱ་འགུལ་ནི་སྲོལ་རྒྱུན་དུས་ཆེན་ལས་གཞན་བགྲེས་པོ་ཚོར་ཆེད་དུ་ཕུལ་བའི་སྐྱིད་ཀྱི་གཞི་མ་དང་གཡང་གི་རུ་མའི་བཀྲ་ཤིས་སྨོན་འདུན་ཅི་ལ་མིན།

རྒན་པོ་གནམ་ལྷས་རང་ལ་རྒྱུན་པར་བདག་སྐྱོང་གནང་མཁན་གྱི་ལས་མི་ཉི་མ་སྐྱིད་ཀྱི་ལག་པར་དམ་པོར་འཇུས་ནས་བཤད་རྒྱུར། གནས་འདིར་ཡོང་བ་ནས་བཟུང་། ཁོ་མོས་ནངས་མོར་བགྲེས་པོ་ང་ལ་ཁ་ལག་བཀྲུ་བ་དང་། ཉིན་གུང་རྐང་པ་བཀྲུ་བ། དུས་བཅད་ལྟར་མལ་གདན་དང་། ལྭ་བ་གཙང་བཀྲུ་བྱེད་བཞིན་ཡོད་པས། མོ་ནི་ངས་ནམ་ཡང་རང་གི་བུ་མོ་ཞིག་གི་ཚབ་ཏུ་བརྩིས་ཡོད་ཟེར་བཞིན་མིག་མཐའ་མཆི་མ་འཁོར་ཡོང་།

ཉེ་བའི་ལོ་འགའི་རིང་ནས་བཟུང་། རྒན་གསོ་ཁང་གིས“མི་ཉིད་གཞི་རྩར་བཟུང་ནས་བྱམས་ཀྱིས་རྒན་བཀུར་དང་། སྤྱི་ཚོགས་ལ་དྲིན་གཟོ་བྱེད་པ”རྩ་བའི་བླང་བྱར་བརྩིས་ཏེ། “བརྩེ་བ་ཡོད་པ། དགའ་ཞེན་ཡོད་པ། བཟོད་བསྲན་ཡོད་པ། ཞིབ་ཚགས་ཡོད་པ། འགན་འཁྲི་ཡོད་པའི”ཞབས་ཞུའི་འདུ་ཤེས་ལེགས་པོ་ཞིག་གིས་བགྲེས་པོ་ཚོར་བདག་སྐྱོང་གནང་གིན་ཡོད། ཁོ་ཚོའི་འཚོ་བ་དང་ལུས་ཕུང་བདེ་ཐང་གི་གནས་ཚུལ་ལྟར། ཆེད་དུ་ནད་ཆུང་བའི་རིགས་ལ་སྨན་བཅོས་བྱེད་ཤེས་པའི་ནད་སྐྱོང་པ་དང་། བདག་སྐྱོང་མཁན་བཅུ་ལྷག་གདན་ཞུ་བྱས་ནས། རྒྱུན་པར་ལུས་ཕུང་བརྟག་དཔྱད་བྱེད་པ་དང་། བགྲེས་པོ་ཚོའི་འདོད་པ་ལྟར་ཤ་དང་། མར། འོ་མ་སོགས་བོད་ཟས་གཙོ་བྱས་པའི་ཟ་མ་གཡོས་སྦྱོར་བྱེད་བཞིན་ཡོད།

རྒན་གསོ་ཁང་གི་ཇ་ཁང་གི་སྒེའུ་ཁུང་འགྲམ་དུ་སྦྱར་ཡོད་པའི་ཤོག་བྱང་སྟེང་། ཉིན་གཅིག་གི་ཟས་ཐུན་གསུམ་སྟེ། ཞོགས་པར་མར་དང་རྩམ་པ། འོ་མ། ཉིན་གུང་ཤ་འབྲས་དང་ཞོ་འབྲས། བརྔོས་ཚལ། ཕྱི་དྲོར་ཤ་དང་ཁུ་བ། ཕྱེ་ཐུག་བཅས་བྲིས་ཡོད་པ་ལས་ཁོ་ཚོའི་འཚོ་བ་ཕུན་སུམ་ཚོགས་པ་ཤེས་ཐུབ།

རྒན་པར་བཀུར་བསྟི་དང་རྒན་པར་གཅེས་སྐྱོང་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་བཟང་པོ་དང་། རྒན་པར་གཅེས་པ་དང་རྒན་པར་རོགས་རམ་གནང་རྒྱུ་ནི་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན།

རྒན་གསོ་ཁང་གི་ཀྲུའུ་རེན་སྒྲོལ་མ་འབུམ་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། བགྲེས་པོ་ཚོ་རྒན་གསོ་ཁང་དུ་ཡོང་བའི་ཉིན་དང་པོ་ནས་བཟུང་། ཁོ་ཚོའི་ཟ་མ་དང་། ལུས་ཕུང་གི་གཙང་སྦྲ། མལ་ཁང་གི་གཙང་སྦྲ་བཅས་ལ་ང་ཚོས་འགན་ཁུར་གྱིན་ཡོད་པར་མ་ཟད། ད་དུང་ཉིན་བཅུའི་ནང་ཁོ་ཚོའི་ལྭ་བ་བཀྲུ་བ་དང་། སྐྲ་བཞར་བ་སོགས་འཚོ་བ་དང་འབྲེལ་བའི་ལས་ཀའི་འགན་གཅིག་ལྕོགས་སུ་འཁུར་ཡོད། དེ་མིན་དུས་བཞིའི་ཚ་དྲོད་ལྟར་ལྭ་བ་བཀོད་སྒྲིག་བྱེད་པ་དང་། ལོ་རེའི་དུས་ཆེན་སྟེང་གྱོན་ཆོག་པའི་བོད་ལྭ་ཆ་ཚང་རེ་བཟོས་ཡོད། ཏང་གི་སྲིད་ཇུས་བཟང་པོའི་འོག རྒན་གསོ་ཁང་གི་ལས་བྱེད་མི་སྣས་བགྲེས་པོ་ཚོའི་བདེ་སྡུག་ལ་སེམས་ཁུར་དང་། འཚོ་བའི་ཐད་ཞབས་ཞུ་ལེགས་པོ་བསྒྲུབ་རྒྱུ་དེ་ཁོ་ཚོའི་འོས་འགན་ཡིན། སེམས་པ་རྣམ་དག་དང་ཞབས་ཞུ་བཟང་པོ་བསྒྲུབས་པས། བགྲེས་པོ་ཚོས་རྒན་གསོ་ཁང་གི་ལས་བྱེད་མི་སྣ་དག་རང་གི་བུ་དང་བུ་མོར་བརྩི་བ་དང་། རྒན་གསོ་ཁང་གི་ལས་བྱེད་མི་སྣས་བགྲེས་པོ་དག་རང་གི་ནང་མི་ལྟར་བདག་སྐྱོང་བྱེད་བཞིན་ཡོད།

སྲོད་ཁའི་ཉི་འོད་འོག བགྲེས་པོ་འོད་སྲུང་གི་སྒྲ་སྡུད་འཕྲུལ་ཆས་ལས་གྲགས་ཡོང་བའི་གླུ་སྐད་སྙན་མོའི་ཁྲོད། ཁོ་ཚོའི་གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་འདུག

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།