ཟླ་གསུམ་པའི་ཚེས་ལྔ་ཉིན། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆབ་ཆ་གྲོང་རྡལ་མཐའ་སྨད་གོང་མ་སྡེ་བར་ཐོན་པ་ན། སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་འཇམ་དཔལ་དང་སྡེ་བའི་འགན་གཙང་ལེན་གྱི་ལས་བྱེད་པ་འཕགས་ལྷ་རྡོ་རྗེ་གཉིས་ཀྱིས་དགའ་སྤྲོའི་ངང་མདུན་བསུས་ཤིང་། གསར་འགོད་པ་མཐོང་མ་ཐག་ཏུ་ཁོང་གཉིས་ཀྱིས་ང་ཚོར་སྡེ་བའི་ནང་གི་འགྱུར་ལྡོག་མང་པོ་བཤད།
འཇམ་དཔལ་གྱིས་མཚམས་སྦྱོར་བྱས་པ་ལྟར་ན། མཐའ་སྨད་གོང་མ་སྡེ་བ་ནི་བོད་རིགས་དང་རྒྱ་རིགས། ཧོས་རིགས། སོག་རིགས། ཧོར་རིགས་བཅས་མི་རིགས་ལྔ་འདུས་སྡོད་བྱས་ཡོད་པའི་ཞིང་ལས་གཙོ་བོ་ཡིན་པ་དང་ཞིང་ཕྱུགས་མཉམ་དུ་སྐྱོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཚམས་སུ་གནས་པའི་སྡེ་བ་ཞིག་ཡིན་པ་དང་། སྡེ་བ་ཧྲིལ་པོར་བསྡོམས་པས་རུ་ཁག་བཞི་དང་ཁྱིམ་ཚང་བཞི་བརྒྱ་དང་གཅིག་དང་མི་གྲངས་སྟོང་གཅིག་དང་ལྔ་བརྒྱ་གོ་བརྒྱད་ཡོད་ཟེར། ཁོས་ཕྱིར་དྲན་བྱས་ནས་བཤད་རྒྱུར། སྔོན་ཆད། མཐའ་སྨད་སྡེ་བ་རུ་ས་ཞིང་ཉུང་བ་དང་མི་གྲངས་མང་བས་བྱ་བ་ཧ་ཅང་རྙོག་འཛིང་ཆེ་བ་དང་། རྐུ་འཕྲོག་བྱེད་པ་དང་རྒྱན་སྐུགས་པ་སོགས་ཀྱི་སྲོལ་ངན་ཡང་ཆགས་ཡོད། ང་ཚོའི་སྡེ་བར་བོད་རིགས་ཀྱིས་བརྒྱ་ཆའི་རེ་གཉིས་ལྷག་ཟིན་པ་དང་། མི་རིགས་སོ་སོའི་བར་གྱི་དབུལ་ཕྱུག་གི་ཁྱད་པར་ཧ་ཅང་ཆེ་བས། ཚང་མ་རང་རང་ས་ནས་ལས་ཀར་ཞུགས་པ་ལས་ཕན་ཚུན་བར་འགྲོ་འོང་གཏན་ནས་མེད། སྐབས་དེར་སྡེ་བའི་ནང་གི་མི་རྣམས་རྒྱུན་དུ་མཱ་ཅང་རྩེ་བ་དང་ཆང་འཐུང་བ། རྐུ་འཕྲོག་སོགས་ཀྱི་ལས་ལ་ཞུགས་པས། ཚང་མས་སེམས་ཤུགས་གཅིག་ཏུ་བསྡུ་དཀའ་ཞིང་འཕེལ་རྒྱས་སུ་འགྲོ་བའི་རེ་བ་དེ་བས་ཀྱང་མེད་ཟེར།
“ང་ཚོས་དེ་ལྟར་སོང་ན་མི་འགྲིག་པར་སྙམ་ནས། སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་བྱེད་ཐབས་ཤིག་བཏོན་པ་ཡིན། སྡེ་དམངས་ཡོངས་རྫོགས་མཉམ་དུ་བསྡུས་ཏེ། དུས་བཅད་ལྟར་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་མཉམ་འབྲེལ་སྤྲོ་ཚོགས་རེ་འཚོགས་པར་སྤྲོ་ཚོགས་འཚོགས་ཉིན་དེར་ཕྱི་རོལ་དུ་ལས་ལ་བརྩོན་བཞིན་པའི་སྡེ་དམངས་རྣམས་ཀྱང་ཕྱིར་ལོག་པ་དང་། ད་རུང་ཁྱིམ་མཚེས་སྡེ་བའི་སྡེ་མི་གདན་དྲངས་ནས་མདའ་འཕེན་དང་ཐག་འཐེན། མིག་མངས། སྐོར་བྲོ་སོགས་ཀྱི་རིག་གནས་བྱ་འགུལ་ནང་ཞུགས་ཤིང་། བྱ་འགུལ་སྤེལ་བའི་ཉིན་དེར། ད་རུང་ལོ་དེའི“མནའ་མ་བཟང་པོ”དང“སྒྱུག་མོ་བཟང་པོ།” བསམ་པའི་དཔལ་ཡོན་ཁྱིམ་ཚང་། རྒན་བཀུར་རྒན་གཅེས་ཁྱིམ་ཚང་སོགས་བདམས་ནས་དེ་ཚོར་དངོས་པོའི་བྱ་དགའ་བྱིན་པ་ཡིན། བྱེད་ཐབས་དེ་སྤྱད་ནས་མིག་དཔེ་བཙུགས་ཤིང་སྡེ་མི་རྣམས་ལ་ཁོ་ཚོར་སློབ་སྦྱོང་བྱེད་དགོས་པའི་སྐུལ་མ་བཏང་། དེ་དག་ནི་སྡེ་བའི་ནང་གི་གཟི་བརྗིད་མཚན་སྙན་ཙམ་ཡིན་ནའང་། དེས་སྡེ་དམངས་རྣམས་ཀྱི་ཡ་རབས་སྤྱོད་པ་དང་འཆམ་མཐུན་གྱི་རྣམ་པ། ཁྱིམ་མཚེས་བར་ཕན་ཚུན་རོགས་སྐྱོར་བྱེད་པ་སོགས་ཀྱི་བསམ་བློའི་རྣམ་པ་མཚོན་ཐུབ”ཅེས་འཕགས་ལྷ་རྡོ་རྗེས་དེ་ལྟར་བཤད།
མཉམ་འབྲེལ་སྤྲོ་ཚོགས་འཚོགས་པའི་ཉིན་དེར་ད་རུང“ལས་དོན་གསུམ་སྤྱི་བསྒྲགས”བྱས་ཏེ། སྡེ་བའི་ལོ་གཅིག་གི་འགྲོ་སྒོ་སྤྱི་བསྒྲགས་བྱས་ཤིང་། སྲིད་དོན་ཚང་མར་ཤེས་སུ་བཅུག་ནས། སྡེ་བའི་མི་རྣམས་ལ་སྡེ་བའི་འགྲོ་སོང་ཚང་མ་གསལ་པོར་ཤེས་སུ་བཅུག དེ་ལྟར་བྱས་ན་སྡེ་དམངས་རྣམས་ཀྱིས་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ལ་ཡིད་ཆེས་བྱེད་པའི་ཚད་ཇེ་མཐོར་སོང་སྟེ། ཁོ་ཚོས་མགོ་ཁྲིད་དང་ལེན་བྱེད་ངེས་རེད།
ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དྲུག་པར། མཐའ་སྨད་གོང་མ་སྡེ་བས་ཡང་བསྐྱར《སྡེ་སྲོལ་དམངས་ཆིངས་གསར་པ》བཟོས་པ་དང་། སྡེ་སྲོལ་དམངས་ཆིངས་བཏོན་པ་བརྒྱུད་ནས་སྡེ་དམངས་རྣམས་ཀྱི་བྱ་སྤྱོད་ལ་ཚོད་འཛིན་བྱས་ཏེ།“ཡུལ་སྲོལ་བཟང་པོ”འཛུགས་པར་སྔར་ལས་ཤུགས་སྣོན་བྱས། སྡེ་སྲོལ་དམངས་ཆིངས་བཏོན་པའི་དབང་གིས་སྡེ་བའི་གོམས་སྲོལ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་སོང་། དཔེར་ན།《སྡེ་སྲོལ་དམངས་ཆིངས་གསར་པ》ཡི་ནང་དུ་དོན་ཚན་འདི་འདྲ་ཞིག་ཡོད་པ་སྟེ། གཉེན་སློང་བའི་སྐབས་ཀྱི་སློང་རྟེན་སྒོར་མོ་ཆེས་མང་ན་སྒོར་ཁྲི་དྲུག་ལས་བརྒལ་མི་རུང་བ་ལྟ་བུ། འཇམ་དཔལ་གྱིས་བཤད་རྒྱུར།“སྔོན་ཆད་གཉེན་སྟོན་བྱེད་པའི་སྐབས་སུ། སློང་རྟེན་སྒོར་མོ་སྒོར་ཁྲི་བཅུ་ཁ་རེ་ལེན་བཞིན་ཡོད་མོད། འོན་ཀྱང་སྡེ་སྲོལ་དམངས་ཆིངས་གསར་པ་བཏོན་པ་ནས་བཟུང་། ཏང་ཡོན་ལས་བྱེད་པས་ཐོག་མར་སྣེ་ཁྲིད་དེ་བརྩི་སྲུང་བྱས། ཉེ་སྔོན་ཏང་ཡོན་ལས་བྱེད་པ་མཱ་ཡིང་གི་བུ་མོ་གནས་ལ་སྟེར་སྐབས་སློང་རྟེན་སྒོར་མོ་ཁྲི་དྲུག་མ་གཏོགས་མ་བླངས་པ་རེད། རྗེས་ཕྱོགས་སློང་རྟེན་ད་རུང་མུ་མཐུད་དུ་ཇེ་ཉུང་དུ་འགྲོ་ངེས་རེད”ཟེར། དེ་རིང་སྡེ་དམངས་ལི་དབྱིན་ཁྲེང་གི་ཕ་རྒན་ཚེ་ལས་འདས་མོད། འོན་ཀྱང་འདས་མཆོད་གཟབ་རྒྱས་མ་སྒྲུབ་པར་སྡེ་བའི་ནང་གི་རྒན་པ་འགའ་བོས་ཏེ་སྟབས་བདེ་ངང་སྒྲུབ་ཀྱིན་ཡོད། འཕགས་ལྷ་རྡོ་རྗེ་ཡིས་བཤད་རྒྱུར། འགྲུལ་བའི་གྲངས་ཀ་དེ་སྡེ་བའི་གཉེན་སྟོན་དང་འདས་མཆོད་ལས་འཛིན་ལྷན་ཚོགས་ལ་སྙན་སེང་ཞུ་དགོས་པས། འདས་ཆོད་སོགས་གཟབ་རྒྱས་ངང་སྒྲུབ་པར་ཚོད་འཛིན་ཐེབས་ཡོད། སྔོན་ཆད་རང་གི་ཕ་མ་སོགས་འཚོ་གཞེས་ཀྱི་སྐབས་སུ་སྙོར་སྐྱོང་ལེགས་པོ་མི་བྱེད་པར་ཚེ་ལས་འདས་རྗེས་འདས་མཆོད་གཟབ་རྒྱས་སྒྲུབ་པའི་སྣང་ཚུལ་ཡོད་ལ། ད་ལྟ་ང་ཚོས་འཚོ་གཞེས་ཀྱི་སྐབས་སུ་སྙོར་སྐྱོང་ལེགས་པོ་བྱས་ཏེ་ཚེ་ལས་འདས་རྗེས་འདས་མཆོད་སྟབས་བདེ་སྒྲུབ་པ་དར་སྤེལ་དུ་གཏོང་བཞིན་ཡོད”ཟེར།
གོམས་སྲོལ་ཇེ་ལེགས་སུ་སོང་བ་དང་མི་སེམས་གཅིག་ཏུ་བསྡུས་ཤིང་། གཅིག་སྒྲིལ་གྱི་ནུས་པ་ཇེ་དྲག་ཏུ་སོང་བས། སྡེ་དམངས་རྣམས་ཀྱིས་འཕེལ་རྒྱས་ལ་བསྙེག་པའི་སེམས་ཤུགས་ཀྱང་ཇེ་མཐོར་སོང་ཡོད་ཅིང་། སྡེ་བའི་ནང་དུ་འཆམ་མཐུན་གྱི་རྣམ་པ་ཞིག་གང་སར་མངོན་འདུག
རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།