—ཐུན་རིན་རྫོང་གི་སློབ་གསོ་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་དང་འབྱུང་བཞིན་པའི་མཐོང་ཐོས།
དབྱར་གྱི་སྦྲང་ཆར་བསིལ་མས་ནོར་འཛིན་སྒེག་མོའི་བཞིན་རས་གཙང་བར་བཀྲུས་ཏེ། ས་གཞི་ཐམས་ཅད་ལྗང་མདོག་གོས་ཀྱིས་བཀླུབས་པའི་དུས་ཚིགས་འདིར། གསར་འགོད་པ་ཡང་དཔྱིད་གསར་མེ་ཏོག་གི་ཟེའུ་འབྲུ་འཐུ་བའི་རྐང་དྲུག་བུང་བའི་ཚོགས་བཞིན་དུ་འཕུར་ལྡིང་གར་གྱི་ལས་སུ་ཞུགས་ཏེ། ཀྲུང་གོ་གསར་པ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ཏེ་ལོ་ངོ་བདུན་ཅུ་འཁོར་བའི་རིང་ལ་བླངས་པའི་གྲུབ་འབྲས་ལ་རྒྱུས་ལོན་བྱེད་པར། རེབ་གོང་གསེར་མོ་ལྗོངས་སམ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཞེས་སྙན་པའི་བ་དན་ཡུལ་ཕྱོགས་ཀུན་ལ་ཁྱབ་པའི་གནས་དེར་བསྐྱོད་པ་ཡིན། ང་ཚོས་ཐོག་མར་ཐུན་རིན་རྫོང་རོང་བོ་བཅའ་སྡོད་སློབ་གྲྭ་གཉིས་པའི་སློབ་གཙོ་ལྕགས་བྱམས་ཚེ་རིང་ལ་བཅར་འདྲི་བྱས་པ་ཡིན།
ཁོས་ང་ཚོར་བརྗིད་ཉམས་ཆེ་བའི་སློབ་གྲྭའི་བཟོ་བཀོད་ངོ་སྤྲོད་རགས་ཙམ་བྱས་རྗེས། ཁོད་རྒྱ་ཆེ་ཞིང་དེང་རབས་འཛུགས་སྐྲུན་གྱི་ཁྱད་ཆོས་མངོན་པར་འཕགས་པའི་ཐོག་ཕིབས་ཅན་གྱི་ལུས་རྩལ་ར་བ་ཞིག་ནས་ང་ཚོ་དང་གླེང་མོལ་བྱས་སོང་། ཁོས་བཤད་རྒྱུར“ང་ད་ལོ་ལོ་ཞེ་བརྒྱད་ཡིན། ལོ་ངོ་ཉེར་བརྒྱད་ཀྱི་རིང་ལ་སློབ་གསོའི་བྱ་བ་བསྒྲུབས་པ་ཡིན། 1978ལོར་ང་རང་སྨད་པ་ཁྱུང་བོ་སློབ་ཆུང་འགྲིམས་དུས། སློབ་ཁང་ཚང་མ་ས་ཁང་ཡིན་པ་དང་སློབ་ཁང་ཡང་འདང་གྱིན་མེད། སྐབས་དེར། ང་ཚོའི་སྒོ་སམ་ནི་པང་ལེབ་གཅིག་གི་སྟེང་དུ་སྣག་ཚ་བྱུགས་ཏེ་བཟོས་པ་ཞིག་ཡིན། སློབ་ཁང་གཅིག་གི་ནང་དུ་དགེ་རྒན་གཅིག་གིས་འཛིན་གྲྭ་གཉིས་ལ་སློབ་ཁྲིད་བྱེད་བཞིན་ཡོད་དེ། དགེ་རྒན་གྱིས་ཕྱོགས་གཉིས་སུ་བགོས་ཏེ་སློབ་རིམ་གཉིས་པར་སློབ་ཁྲིད་བྱེད་སྐབས་སློབ་རིམ་གསུམ་པར་ལས་བྱ་འབྲི་རུ་བཅུག་པ་དང་། སློབ་རིམ་གསུམ་པར་སློབ་ཁྲིད་བྱེད་སྐབས་སློབ་རིམ་གཉིས་པས་ལས་བྱ་འབྲི་དགོས། ང་ཚོའི་འཛིན་གྲྭར་བསྡོམས་པས་མི་བཅོ་ལྔ་ནས་ཉི་ཤུ་མ་གཏོགས་མེད་པ་དང་། དེ་དུས་འཛིན་གྲྭའི་ནང་དུ་བུད་མེད་སློབ་གྲོགས་གཅིག་ཀྱང་མི་འདུག ཁང་ཀླད་བརྡོལ་ནས་ཆུ་ཐིགས་ཟེགས་པས་ཆར་བ་འབབ་དུས་ལས་བྱ་འབྲི་ཐབས་མེད་ལ། ཐ་ན་འདུག་སྟེགས་ཀྱང་མི་འདང་བས་མི་ལྔ་རེ་རྐུབ་སྟེགས་གཅིག་གི་སྟེང་དུ་བཙིར་དགོས། ཡུལ་ནས་སློབ་གྲྭའི་བར་ཕར་འགྲོ་ཚུར་འོང་བྱས་ན་ཕལ་ཆེར་ཆུ་ཚོད་གཅིག་ཙམ་འགོར་འགྲོ་བ་དང་། སློབ་གྲྭའི་ནང་དུ་བཟའ་བཏུང་གཅིག་ཀྱང་མེད་པས་གུང་ཟས་ལ་རང་ཡུལ་ནས་ཁྱེར་ཡོང་བའི་གོར་སྐྱ་ལས་བཟའ་རྒྱུ་གཞན་མེད་པ་དང་། ཁ་སྐོམ་དུས་སློབ་གྲྭའི་ཉེ་འདབས་ན་བཞུར་བའི་ཆུ་དེ་འཐུང་དགོས། མཚམས་རེར་ང་རང་འཛིན་གྲྭ་སོ་སོར་སོང་སྟེ་སྔོན་ཆད་རང་ཉིད་དངོས་སུ་བརྒྱུད་མྱོང་བའི་དངོས་བྱུང་གི་གནས་ཚུལ་འདི་དག་སློབ་མ་ཚོར་གླེང་ཚེ་ཁོ་ཚོ་ཡིད་མི་ཆེས་པར་མ་ཟད། དེ་འདྲ་ཞིག་དཔེ་མི་སྲིད་པའི་སྣང་བའང་སྐྱེ་བཞིན་འདུག” སྐད་ཆ་དེ་བཤད་མ་ཐག་ཁོས་མགོ་བོ་ཅུང་ཙམ་གཡུག་ཞོར་དགོད་ཙམ་བྱེད། ཁོས་ད་དུང་མུ་མཐུད་དུ་བཤད་རྒྱུར“དེ་དུས་སློབ་ཆུང་ལོ་རིམ་ལྔ་ལས་མེད་པ་དང་། སློབ་ཆུང་ལོ་རིམ་ལྔ་པའི་སྐབས་སུ་ད་གཟོད་ཐེངས་དང་པོར་རྒྱ་ཡིག་གི་གཅིག་གཉིས་གསུམ་ཁྲིད་བྱུང་ལ། ང་ཚོའི་དགེ་རྒན་དེ་རྒྱ་མི་ཞིག་ཡིན་རུང་རྒྱ་ཡིག་གི་ཆེད་ལས་མིན་པར་མ་ཟད་སློབ་འབྲིང་མཐར་ཕྱིན་པ་ཙམ་ཞིག་ཡིན་སྟབས་རྒྱ་ཡིག་གི་རྨང་གཞི་བརྟན་པོ་ཞིག་ང་ཚོར་གཏན་ནས་འདིང་མ་ཐུབ། 1984ལོར་ང་རང་གསར་དུ་བཙུགས་པའི་སྨད་པ་སློབ་འབྲིང་འགྲིམས་པའི་སྐལ་བ་བྱུང་། ཁང་པའི་ཆ་རྐྱེན་སོགས་སྔོན་གྱི་སློབ་ཆུང་དང་བསྡུར་ན་ཅུང་ཙམ་ཇེ་ལེགས་སུ་སོང་ཡོད་མོད། འོན་ཀྱང་སློབ་སྒྲུབ་ཆ་རྐྱེན་ཤིན་ཏུ་ཞན་པ་རེད། ཁྱིམ་དང་ཐག་ཅུང་རིང་བས་སློབ་མ་ཚོར་ཐ་ན་ཆུ་ཁོལ་ཙམ་ཡང་འཐུང་རྒྱུ་མི་འདུག དེ་དུས་ད་ལྟའི་བཅའ་སྡོད་ལམ་ལུགས་འདི་འདྲ་ཞིག་མིན་པས། ཞོགས་པར་སློབ་གྲྭར་འགྲོ་དུས་དཔེ་ཁུག་ནང་དུ་གོ་རེ་བཅུག་ནས་ཉིན་གུང་གོར་སྐྱ་དེའམ་ཡང་ན་གོ་རེ་ཆུ་འཁྱག་ལ་བསྒྲེས་ནས་བཟའ་དགོས་པ་རེད། དེ་བས་ང་ཚོས་དབྱར་དུས་སུ་ཆུ་འཁྱག་འཐུང་བ་དང་། དགུན་དུས་སུ་སློབ་མ་ལས་རེས་པས་རང་ཁྱིམ་ནས་ཟངས་དེམ་ཁྱེར་ཡོང་སྟེ་སློབ་གྲྭས་ཉིན་རེར་སྟེར་གྱིན་པའི་རྡོ་སོལ་གྱིག་ཙེ་གཅིག་པོ་དེས་ཆུ་ཁོལ་བསྐོལ་ནས་འཐུང་དགོས། དམའ་འབྲིང་གི་སྐབས་སུ་བོད་ཡིག་དང་ཆབ་སྲིད། རྩིས་རིག་བཅས་ཀྱི་དགེ་རྒན་ནི་ཆེད་ལས་ཅན་གྱི་དགེ་རྒན་ཡིན་པ་ལས། རྒྱ་ཡིག་ཆེད་ལས་ཅན་གྱི་དགེ་རྒན་གཅིག་ཀྱང་མེད་པ་རེད། རྒྱ་ཡིག་གི་སློབ་ཁྲིད་ནི་བོད་ཡིག་དང་རྩིས་རིག་བཅས་ཀྱི་དགེ་རྒན་ཚོས་ཞོར་ནས་ཁྲིད་ཀྱིན་ཡོད་པ་དང་། རྫས་འགྱུར་དང་དངོས་ལུགས་ཀྱང་དེ་ལྟར་ཡིན། ཚོད་ལྟ་ཁང་གཅིག་ཀྱང་མེད། ཤིང་གི་སྤོ་ལོའི་གདང་ཀྱག་གཅིག་དང་སྤོ་ལོ་གཅིག་ཡོད་པ་དེ་དུས་སྐབས་དེར་མཚོན་ན་ལུས་རྩལ་གྱི་ཆ་རྐྱེན་ཧ་ཅང་འཛོམས་པར་བརྩིས་ཆོག་ཀྱང་། སྤོ་ལོ་གཅིག་པོ་རྩེད་འདོད་ཇི་ལྟར་ཆེ་ཡང་ལག་ལ་མི་རེག 1987ལོར་ང་རང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དགེ་ཐོན་སློབ་གྲྭ་འགྲིམས་དུས་ཆ་རྐྱེན་ཅུང་ཙམ་ཇེ་ལེགས་སུ་སོང་། སློབ་གྲྭས་ཟ་མ་བཀོད་སྒྲིག་བྱས་ཏེ་ང་ཚོར་ཟས་འཛིན་གནང་བྱུང་། སློབ་སྦྱོང་གི་ཕྱོགས་ནས་བཤད་ན། སློབ་གྲོགས་ཚང་མའི་རྒྱའི་སྐད་ཡིག་གི་རྨང་གཞི་ཞན་པའི་རྐྱེན་གྱིས་རྒྱ་ཡིག་གི་དགེ་རྒན་གྱིས་སློབ་ཁྲིད་བྱས་ཚར་རྗེས་ལས་བྱ་བཀོད་སྒྲིག་བྱས་ཀྱང་མཚམས་ལ་ལར་ང་ཚོས་ཧ་མི་གོ་བ་རེད།”
སློབ་གཙོ་ལྕགས་བྱམས་ཚེ་རིང་གིས་སྔོན་ཆད་ཀྱི་སློབ་གསོའི་གནས་བབ་ལ་ཕྱིར་དྲན་བྱེད་ཞོར། གོམ་པའི་འདེགས་འཇོག་སློབ་སྒྲུབ་ཐོག་ཁང་གི་ཕྱོགས་སུ་བསྒྱུར་ལ་མུ་མཐུད་དུ་བཤད་རྒྱུར། “ང་ཚོའི་སློབ་གྲྭ་འདི2012ལོའི་ཟླ་དགུ་པར་དངོས་སུ་ལས་མགོ་བརྩམས་ཤིང་། རྒྱ་ཁྱོན་ལ་ས་མུའུ་ང་བརྒྱད་དང་། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་མུས་གྲུ་བཞི་མ་ཁྲི་གཉིས་དང་སྟོང་གསུམ་ལྷག་ཡོད། སྤྱིའི་འགྲོ་གྲོན་ལ་མ་དངུལ་སྒོར་བྱེ་བ་བརྒྱད་ལྷག་བཏང་ནས་སློབ་ཁྲིད་ཐོག་ཁང་དང་། ཕྱོགས་བསྡུས་ཐོག་ཁང་། སློབ་མའི་ཉལ་ཁང་། སློབ་མའི་གསོལ་ཚིགས་ཁང་། ཐེམ་སྐས་སློབ་ཁང་། ཚད་ལྡན་འགྱིག་བཟོས་རྩལ་སྦྱོང་ར་བ། སྤོ་ལོ་ར་བ། སློབ་གྲྭའི་སྒོ་ཆེན། དྲོད་རླངས་ཁང་། ཁྲུས་ཁང་། ཆུ་བཤལ་སྤྱོད་ཁང་བཅས་འཛུགས་སྐྲུན་བྱས་ཡོད། 2016ལོའི་ཟླ་གསུམ་པ་ནས་བཟུང་དངོས་སུ་སློབ་བསྡུ་བྱེད་མགོ་བརྩམས་ཤིང་། ད་ལྟ་དགེ་བཟོ་པ་གོ་བདུན་དང་། དངོས་སུ་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་དོན་ལྔ་ཡོད། གཞོགས་འདེགས་ལས་བཟོ་པ་ཉེར་གཉིས་དང་། སློབ་མ་སྟོང་གཅིག་ཉིས་བརྒྱ་དགུ་བཅུ་དང་འཛིན་གྲྭ་ཉེར་བཞི་ཡོད་ལ། ད་ལོར་སློབ་མ་བཞི་བརྒྱ་སོ་བརྒྱད་སློབ་མཐར་ཕྱིན་དགོས་པ་རེད། སློབ་མའི་ཡོང་ཁུངས་གཙོ་བོ་ནི་རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ་སོ་སོའི་སློབ་ཆུང་གི་མཐར་ཕྱིན་སློབ་མ་ཡིན།”
རྒྱུས་ལོན་པ་ལྟར་ན། ཐུན་རིན་རྫོང་རོང་བོ་བཅའ་སྡོད་སློབ་གྲྭ་གཉིས་པ་ནི་ཐུན་རིན་རྫོང་གི་ཆེས་ཚད་དང་ལྡན་པའི་དེང་རབས་ཅན་གྱི་སློབ་གྲྭ་ཞིག་ཡིན་པར་མ་ཟད། ལོ་ངོ་གཉིས་ཀྱི་རིང་ལ་རྩོམ་ཡིག་འགྲན་སྡུར་དང་བློ་རྒྱུགས་འགྲན་སྡུར། ལུས་རྩལ་འགྲན་སྡུར། ཡིག་གཟུགས་འགྲན་སྡུར། ཞབས་བྲོ་འགྲན་སྡུར་སོགས་སྣ་སྒོ་མོ་ནས་རྫོང་རིམ་པའི་ཨང་དང་པོ་དང་ཁུལ་རིམ་པའི་ཨང་གསུམ་པ་སོགས་ཀྱི་བྱ་དགའ་ཐོབ་ཅིང་། 2017ལོར་དམའ་གསུམ་མཐར་ཕྱིན་སློབ་མའི་རྒྱུགས་འཕྲོད་ཚད་བརྒྱ་ཆའི་དོན་བཞི་དང་གྲངས་ཆུང་དྲུག་ལ་སླེབས་ཏེ་རྫོང་ཡོངས་ཀྱི་ཨང་དང་པོ་དང་རྨ་ལྷོ་ཁུལ་གྱི་ཨང་གཉིས་པའི་མཚན་སྙན་བླངས་པས། ཀུན་གྱིས་ཁས་ལེན་དང་གདེང་འཇོག་ཚད་མཐོན་པོ་གནང་བཞིན་འདུག གསར་འགོད་པ་སློབ་གྲྭ་འདིའི་གཞི་ཁྱོན་ཆེ་ཞིང་དཔེ་སྒྲོམ་མང་པོ་སྟར་ཕྲེང་བསྒྲིགས་ཡོད་པའི་དཔེ་ཀློག་ཁང་དུ་སོང་བ་ན། དཔེ་ཀློག་ཁང་གི་འཕྲེད་གདུང་རེ་རེའི་སྟེང་དུ“དཔེ་ཆ་ནི་མདུན་བསྐྱོད་ཀྱི་ཐེམ་སྐས་དང་། ཤེས་བྱ་ནི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན”དང“སློབ་སྦྱོང་ལ་དུས་ཚོད་ཀྱིས་མ་འདང་བ་མིན་པར་བརྩོན་པས་མ་འདང་བ་རེད”ཅེས་པ་སོགས་སློབ་མར་སྐུལ་ལྕག་དང་ངར་སློང་གི་ལེགས་བཤད་མང་པོ་བྲིས་ཡོད་ལ། ཡིག་གཟུགས་སློབ་ཁང་གི་ནང་དུ་སློབ་མ་ཚོས་བྲིས་པའི་རྒྱ་ཡིག་དང་བོད་ཡིག་གི་ཡིག་གཟུགས་སྣ་ཚོགས་བཤམས་འདུག དེ་དག་ནི་དམའ་འབྲིང་སློབ་མ་ཞིག་གིས་བྲིས་པ་རེད་ཅེ་ན་ཐེ་ཚོམ་ཟ་དགོས་པའི་ཚད་རེད། གཞན་དམར་དཔེའི་སློབ་ཁང་དུ་རྨ་བྱ་དང་། གསེར་ཉ། བྱུ་རུའི་སྡོང་པོ་བཅས། མདོར་ན་མཐོ་ཨ་སྔོན་དགུང་ན་འཕུར་བའི་འདབ་ཆགས་ཀྱི་རིགས་དང་དམའ་རྒྱ་མཚོའི་གཏིང་ན་རྒྱུ་བའི་ཉ་རིགས་སོགས་མཐོང་མ་མྱོང་བའི་སྲོག་ཆགས་ཀྱི་དམར་དཔེ་དང་། རྩི་ཤིང་གི་དམར་དཔེ་བཅས་མང་པོ་བཀྲམ་ཡོད་ལ། ཐ་ན་བྱེ་ལེབ་གཅིག་པུའི་དམར་དཔེ་ཡང་སྣ་ལྔ་བཅུ་འདུག བྱེད་ནུས་ཁང་བཞིའི་ཡ་གྱལ། ས་རྒྱུས་བྱེད་ནུས་ཁང་དུ། འཛམ་གླིང་དང་ཀྲུང་གོའི་ས་དབྱིབས་ནི་འབུར་གཟུགས་ཆེན་པོའི་རྣམ་པས་གྱང་ངོས་སུ་བཀལ་ཡོད་ལ། ས་གཤིས་སོ་སོའི་བཅད་ངོས་ནི་ལེབ་མོ་དང་ལེབ་མོ་བྱས་ཏེ་སྒྲོག་ཙེའི་སྟེང་དུ་བཀྲམ་འདུག
གློག་རྡུལ་སྨྱུག་རྩེ་ཡིས་འཛམ་གླིང་གི་ས་ཁྲའི་ངོས་གང་རུང་ཞིག་མནན་ཚེ་ས་དེ་ཡི་རྒྱལ་ཁབ་ཀྱི་མིང་དང་རྒྱལ་ཁོངས་ཀྱི་རྒྱ་ཁྱོན། མི་རིགས་གང་དག་ཡོད་པ་དང་མི་གྲངས་སོགས་རེ་རེ་བཞིན་བཤད་པར་མ་ཟད། རིན་གོང་ལ་སྒོར་འབུམ་གསུམ་དང་ཁྲི་བརྒྱད་བྱིན་པའི་འཕྲུལ་ཆས་གཞན་ཞིག་ཡོད་པ་དེས་གནམ་རྒྱན་གྱི་སྟེང་དུ་འོད་བརྒྱབ་ཚེ་གནམ་རྒྱན་ལས་རྒྱ་མཚོའི་གཏིང་རིམ་གྱི་རྣམ་པ་དང་མཁའ་དབྱིངས་ཆེན་མོའི་རྣམ་པ་སོགས་རེ་རེ་བཞིན་འཆར་ཐུབ། དེ་དང་དེ་བཞིན་དུ་དངོས་ལུགས་དང་རྫས་འགྱུར་སོགས་ཀྱི་བསླབ་ཚན་རེ་རེའི་ཚོད་ལྟ་ཁང་དག་ནི་ཚན་རིག་གི་ངོ་མཚར་བའི་ཡུལ་ཁམས་རེ་རེ་དང་འདྲ་བར། ང་ཚོ་གསར་འགོད་ཚན་ཆུང་གི་ལས་མི་རྣམས་ཧ་ལས་པར་བྱས་ཤིང་། ད་ལྟའི་བྱིས་པ་འདི་དག་ནི་ཅི་འདྲའི་ལས་བསོད་ཆེ་བ་ལ་ཨང་ཞེས་ཀུན་ལ་ཚོར་འདུ་དྲག་པོ་དབང་མེད་དུ་སྐྱེ་རུ་བཅུག་བྱུང་། དོན་གྱིས་ཀྱང་དེ་ལྟར་ཡིན་ཏེ། ད་ལྟའི་སློབ་སྒྲུབ་ཆ་རྐྱེན་གྱི་འཕེལ་ཚད་ནི་དངོས་གནས་མིག་གིས་མི་ཟིན་པའི་ཚད་དུ་སླེབས་འདུག
ལྟ་སྦྱོང་དང་བསམ་བློ་བརྗེ་རེས་སུ་ཕེབས་པའི་དགེ་རྒན་ཚེ་རིང་དོན་གྲུབ་ཀྱིས“ཧི་ནན་རྫོང་དང་བསྡུར་ན་ཐུན་རིན་རྫོང་གི་སློབ་གསོའི་སྤུས་ཚད་མཐོ་ལ་དེའི་ནང་ནས་ཀྱང་མི་རིགས་བཅའ་སྡོད་སློབ་གྲྭ་གཉིས་པ་འདིའི་སློབ་སྒྲུབ་ཀྱི་ཆ་རྐྱེན་དང་། དགེ་རྒན་གྱི་དཔུང་སྡེ། སློབ་ཁྲིད་བྱེད་སྟངས་བཅས་ནི་རྩེ་གྲས་སུ་སླེབས་ཡོད་པས། ང་རང་གནས་འདིར་ཟླ་ངོ་བཞིའི་རིང་ལ་སློབ་གསོའི་ཉམས་མྱོང་ལེན་དུ་ཡོང་བ་ཡིན”ཟེར།
ཐུན་རིན་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀླུ་འབུམ་རྒྱ་མཚོས་བཤད་རྒྱུར།“ཐུན་རིན་རྫོང་ལ་ད་ལྟ་སློབ་གྲྭ་ཆུང་འབྲིང་གྱ་དྲུག་ཡོད་པ་དང་། སློབ་གྲྭ་ཆུང་འབྲིང་འགྲིམ་བཞིན་པའི་སློབ་མ་ཁྲི་གཅིག་དང་སྟོང་བཞི་ལྔ་བརྒྱ་དྲུག་ཡོད། དེའི་ནང་དུ་མཐོ་འབྲིང་སློབ་མ་སྟོང་གཅིག་བརྒྱ་དང་ང་གཉིས་དང་། དམའ་འབྲིང་སློབ་མ་སྟོང་གསུམ་ལྔ་བརྒྱ་བཅུ་བཞི། སློབ་ཆུང་སློབ་མ་སྟོང་དགུ་བརྒྱད་བརྒྱ་བཞི་བཅུ་ཡོད། ཐུན་རིན་རྫོང་ཡོངས་སུ་སྒྲིག་ཁོངས་སུ་ཡོད་པའི་སློབ་གྲྭ་ཆུང་འབྲིང་གི་དགེ་བཟོ་པ་དགུ་བརྒྱ་རེ་གསུམ་ཡོད་པ་དང་། རིམ་པ་དང་རིགས་མི་གཅིག་པའི་བུ་བཅོལ་ཁང་བསྡོམས་པས་གྱ་གཅིག་ཡོད་པའི་ཁྲོད་ཀྱི་བུ་བཅོལ་ཁང་དོན་གཅིག་ནི་གཞུང་སྒྲུབ་དང་བཅུ་ནི་དམངས་སྒྲུབ་ཡིན་ལ། སློབ་ཆུང་དང་སློབ་ཁྲིད་ལྟེ་གནས་སུ་བྱིས་སྙོར་འཛིན་གྲྭ་བཅུ་གཉིས་ཞོར་འཛུགས་བྱས་ཡོད། བུ་བཅོལ་ཁང་དུ་བྱིས་པ་སྟོང་བཞི་དང་ལྔ་བརྒྱ་གྱ་དྲུག་ཡོད་པ་དང་། བྱིས་སྙོར་དགེ་རྒན་བསྡོམས་པས་སུམ་བརྒྱ་རེ་གཅིག་ཡོད། རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་དང་། རྫོང་ཡོངས་ཀྱི་སློབ་གསོའི་མ་ལག་གི་འགོ་ཁྲིད་ལས་བྱེད་པ་ཚོས་ཐུན་མོང་འབད་བརྩོན་འོག ཐུན་རིན་རྫོང་གི་སློབ་གསོའི་དོ་དམ་རིམ་གྱིས་འཐུས་ཚང་དང་སློབ་གསོའི་རྒྱུ་སྤུས་བརྟན་འཇགས་ངང་ཇེ་ལེགས་སུ་འགྲོ་བཞིན་ཡོད། 2018ལོར་སློབ་སྔོན་སློབ་གསོར་དངོས་ཞུགས་གྲངས་ཀའི་བསྡུར་ཚད་བརྒྱ་ཆའི་གྱ་ལྔ་རུ་སླེབས་པ་དང་། ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་བཏང་ཚད་བརྒྱ་ཆའི་གོ་བཞི་དང་གྲངས་ཆུང་ལྔ་ལ་སླེབས། སློབ་ཆུང་མཐར་ཕྱིན་སློབ་མ་སློབ་རིམ་འཕར་ཚད་བརྒྱ་ཆའི་བརྒྱ་དང་། དམའ་འབྲིང་མཐར་ཕྱིན་སློབ་མ་སློབ་རིམ་འཕར་ཚད་བརྒྱ་ཆའི་གོ་དྲུག་ལ་སླེབས། མཐོ་འབྲིང་དུས་རིམ་གྱི་སློབ་ཞུགས་ཚད་བརྒྱ་ཆའི་དོན་ལྔ་ལ་སླེབས་ཡོད། ད་བར་དུ་བརྟན་འཇགས་རྒྱུ་ནོར་སྒོར་བྱེ་བ་གཅིག་དང་ས་ཡ་དྲུག་འབུམ་བཞི་ཁྲི་བརྒྱད་བཏང་། 2018ལོར། ཐུན་རིན་རྫོང་མི་རིགས་སློབ་འབྲིང་གི་སློབ་མ་སུམ་བརྒྱ་སོ་དྲུག་མཐོ་རྒྱུགས་སུ་ཞུགས་པ་དང་། དངོས་གཞི་དང་དངོས་གཞིའི་གྲ་སྒྲིག་འཛིན་གྲྭ་རུ་སློབ་མ་བརྒྱ་དང་དོན་གཉིས་ཀྱིས་རྒྱུགས་འཕྲོད། རྒྱུགས་འཕྲོད་ཚད་ནི་བརྒྱ་ཆའི་ང་གཅིག་དང་གྲངས་ཆུང་གཉིས་ཡིན་པ་དང་། 2017ལོ་དང་བསྡུར་ན་བརྒྱ་ཆའི་ཆ་བདུན་དང་གྲངས་ཆུང་གཉིས་དྲུག་གིས་ཇེ་མཐོར་སོང་ཡོད”ཟེར།
རྒྱུས་ལོན་པ་ལྟར་ན། ཐུན་རིན་རྫོང་གིས་སློབ་སྔོན་སློབ་གསོ་རྫོང་ཡོངས་ཀྱི་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་སྤྱིའི་འཆར་འགོད་ཀྱི་གྲས་སུ་བཞག་པ་དང་ཆབས་ཅིག་སློབ་སྔོན་སློབ་གསོ་ཚད་ལྡན་ངང་འཕེལ་རྒྱས་སུ་བཏང་སྟེ།“སློབ་སྔོན་སློབ་གསོ་སྐུལ་སྤེལ་བཟོ་བཀོད”དེ་ཐུན་རིན་རྫོང་གིས་སློབ་གསོ་འཕེལ་རྒྱས་སུ་གཏོང་བའི་རྣམ་གྲངས་སྐུལ་སྤེལ་གྱི་གནད་འགག་ཏུ་བརྩིས་ཏེ་སྐུལ་འདེད་བྱས་པ་དང་། “སྡེ་སྒྲུབ་གཞུང་རོགས”ཀྱི་བུ་བཅོལ་ཁང་གི་དཔེ་དབྱིབས་འཛུགས་པའི་དཔེ་མཚོན་བྱས་པ་དང་།“སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཟབ་ཞུགས་བྱས་ཏེ། གཞུང་སྒྲུབ་དམངས་སྒྲུབ་མཉམ་སྤེལ”གྱི་འཕེལ་རྒྱས་རིགས་ལམ་གཞིར་བཟུང་ནས། ནུས་ལྡན་ངང་བུ་བཅོལ་ཁང་ལ་འགྲིམ་དཀའ་བའི་གནད་དོན་ཐག་གིས་བཅད།
འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལ་གཞིགས་ཏེ། མ་དངུལ་འཇོག་པའི་ཤུགས་ཚད་ཆེ་རུ་བཏང་ཞིང་རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་བུ་བཅོལ་ཁང་གི་ཉེན་ཁང་མེད་པར་བཟོས་པ་དང་། གཞི་རྩའི་སྟེང་བཀོད་སྒྲིག་བྱེད་ཚུལ་ལུགས་མཐུན་ཅན་དང་སློབ་གྲྭའི་ཁང་པ་ཐོག་ཁང་ཅན། སྒྲིག་བཀོད་ཆ་བསྒྲིགས་ཅན། སྒྲིག་ཆས་དེང་རབས་ཅན། ཁོར་ཡུག་མི་ཚུལ་ཅན་དུ་མངོན་འགྱུར་བྱས་ཡོད།
སློབ་གྲྭའི་འཛུགས་སྐྲུན་གྱི་ཕྱོགས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་དོ་མཉམ་དུ་གཏོང་བ་དང་། རྒྱལ་ཁབ་ཀྱིས“སློབ་གྲྭ་བདེ་བཀོད་བཟོ་བཀོད”དང“ཉམས་ཞན་བསྒྱུར་བཀོད་བཟོ་བཀོད”བཅས་ལག་བསྟར་བྱེད་པའི་ལོ་རྒྱུས་ཀྱི་གོ་སྐབས་ལེགས་པར་སྤྱད་དེ། རྒྱུན་ཆད་མེད་པར་ཞིང་སྡེའི་སློབ་གྲྭར་མ་དངུལ་འཇོག་པའི་ཤུགས་ཚད་ཆེ་རུ་བཏང་སྟེ། སློབ་གྲྭ་ཚད་ལྡན་ཅན་དང་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པ་གཙོ་གནད་དུ་བཟུང་ནས་གཞི་རིམ་སློབ་གྲྭའི་དངོས་པོའི་འཛུགས་སྐྲུན་གྱི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་སོང་ཡོད།
2018ལོར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བདུན་འབུམ་ལྔ་ཁྲི་བརྒྱད་བཏང་ནས་ཐུན་རིན་རྫོང་དབྱི་ཧྥུ་མི་རིགས་སློབ་འབྲིང་གི་ཟ་ཁང་གི་ལས་གཞི་ལག་བསྟར་བྱས་པ་དེ་ཚོད་དཔག་ལྟར་ན2019ལོར་ལེགས་འགྲུབ་འབྱུང་ཐུབ་པ་དང་། མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་ལྔ་འབུམ་བརྒྱད་ཁྲི་ལྔ་བཏང་བའི་ཐུན་རིན་རྫོང་མི་རིགས་སློབ་འབྲིང་གཉིས་པའི་ལས་གཞི་འཛུགས་སྐྲུན་བྱེད་བཞིན་པའི་སྒང་རེད། ཚོད་དཔག་ལྟར་ན2019ལོར་ལེགས་འགྲུབ་འབྱུང་ཐུབ། གཞན་སྤྱིའི་མ་དངུལ་སྒོར་བྱེ་བ་གཉིས་དང་ས་ཡ་གཅིག་ཁྲི་གཉིས་བཏང་སྟེ་ཐུན་རིན་རྫོང་བུ་བཅོལ་ཁང་གཉིས་པའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་པ་དེ་ལེགས་འགྲུབ་བྱུང་ནས་ད་ལྟ་བཀོལ་སྤྱོད་བྱེད་བཞིན་ཡོད། སྤྱིའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་བརྒྱད་ཁྲི་བདུན་བཏང་ནས། 2017ལོར་འོས་འགན་སློབ་གསོའི་ཉམས་ཞན་སློབ་གྲྭ་བསྒྱུར་བཀོད་བྱེད་པའི་ལས་གཞི་ལག་བསྟར་བྱས་པ་དང་། ད་ལྟ་ལས་གཞིའི་བརྒྱ་ཆའི་གོ་ལྔ་ལེགས་འགྲུབ་བྱུང་ཡོད། དེ་མིན། སྤྱིའི་མ་དངུལ་སྒོར་ས་ཡ་ལྔ་དང་འབུམ་བདུན་ཁྲི་ལྔ་བཏང་ནས། 2017ལོར་སློབ་སྔོན་སློབ་གསོའི་སྐོར་གཉིས་པའི་ལས་གཞི་དགུ་ལག་བསྟར་བྱས་པ་ལས་གཞན། སྒོར་ས་ཡ་གཅིག་དང་འབུམ་གཉིས་ཁྲི་དགུ་བཏང་ནས་སློབ་ཁྲིད་དང་གཞོགས་འདེགས་སྒྲིག་ཆས་ཉོ་སྒྲུབ་བྱས་པར་མ་ཟད་བུ་བཅོལ་ཁང་ཉེར་བདུན་ལ་བཀོད་སྒྲིག་བྱས་པ་དང་།“ཆུས་གསུམ་ཁུལ་གསུམ”དང་ཀྲུང་དབྱང་གི་ཆེད་སྤྱོད་རྒྱན་འཛིན་སྤྱི་ཕན་མ་དངུལ་བཅས་འཛུགས་སྐྲུན་ལས་གཞིའི་གྲས་ནས་ལས་གཞི་བཅུ་གཉིས་ལ་ཡིག་ཐོག་ནས་སྙན་ཞུ་ཕུལ་ཏེ། སྤྱིའི་མ་དངུལ་སྒོར་དུང་ཕྱུར་གཉིས་དང་ས་ཡ་བདུན་འབུམ་བདུན་ཁྲི་བདུན་གཏོང་དགོས་པ་དང་། སློབ་གྲྭའི་ཁང་པའི་བཟོ་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་དུང་ཕྱུར་གསུམ་དང་བྱེ་བ་བརྒྱད་ས་ཡ་བརྒྱད་འབུམ་གཅིག་ལ་སླེབས་དགོས་པའི་གྲས་ཀྱི་འཛུགས་སྐྲུན་གྱི་ལས་གཞི་བདུན་ལག་བསྟར་དང་མ་དངུལ་སྒོར་བྱེ་བ་བརྒྱད་དང་ས་ཡ་གཉིས་འབུམ་གསུམ་ཁྲི་དྲུག་དངོས་འབེབས་བྱས། ད་ལྟ་ལས་གཞིའི་གྲ་སྒྲིག་བྱ་བ་མགོ་རྩོམ་པའི་སྒང་རེད།
2018ལོར་རྫོང་ཡོངས་ཀྱི་རིམ་པ་དང་རིགས་མི་གཅིག་པའི་སློབ་གྲྭ་སོ་སོར་ཁྱོན་ཡོངས་ནས་ལོ་བཅོ་ལྔ་ཡི་རིན་མེད་སློབ་གསོའི་སྲིད་ཇུས་ལག་བསྟར་བྱས་ཏེ། ལོ་དགུའི་འོས་འགན་སློབ་གསོའི་རིན་མེད་སློབ་དེབ་ཐད་ལ་སྒོར་ས་ཡ་གཅིག་དང་འབུམ་བཞི་ཁྲི་བརྒྱད་ཀྱིས་ཁ་གསབ་རོགས་རམ་བྱས་པ་དང་། མཐོ་འབྲིང་གི་རིན་མེད་སློབ་ཡོན་དང་རིན་མེད་སློབ་དེབ་ཐད་སྒོར་འབུམ་དགུ་དང་ཁྲི་གསུམ་སྟོང་བཞི་ལྷག་གིས་ཁ་གསབ་རོགས་རམ་བྱས། སློབ་སྔོན་སློབ་གསོའི་རིན་མེད་སློབ་གསོའི་ཐད་ལ་སྒོར་ས་ཡ་བཞི་དང་འབུམ་དགུ་ཁྲི་གཅིག་དང་སྟོང་ལྔ་ཡིས་ཁ་གསབ་རོགས་རམ་བྱས། བཅའ་སྡོད་སློབ་མའི་འཚོ་བའི་ཁ་གསབ་རོགས་དངུལ་ལ་སྒོར་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་གསུམ་ཁྲི་ལྔ་དང་སྟོང་གསུམ་བཏང་བ་དང་། བཅུད་ཟས་ལ་སྒོར་ས་ཡ་དྲུག་དང་འབུམ་གསུམ་སྟོང་དྲུག་གིས་ཁ་གསབ་རོགས་རམ་བྱས།
འོས་འགན་སློབ་གསོའི་དུས་རིམ་གྱི་སྤྱི་སྤྱོད་གྲོན་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་བཞི་འབུམ་བདུན་ཁྲི་གཅིག་དང་སྟོང་དྲུག་བཏང་། དབང་པོ་སྐྱོན་ཅན་གྱི་བྱིས་པ་བཅོ་ལྔ་ལ་སྒོར་ཁྲི་དགུ་ཡི་ཁ་གསབ་རོགས་རམ་བྱས། 2018ལོར་དབུལ་ཕོངས་སློབ་ཆེན་པ་བདུན་བརྒྱ་རེ་དགུ་ལ་དངུལ་བུན་སྒོར་ས་ཡ་བཞི་དང་འབུམ་གཅིག་བཏང་བ་བཅས་བྱས་ཏེ། སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཡོངས་དང་དེ་མིན་བུ་བཅོལ་ཁང་གི་བྱིས་པ་ཡོངས་ལ་དུས་ཐོག་ཏུ་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་ལོངས་སུ་སྤྱོད་དུ་བཅུག
ཐུན་རིན་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀླུ་འབུམ་རྒྱ་མཚོས་ང་ཚོར་བཤད་རྒྱུར། “ལོ་ཉེར་ལྔ་ཡི་སྔོན་ལ། ང་དགེ་རྒན་ཞིག་ཡིན། དེ་དུས་སློབ་ཁུལ་གཅིག་ལ་ལོ་གཅིག་གི་ནང་དུ་བཀོལ་ཆོག་པའི་གཞུང་སྒྲུབ་དངུལ་སྒོར་སྟོང་གསུམ་ཡང་མི་ལོངས་པ་རེད། འོན་ཀྱང་ད་ལྟ་སློབ་ཁུལ་གཅིག་ལ་ལོ་གཅིག་གི་ནང་དུ་རྒྱལ་ཁབ་ཀྱིས་སྒོར་ས་ཡ་གསུམ་ནས་ས་ཡ་བཞི་གནང་བཞིན་ཡོད། ངོ་མའི་གནམ་སའི་ཁྱད་པར་བྱུང་ཡོད”ཟེར། དེ་མིན་ཁོས་བཤད་པ་ལྟར་ན། “ཐུན་རིན་རྫོང་སློབ་གསོ་ཅུའུ་ཡིས‘སྤུས་ལེགས་སློབ་ཁྲིད’དང་ཕུལ་བྱུང་ཁྲིད་ཡིག ཕུལ་བྱུང་དཔྱད་རྩོམ་བཅས་དཔྱད་བསྡུར་འདེམ་བསྐོའི་བྱ་འགུལ་དང་། ཐུན་མོང་དུ་སློབ་ཁྲིད་གྲ་སྒྲིག་བྱེད་པའི་བྱ་འགུལ་བཅས་ནུས་ཤུགས་ཡོད་རྒུས་སྤེལ་བ་དང་། དགེ་རྒན་གྱི་སྤྱོད་ལམ་སྐྱོང་བའི་ཕྱོགས་ནས་དགེ་རྒན་ཆེན་མོ་བདེ་མཆོག་དང་། དགེ་རྒན་ཆེན་མོ་སངས་རྒྱས་སོགས་གདན་ཞུ་བྱས་ཏེ་སློབ་གྲྭའི་དགེ་རྒན་ཚོར་གསོ་སྦྱོང་བྱེད་དུ་བཅུག་པ་དང་། སློབ་མའི་སློབ་ཁྲིད་ཀྱི་ཕྱོགས་ནས། རྒྱལ་ཁབ་ཀྱིས་གཏན་འཁེལ་བྱས་པའི་སློབ་ཁྲིད་འཆར་འགོད་ནན་ཏན་སྒོས་ལག་བསྟར་བྱས་ཏེ། སློབ་ཁྲིད་ཆ་ཚང་འཚོགས་པ་དང་ཚོགས་ཐུན་ཚད་ལོངས་པར་བྱས་ཐོག་རྒྱལ་དར་འོག་གི་གཏམ་བཤད་དང་། ཟླ་རེའི་གཙོ་དོན་སྒྲོག་འགྲེལ། བོད་ཡིག་གི་བློ་རྒྱུགས་ལེན་པ་དང་། མཐར་ཕྱིན་དགོས་པའི་སློབ་མ་བཞི་བརྒྱ་སོ་བརྒྱད་ལ་རྒྱུགས་སྤྲོད་སྐབས་སུ་མཉམ་འཇོག་གང་དག་བྱ་དགོས་པའི་འཆད་ཁྲིད་བཅས་སློབ་རའི་བྱ་འགུལ་སྣ་མང་སྤེལ་ཏེ་སློབ་མའི་སློབ་སྦྱོང་ཡར་ཐོན་དང་ལུས་སེམས་བདེ་ཐང་ཡོང་བར་སྐུལ་འདེད་བྱས་ཡོད།”
2018ལོར་ཐུན་རིན་རྫོང་ནི་རྒྱལ་ཁབ་ཀྱིས་འོས་འགན་སློབ་གསོའི་སྤུས་ཚད་ཞིབ་དཔྱད་ཚད་ལེན་བྱེད་པའི་གྲོས་མཐུན་རྫོང་དུ་གཏན་འཁེལ་བྱས་པ་དང་། རྫོང་འདིའི་སློབ་གྲྭ་ཆུང་འབྲིང་བཅོ་བརྒྱད་ནི་དཔེ་མཚོན་དུ་ངེས་གཏན་བྱས། རྒྱལ་ཁབ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱིས་རྫོང་ཡོངས་ཀྱི་སློབ་གྲྭ་གསུམ་ལ་ལྟ་བཤེར་བྱས་རྗེས། ཞིང་ཆེན་ཡོངས་ཀྱི“རྫོང་རིམ་པའི་རྩ་འཛུགས་ཕུལ་བྱུང་ལས་ཁུངས”ཀྱི་གཟི་བརྗིད་མཚན་སྙན་ཐོབ། ད་ལྟ་ཡོངས་ཀྱི་སློབ་སྒྲུབ་ཆུ་ཚད་དང་སློབ་སྒྲུབ་ཕན་འབྲས་མངོན་གསལ་གྱིས་མཐོར་འདེགས་བྱུང་སྟེ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་ཆེན་མོ་བྱུང་ཡོད་སྟབས། ཀུན་གྱིས“སྡེ་བ་སོ་སོའི་ནང་གི་ཆེས་ལེགས་པའི་བཟོ་སྐྲུན་ནི་སློབ་གྲྭ་རེད”ཅེས་བཤད་པ་རེད། །
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།