ཧྲང་ཧའེ་གནམ་གྲུའི་ཇུས་འགོད་ཞིབ་འཇུག་སའོ་ཡི་སྔོན་ཆད་ཀྱི་འགོ་གཙོ་བུའུ་ཞིན་ཧྲི་ཡིས་དམངས་སྤྱོད་གནམ་གྲུའི་ཐོན་ལས་གྱི་འཕེལ་རྒྱས་བདེན་དཔང་བྱས།
2019.04.23 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 20

ཧྲང་ཧའེ་གནམ་གྲུའི་ཇུས་འགོད་ཞིབ་འཇུག་སའོ་ཡི་སྔོན་ཆད་ཀྱི་འགོ་གཙོ་བུའུ་ཞིན་ཧྲི། 


ཀྲུང་གོ་ཧྲང་ཧྥེ་ཀུང་ཟི་ཕུའུ་ཏུང་སྒྲིག་ཆས་སྤྱིའི་རྟེན་གཞིའི་ཐང་ཆེན་དུ། “ཡོན་ཧྲི་རྟགས་ཅན”གྱི་སྔོན་ཆད་ཀྱི་གནམ་གྲུའི་བཟོ་དབྱིབས་ཤིག་བཞག་ཡོད། གནམ་གྲུའི་ནང་བྱུགས་པའི་རྩི་སོགས་ལྷུང་ཡོད་པ་དང་། འདུག་སྟེགས་རྙིང་བ་ཡིན་ལ། ལྕགས་རྩི་བྱུགས་ཡོད་པའི་འགྲུལ་སྐྱེལ་གནམ་གྲུ་ཆེན་པོ་དེས་ཀྲུང་གོའི་དམངས་སྤྱོད་གནམ་གྲུའི་ལས་བྱེད་མི་སྣས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་དཀའ་སྡུག་གི་ལོ་རྒྱུས་ཟིན་ཐོར་བཀོད་ཡོད།

“ཡོན་ཧྲི་རྟགས་ཅན”ནསARJ21དང་། དེ་ནས C919རྟགས་ཅན་བར་དུ། བུའུ་ཞིན་ཧྲི་ཡིས་རང་རྒྱལ་གྱི་དམངས་སྤྱོད་གནམ་གྲུ་ཆེན་པོའི་ཐོན་ལས་ཀྱི་འཕེལ་རྒྱས་ཆེན་པོ་གསུམ་ལ་བདེན་དཔང་བྱེད་ཐུབ། “ཡོན་ཧྲི་རྟགས་ཅན”གྱི་གནམ་གྲུ་བཞག་ཡོད་ས་དང་ཐག་མི་རིང་བའི་སར་དངུལ་མདོག་གི་འཇིམ་བརྐོས་ཞིག་ཀྲོང་ངེར་འགྱིང་ཡོད་པ་དང་། དེའི་སྟེང་དུ“ནམ་ཡང་མི་འདོར”ཞེས་ཡིག་འབྲུ་ཆེན་པོ་བཞི་བྲིས་ཡོད་ལ། ཧྲང་ཧའེ་གནམ་གྲུའི་ཇུས་འགོད་ཞིབ་འཇུག་སའོ་ཡི་སྔོན་ཆད་ཀྱི་འགོ་གཙོ་བུའུ་ཞིན་ཧྲི་ཡིས་སེམས་འགུལ་ཐེབས་པའི་ངང་ནས་འདི་ནི་དམངས་སྤྱོད་གནམ་གྲུའི་མི་རབས་འགའི་བསམ་བློའི་བརྟེན་ས་ཡིན་ཟེར། ༡༩༧༢ལོར། བུའུ་ཞིན་ཧྲི“ཡོན་ཧྲི་རྟགས་ཅན”གྱི་གནམ་གྲུ་ལས་པའི་ལས་གཞིའི་སྒྲིག་བཟོའི་རུ་ཁག་ནང་ཞུགས། སྐབས་དེར། ཚང་མ་སློབ་མཚམས་བཞག་པའི་སློབ་གྲྭ་ཞིག་གི་ནང་བསྡད་ཡོད་པ་དང་། ཅོག་ཙེ་མེད་པ་དང་མལ་ཁྲི་ཉིས་བརྩེགས་ཅན་ཡང་མེད་ལ། བྱ་བ་སྒྲུབ་ས་ནི་བཟོ་གྲྭའི་ཟ་ཁང་གི་ཟ་མ་ཟ་ས་རིང་བོ་ཞིག་ཡོད་པ་དེའི་སྟེང་ཡིན་པ་དང་། ཆེས་སྔོན་ཐོན་གྱི་ཇུས་འགོད་ལག་ཆ་ནི་མི་མང་པོས་མཉམ་དུ་བཀོལ་སྤྱོད་བྱེད་པའི་ལག་སྒུལ་རྩིས་འཁོར་འགའ་ཡོད་པ་དེ་རེད།

གནམ་གྲུ་ཁ་ལོ་བསྒྱུར་སའི་སྟེང་དུ་ལེགས་སྒྲིག་བྱེད་ས་ཞིག་ཡོད་ཞེས་བུའུ་ཞིན་ཧྲི་ཡིས་ཕྱིར་དྲན་བྱས་ནས་བཤད་རྒྱུར། དངོས་པོ་འདི་ལ་སྐྱོན་ཆ་ཞིག་ཡོད་དེ། དེ་ནི་གནམ་གྲུའི་མྱུར་ཚད་དེ་ཚད་ངེས་ཅན་ཞིག་ལ་ཐོན་སྐབས། གལ་ཏེ་ཇུས་འགོད་བྱས་པ་མ་བཟང་ན། ཉེན་ཁའི་རང་བཞིན་ལྡན་པའི་འདར་འགུལ་བྱེད་སྲིད་པ་དང་། དུས་དེར། ང་ཚོའི་ལས་འགན་ནི་འདར་འགུལ་མེད་པར་གཏོང་རྒྱུ་དེ་ཡིན་ཟེར།

“ཡོན་ཧྲི་རྟགས་ཅན”གྱི་གནམ་གྲུ་དེ་ཀྲུང་ཧྭའི་མཁའ་མཐའ་བརྒལ་ཏེ་རྒྱང་བསྐྱོད་བྱེད་ཆེད། བུའུ་ཞིན་ཧྲི་དང་ཁོའི་ལས་གྲོགས་ཚོས་སྔོན་ཐོན་གྱི་གནམ་གྲུར་འཚམ་པའི་ཚད་གཞི་དང་གཞི་ཁྱོན་མ་དཔེར་བཟུང་སྟེ། ཚད་གཞི་གསར་བ་དང་། རྒྱུ་ཆ་གསར་བ། བཟོ་རྩལ་གསར་བ་མང་པོ་བཀོལ། སྙིང་སྟོབས་ཆེར་བསྐྱེད་ཀྱིས་ལེགས་སྒྲིག་དུམ་བུ་དགུ་བཀོལ་སྤྱོད་བྱས་ཏེ། དབུགས་སྒུལ་གྱིས་ངོས་གཙོ་བོ་བདུན་ལ་རམ་འདེགས་བྱས་ཏེ། ཏུན་བརྒྱ་དང་བཅུ་ཡོད་པའི་གནམ་གྲུ་ཆེན་པོ་དེར་གནམ་གྲུ་ཁ་ལོ་བས་ཁ་ལོ་བསྒྱུར་ཐུབ་པ་བྱུང་།

༡༩༨༠ལོའི་ཟླ་དགུ་བའི་ཚེས་ཉེར་དྲུག་ཉིན། “ཡོན་ཧྲི་རྟགས་ཅན”གྱི་གནམ་གྲུ་དེ་ཐེངས་དང་པོར་བདེ་བླག་གིས་ནམ་མཁར་འཕུར་ཐུབ་པ་བྱུང་བ་དང་། “ཡོན་ཧྲི་རྟགས་ཅན”གྱི་གནམ་གྲུ་སྒྲིག་བཟོ་ལེགས་འགྲུབ་བྱུང་བ་དེས་རང་རྒྱལ་གྱི་མཁའ་བསྐྱོད་བཟོ་ལས་དེ་ཀུན་གྱིས་ཁས་ལེན་ཐོབ་པའི་གནད་འགག་གི་ལག་རྩལ་ཆེན་པོ་བཅུས་ཚབ་བྱེད་ཐུབ་མཁན་མེད་པ་ལས་བརྒལ་བ་མངོན་འགྱུར་བྱས་ཏེ། རྗེས་ཕྱོགས་ཀྱི་འཕེལ་རྒྱས་ཐད་ལ་རྨང་གཞི་གལ་ཆེན་བཏིངས།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་དགུ་ཉིན། ARJ21རྟགས་ཅན་གྱི་གནམ་གྲུ་བརྒྱ་དང་དྲུག་ཧྲང་ཧེ་གནམ་གྲུ་ཐང་ཆེན་མོ་ནས་ནམ་མཁར་འཕུར། དུས་སྐབས་དེ་དྲན་དུས་བུའུ་ཞིན་ཧྲི་སེམས་འགུལ་ཆེན་མོ་ཐེབས་ཏེ། ༢༠༡༣ལོར། ཉིན་མཚན་སྟོང་ལྔའི་རིང་ལ། ལས་གཞི་མགོ་བརྩམས་པ་དང་། གནམ་གྲུ་ཐོག་མར་འཕུར་བ། གནམ་གྲུ་ཚོད་ལྟ་བྱས་ནས་འཕུར་བ། དཔང་ཡིག་ལེན་པ། སྒོར་མོ་སྤྲོད་པ་སོགས་དུས་སྐབས་མང་པོ་ཞིག་བརྒྱུད་མྱོང་བ་དེར་ཕྱིར་དྲན་བྱེད་རིན་ཡོད་ཟེར།

ཆེས་ཐོག་མའིARJ21རྟགས་ཅན་གྱི་གནམ་གྲུའི་སྤྱིའི་ཇུས་འགོད་པ་ཡིན་པའི་ཆ་ནས། བུའུ་ཞིན་ཧྲི་དང་ལས་གྲོགས་ཚོས་ས་དོང་ནང་ཉིན་མཚན་དབྱར་མེད་དུ་གནམ་གྲུར་ཚོད་ལྟ་བྱས། ཁོས་སྣེ་ཁྲིད་པའི་གནམ་གྲུའི་ལག་རྩལ་སྲ་མཁྲེགས་ཡིན་པ་དང་། གཞི་གྲངས་བརྩི་བ་དང་ས་དོང་ནང་ཚོད་ལྟ་བྱེད་པ་གཉིས་ཟུང་འབྲེལ་བྱས་ཏེ། རྒྱབ་བརྟེན་བྱེད་ཆོག་པའི་དབྱེ་ཞིབ་དང་Tདབྱིབས་ཅན་གྱི་གནམ་གྲུའི་གཤོག་པའི་འདར་འགུལ་གྱི་སྒྲ་ཕྱིར་གཏོང་བའི་དཀའ་གནད་དེ་ཐག་གཅོད་བྱས།

ཉིས་སྟོང་བཅུ་བདུན་ལོའི་ཟླ་ལྔ་བའི་ཚེས་ལྔ་ཉིན། C919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེན་མོ་བདེ་བླག་གིས་ནམ་མཁར་འཕུར་ཐུབ་པ་བྱུང་། གཟི་བརྗིད་ཀྱིས་གཏམས་པའི་དུས་སྐབས་དེ་བདེན་དཔང་བྱེད་སྐབས་བུའུ་ཞིན་ཧྲི་རེ་བས་ཁེངས་བཞིན། རྒྱལ་སྤྱིའི་སྔོན་ཐོན་གྱི་ལག་ལེན་དང་སྦྲེལ་མཐུད་བྱས་ཏེ་ཀྲུང་གོའི་དངོས་ཡོད་དམངས་སྤྱོད་གནམ་གྲུ་ཆེན་མོའི་ཐོན་ལས་དང་འཚམ་པར་གྲུབ་སྟེ། C919རྟགས་ཅན་གྱི་གནམ་གྲུ་དེ་འཕེལ་རྒྱས་ཀྱི་གོམ་པ་གལ་ཆེན་ཞིག་སྤོས།

ད་ལྟ། ལོ་ན་དོན་བཞི་ལ་སླེབས་པའི་བུའུ་ཞིན་ཧྲི་སྔར་བཞིན་ཞིབ་འཇུག་གསར་སྤེལ་དང་། སྒྲིག་བཟོའི་ལས་ཡུལ་དང་པོ་ན་བྱ་བར་བྲེལ་བ་ཤིན་ཏུ་ཆེ། ཁོ་རང་དགའ་སྤྲོ་སྐྱེས་དགོས་པ་ཞིག་ནིC919རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཆེན་མོ་ཞིབ་འཇུག་གསར་སྤེལ་བྱས་པ་དེས་ཐོན་ལས་གསར་སྐྲུན་གྱི་ཚོགས་པ་ཆེན་པོ་ཆ་ཚང་ཞིག་གྲུབ་པ་མཚོན་ཡོད་ལ། བུའུ་ཞིན་ཧྲི་ཡིས་ང་ཚོས་གནམ་གྲུ་ཆེན་མོ་གསར་སྤེལ་བྱེད་པའི་འབད་འཐབ་དམིགས་འབེན་ནི་ཀྲུང་གོའི་བཟོ་སྐྲུན་ལ་འཛམ་གླིང་དགའ་བའི་ཆེད་དུ་ཡིན་ཟེར།

                                                                                                                     ལོ་ཙཱ། ཚེ་རིང་སྒྲོལ་མ།