ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་སྔར་ལས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱེད་པ།
2019.06.03 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 88

ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པའི་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པའི་སྐུལ་སློང་ཚོགས་འདུ་ལ་ཚུར་སྣང་ཆེན་པོ་བྱུང་།

ཟླ་དྲུག་པའི་ཚེས་གཅིག་ཉིན། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པས་མཚོ་སྔོན་ཞིང་ཆེན་གྱི་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱེད་པའི་སྐུལ་སློང་ཚོགས་འདུ་ཟི་ལིང་དུ་ཚོགས་པ་དང་། གྲོས་ཚོགས་དེ་ལ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་གྲགས་འགུལ་ཆེན་པོ་བྱུང་། ཚང་མས་བལྟས་ན། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དེ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པས། དེ་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན། དེ་ནི་མི་དམངས་བདེ་སྡོད་ལས་བརྩོན་དང་། སྤྱི་ཚོགས་བརྟན་ཞིང་འཇགས་ལ་གོ་རིམ་ཡོད་པ། རྒྱལ་ཁབ་ཡུན་རིང་བདེ་འགོད་ལ་འགན་སྲུང་བྱེད་པའི་ཆེད་ཡིན། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་སྐོར་ཐེངས་འདིས་ཐེངས་འདིར་གནད་དོན་དམིགས་ཐིག་ཏུ་ལེན་པ་དང་། གནད་དོན་ལ་ཞིབ་འཇུག་བྱེད་པ། གནད་དོན་ཐག་གཅོད་པར་ལྟ་སྐུལ་བྱེད་ཞོར་དུ་བསྒྱུར་བཅོས་བྱས་ཏེ། རང་ཞིང་གི་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དྲག་འཐབ་ཤུགས་ཆེན་དུ་བཏང་སྟེ།  བདེ་འཇགས་མཚོ་སྔོན་དང་། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་ཕན་འབྲས་ལྡན་པའི་སྒོ་ནས་ཡར་སྐུལ་བཏང་ནས། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་ཚོར་བ་དང་། བདེ་སྐྱིད་ཀྱི་ཚོར་བ། བདེ་འཇགས་ཀྱི་ཚོར་བ་བཅས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས།

ཐུན་མོང་གི་ངོས་ཟིན་གཅིག་ཏུ་སྒྲིལ་ནས་སྟོབས་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས།

ངན་ནག་སྟོབས་ཤུགས་ནི་སྤྱི་ཚོགས་ཀྱི་ནད་དུག་ཅིག་ཡིན་པ་དང་། མི་དམངས་མང་ཚོགས་ངན་ནག་ལ་སྡང་སེམས་སྐྱེས་ཡོད་པས། ཁྲིམས་ལྟར་ངེས་པར་དུ་རྡུང་རྡེག་ནན་མོ་གཏོང་དགོས། ང་ཚོས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ནས། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོ་དང་། འགན་ཁུར་དང་འགན་འཁྲིའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ནས། བསམ་བློ་དང་འགུལ་སྐྱོད་ཀྱི་རང་རྟོགས་ཇེ་ཆེར་གཏོང་དགོས། ནན་ཏན་སྒོས་སློབ་སྦྱོང་དྲིལ་སྒྲོག་ལ་རྩ་འཛུགས་བྱས་ཏེ་སྐུལ་སློང་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དངོས་འབེབ་བྱེད་པ་དང་། ལས་བྱེད་པ་དང་ལས་བཟོ་པས་ལས་གནས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱེད་པར་སྐུལ་སློང་བྱས་ཏེ། ཏང་རྩ་འཛུགས་ཀྱི་འཐབ་རྩོད་བཙན་རྫོང་གི་ནུས་པ་དང་ཏང་ཡོན་གྱི་སྔོན་ཐོན་དཔེ་སྟོན་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱེད་པ་དང་། ཧུར་ཐག་གིས་མང་ཚོགས་ཀྱིས་བྱ་བ་སྒྲུབ་པར་ཟུར་ཞུགས་བྱས་ཏེ། དུས་ལྟར་ངན་ནག་སྟོབས་ཤུགས་ཀྱི་ཁུངས་སྣེ་ཞུ་གཏུག་བྱེད་པ་དང་། ངན་ནག་སྟོབས་ཤུགས་དང་འཐབ་རྩོད་མཐའ་གཅིག་ཏུ་སྤེལ་ནས། མཚོ་སྔོན་སྤྱི་ཚོགས་ཀྱི་སྤྱི་ཕྱོགས་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པར་བྱས་རྗེས་འཇོག་རྒྱུ་ཡིན་ཅེས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་བསྐོར་བསྐྱོད་པ་གཞོན་པ། ལས་ཁུངས་ཏང་ཨུའི་ཆེད་འགན་ཁུར་བའི་ཧྲུའུ་ཅི་གཞོན་པ་ཀྲང་ཡན་ཅོན་གྱིས་དེ་ལྟར་བཤད།

མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་ལས་ཁུངས་ཏང་ཨུའི་ཆེད་འགན་ཁུར་བའི་ཧྲུའུ་ཅི་གཞོན་པ་མེའོ་ཧོན་གྱིས་བསྟན་དོན། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ནི་མི་དམངས་ཀྱི་འཐབ་རྩོད་ཅིག་ཡིན་པས། ངེས་པར་དུ་མི་དམངས་མང་ཚོགས་ཀྱི་ཟབ་ཞུགས་ལ་བརྟེན་དགོས། ནག་འཇོམས་ངན་སེལ་ནི་རྩ་བ་བརྟན་པའི་བྱ་སྤྱོད་ཤིག་དང་ཐབས་ཇུས་ལྡན་པའི་བྱེད་ཐབས་ཤིག་ཡིན་པས། ཐེངས་གཅིག་ལ་གྲུབ་པར་རེ་བ་མི་བྱེད་པར་ཡུན་རིང་བོར་སྒྲུབ་དགོས་པའི་དོན་དག་ཞིག་ཡིན། ང་ཚོས་འཐབ་རྩོད་ཡུན་རིང་བྱས་ནས་ནག་འཇོམས་ངན་སེལ་ཚང་མར་ཤེས་སུ་འཇུག་པ་དང་། མིའི་སེམས་སུ་ཟུག་པར་བྱས་ཏེ། ངན་ནག་སྟོབས་ཤུགས་ལ་ཚང་མས་རྡུང་རྡེག་བཏང་ནས་གང་སར་མེད་པར་གཏོང་དགོས། ང་ཚོ་ཚན་རྩལ་འཐབ་ཕྱོགས་ཀྱི་ཏང་ཡོན་ལས་བྱེད་པ་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་བྱ་བའི་ཁྲོད་ཧུར་ཐག་གིས་ཞུགས་ཏེ། ཐེངས་འདིའི་སྐུལ་སློང་ཚོགས་འདུའི་དགོངས་དོན་དེ་མཛུབ་སྟོན་དུ་བཟུང་སྟེ། མང་ཚོགས་རྣམས་ལ་བདེ་འཇགས་ཀྱི་འཚོ་བའི་ཁོར་ཡུག་སྔར་ལས་བཟང་པོ་ཞིག་བསྐྲུན་པར་ཚན་རྩལ་སྟོབས་ཤུགས་ཀྱིས་བྱས་རྗེས་འཇོག་དགོས་ཟེར།

ཞིང་ཆེན་ཚོང་ར་ལྟ་རྟོག་དོ་དམ་ཅུའུ་ནག་འཇོམས་ངན་སེལ་བཅོས་སྐྱོང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཀྲའོ་ཧའོ་ཡིས་ཆབ་སྲིད་ཀྱི་མཐོ་ཚད་ནས་གླེང་ན་ཆེད་དོན་འཐབ་རྩོད་སྤེལ་བ་དང་ཆེད་དོན་འཐབ་རྩོད་ཀྱི་ལྟ་སྐུལ་མཛུབ་སྟོན་ལ་དོན་སྙིང་གལ་ཆེན་ལྡན་པར་ངོས་འཛིན་གང་ལེགས་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་དངོས་འབེབ་བྱེད་པ། ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲི་ཁུར་ཕོད་པར་བྱས་ཏེ། རང་འགུལ་གྱིས་ལྟ་སྐུལ་མཛུབ་སྟོན་དང་ལེན་བྱེད་པ་དང་། བཀོད་སྒྲིག་ལ་བསྟུན་པ་དང་། གནད་དོན་གྱི་ཕྱོགས་སྟོན་རྒྱུན་འཁྱོངས་བྱེད་པ། ལྟ་སྐུལ་མཛུབ་སྟོན་གྱི་གྲུབ་འབྲས་བཟང་པོར་བཀོལ་ནས། ཤུགས་ཆེན་པོས་ནག་འཇོམས་ངན་སེལ་ཆེད་དོན་ལྟ་སྐུལ་མཛུབ་སྟོན་བྱ་བར་རམ་འདེགས་དང་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་གྱི་གནད་དོན་ལེགས་བཅོས་བྱེད་པ་དམ་འཛིན་བྱས་ཏེ། ནག་འཇོམས་ངན་སེལ་འཐབ་རྩོད་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་པར་སྐུལ་འདེད་གཏོང་དགོས།

ཀྲུང་དབྱང་ནག་འཇོམས་ངན་སེལ་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བཅོ་བརྒྱད་པ་མཚོ་སྔོན་དུ་བཅའ་སྡོད་བྱེད་པ་དེ་ནི་ང་ཚོའི་བྱ་བར་ཁྱོན་ཡོངས་ནས་རྟག་དཔྱད་དང་གནད་ལ་ཕིགས་པའི་སྒོ་ནས་བྱ་བར་རྩད་གཅོད་པ་ཞིག་ཡིན་པ་དང་། དེ་ལས་ང་ཚོའི་བྱ་བར་སྐུལ་ལྕག་དང་རོགས་རམ་བྱེད་པ་ཞིག་ཡིན་ཞེས་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་ནག་འཇོམས་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་ཀའོ་ཆིན་གྱིས་བཤད་པ་དང་། ང་ཚོས་ཐེངས་འདིའི་ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་མཚོ་སྔོན་དུ་བསྡད་དེ་ལྟ་སྐུལ་མཛུབ་སྟོན་བྱེད་པའི་གོ་སྐབས་དམ་འཛིན་བྱས་ནས། མི་དམངས་གཙོ་བོ་ཡིན་པའི་འཕེལ་རྒྱས་འདུ་ཤེས་གཏིང་ཟབ་ཏུ་སྤེལ་བ་དང་། རང་འགུལ་གྱིས་ལྟ་སྐུལ་མཛུབ་སྟོན་བྱ་བ་དང་ལེན་དང་། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་མི་འདང་སའི་བར་ཁྱད་ཁ་གསབ་བྱས་ནས། ཀྲུང་དབྱང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་གི་རེ་བ་ལྟར། ཁུལ་ཡོངས་ནས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་བྱ་བ་ཡང་བསྐྱར་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་རྒྱུ་ཟེར།

རྨང་གཞི་མ་བརྟན་ན་གཡོ་འགུལ་ཐེབས་སྲིད། རྩ་འཛུགས་སྡེ་ཁག་ཡིན་པའི་ཆ་ནས་ང་ཚོས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཇེ་མཐོར་བཏང་ནས། ལྟ་སྐུལ་མཛུབ་སྟོན་བྱ་བའི་རེ་བ་སོ་སོ་ནན་ཏན་གྱིས་དངོས་འབེབ་དང་བྱ་བའི་འགན་འཁྲི་དངོས་གནས་ཇེ་དྲག་ཏུ་བཏང་སྟེ། རང་འགུལ་གྱིས་དཀྱིལ་སྙིང་དང་ཆེ་ཕྱོགས་ལ་ཞབས་ཞུ་སྒྲུབ་པར་དམིགས་ཏེ། བྱ་བའི་གནད་སར་ཟུང་འབྲེལ་དམ་པོ་དང་། དངོས་ཡོད་ཀྱི་བྱ་བའི་འགན་འཁྲིའི་རྒྱུན་མཐུད་པ། གཞི་རིམ་གྱི་རྩ་འཛུགས་འཛུགས་སྐྲུན་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་བ། ངན་ནག་སྟོབས་ཤུགས་གང་སར་ཁྱབ་པར་མཐའ་གཅིག་ཏུ་བཀག་འགོག་བྱས་ཏེ། ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་ཞེས་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་ལུའུ་ཧྲུའུ་ཅོན་གྱིས་དེ་ལྟར་བཤད།

ཞིང་ཆེན་སྤྱི་བདེ་ཐིན་གྱི་ལས་འགན་ཁུར་ནས་ཧོང་ཀྲོང་རྫོང་ལུའུ་ཧྲ་ཨར་གྲོང་རྡལ་ཀྲུའུ་ཅཱ་ཀྲོང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོ་ཐཱེ་ཧྥུའུ་ཆང་གིས་བཤད་རྒྱུར། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ནི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་དང་འཐབ་ཇུས་ཀྱི་མཐོ་ཚད་ནས་ཐག་གཅོད་བྱས་པའི་ཇུས་ཆོད་གལ་ཆེན་ཞིག་ཡིན། ང་ཚོས་ཏང་ཀྲུང་དབྱང་གི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཞིང་སྡེའི་ཁྱིམ་ཚང་སྟོང་ཕྲག་ལ་རྒྱུད་སྒྲོག་བྱེད་དགོས་པ་དང་། རྒྱ་ཆེའི་མང་ཚོགས་རྣམས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཁྲོད་ཞུགས་པར་སྐུལ་སློང་བྱས་ཏེ། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་བྱ་བར་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་མང་ཚོགས་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། ཞིང་སྡེའི་གཞི་རིམ་གྱི་སྐབས་བརྗེ་འདེམས་བསྐོ་དང་ཞིང་སྡེའི་ཐོན་ཁུངས་སྒེར་སྡེམ་བྱེད་པ། གཅིག་བསྡུས་རྒྱུ་ནོར་བཙན་བཟུང་བྱེད་པ་སོགས་ཁྲིམས་འགལ་ཉེས་དོན་གྱི་བྱ་བ་ཚོད་འཛིན་དང་གཏོར་བརླག་བྱེད་པ་བཅས་ཀྱི་ངན་ནག་སྟོབས་ཤུགས་ཀྱི་ཁུངས་སྣེ་རྩད་ཞིབ་བྱེད་པ་དང་། དོན་དག་དེ་ལྟ་བུ་བྱུང་ཚེ་དུས་ཐོག་ཏུ་འབྲེལ་ཡོད་སྡེ་ཁག་ལ་ཞུ་གཏུག་བྱེད་དགོས་ཟེར།

མཉམ་འཛུགས་མཉམ་བཅོས་མཉམ་རོལ་གྱི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་ཧུར་ཐག་གིས་ཟབ་ཞུགས་བྱེད་དགོས།

ཧོང་ཀྲོང་རྫོང་ལིས་ཅཱ་ཧྲན་གྲོང་རྡལ་ཧྲའོ་མཱ་ཡུན་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ལིས་ཀའོ་ཁྲིན་གྱིས་བཤད་རྒྱུར། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་བྱ་བ་མིག་སྔར་མང་ཚོགས་ཀྱི་སེམས་སུ་ཟུག་ཡོད་པ་དང་། དེས་ཞིང་སྡེའི་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་དང་གཞི་རིམ་གྱི་སྲིད་དབང་གི་བརྟན་འཇགས་ལ་ཧུར་ཐག་གི་བྱེད་ནུས་ཐོན་ཡོད། སྡེ་བའི་ལས་བྱེད་མི་སྣ་ཡིན་པའི་ཆ་ནས། ང་ཚོས་ཧུར་ཐག་གིས་ཏང་ཡོན་གྱི་གདོང་ལེན་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཏེ། མང་ཚོགས་ལ་ངན་ནག་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་དོན་གྱི་ཁུངས་སྣེ་ཉེས་མཚང་ཐེར་འདོན་བྱེད་པར་སྐུལ་སློང་བྱེད་དགོས་ལ། དོན་དངོས་ཀྱི་བྱ་སྤྱོད་ལ་བརྟེན་ནས་སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར།

“ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་བྱ་བ་སྤེལ་བའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མ་ཧུར་ཐག་གིས་ཟབ་ཞུགས་བྱེད་བཞིན་ཡོད་ལ། སྡོད་ཁུལ་གྱི་ལས་བྱེད་མི་སྣ་ཞིག་ཡིན་པའི་ཆ་ནས། ང་ཚོས་དུས་ནམ་ཡང་སྡོད་དམངས་ལ་ནག་འཇོམས་ངན་སེལ་གྱི་ཤེས་བྱ་དྲིལ་སྒྲོག་དང་ཁྱབ་གདལ་གཏོང་དགོས”ཞེས་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་བདུན་གཅིག་ལམ་ནུབ་མའི་སྡོད་ཁུལ་གྱི་ཀྲུའུ་རིན་གཞོན་པ་ཅིན་ཆིས་ལན་གྱིས་དེ་ལྟར་བཤད། ནག་འཇོམས་ངན་སེལ་ནི་སྲིད་ཁྲིམས་ལས་ཁུངས་དང་འབྲེལ་ཡོད་སྡེ་ཁག་གི་ལས་དོན་ཡིན་ལ། སྡོད་ཁུལ་གྱི་བྱ་བ་སྒྲུབ་མཁན་ཡང་ཧུར་ཐག་གིས་དེའི་ཁྲོད་ཟབ་ཞུགས་བྱས་ཏེ། མང་ཚོགས་ལ་སྐུལ་སློང་བྱས་ཏེ་ཁུངས་སྣེ་རྙེད་སྐབས་དུས་ཐོག་ཏུ་ཞུ་གཏུག་བྱེད་པ་དང་། ངན་ནག་སྟོབས་ཤུགས་ལ་སྐྱེ་འཕེལ་གྱི་གོ་སྐབས་གཏན་ནས་སྟེར་མི་རུང་།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་སྡོད་དམངས་ཀྲང་ཅན་ཀའོ་ཡིས་བཤད་རྒྱུར།“ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་བྱ་བ་སྤེལ་བའི་ཚུན་ལ། ངས་དུས་རྒྱུན་གསར་འགྱུར་ལ་དོ་ཁུར་བྱེད་བཞིན་ཡོད་པ་དང་། ཁྲིམས་མེད་ལུགས་མེད་དང་མང་ཚོགས་ལ་གཉའ་གནོན་བྱེད་པའི་ངན་ནག་སྟོབས་ཤུགས་དྲ་རྒྱར་ཚུད་པ་མཐོང་ཚེ། སེམས་ནས་དགའ་སྤྲོ་སྐྱེས་པ་ཞིག་རེད། ཐེངས་འདིའི་ཀྲུང་དབྱང་གི་ནག་འཇོམས་ངན་སེལ་གྱི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་མཚོ་སྔོན་དུ་ཐོན་པ་ནི། ཏང་ཀྲུང་དབྱང་གིས་ང་ཚོའི་མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་པ་ཡིན་ལ། ང་ཚོ་ཚང་མར་བདེ་སྡོད་ལས་བརྩོན་གྱི་བྱ་བ་དང་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ་རེད་ ང་ཚོ་གྲོང་ཁྱེར་གྱི་སྡོད་དམངས་ཡང་ཧུར་ཐག་གིས་ནག་འཇོམས་ངན་སེལ་གྱི་ཆེད་དོན་བྱ་བའི་འཐབ་རྩོད་ཁྲོད་ཟབ་ཞུགས་བྱས་ཏེ། ངན་ནག་གི་ཁུངས་སྣེ་ཡོད་ན་སྤོབས་པ་ཆེན་པོའི་ཞུ་གཏུག་བྱེད་པ་དང་། ངན་ནག་སྟོབས་ཤུགས་ཐར་ས་མེད་པར་བྱེད་དགོས”ཟེར།

ཟི་ལིང་གྲོང་ཁྱེར་སློབ་འབྲིང་བཅུ་གསུམ་པའི་དགེ་རྒན་ཚའེ་ཡཱ་བུན་གྱིས་བཤད་རྒྱུར། ཐེངས་འདིའི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ནི་ང་ཚོ་དགེ་སློབ་ཀྱི་བསམ་བློའི་ཀུན་སྤྱོད་མཐོར་འདེགས་སུ་གཏོང་བའི་གོ་སྐབས་དཀོན་པོ་ཞིག་རེད། དེས་སློབ་མར་ཡང་ཁྲིམས་སློབ་པ་དང་ཁྲིམས་བརྩི་བ། བསླབ་བྱའི་བྱེད་ནུས་ཐོན་ཡོད་ལ། མི་འགྱང་བར་སྤྱི་ཚོགས་སུ་ཞུགས་པའི་སློབ་མ་རྣམས་ལ་ངན་ནག་སྟོབས་ཤུགས་ཀྱི་གནོད་སྐྱོན་ཤེས་སུ་བཅུག་ནས། རང་ཉིད་ཀྱི་ཁེ་དབང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཤེས་སུ་འཇུག་དགོས། སློབ་ཁྲིད་ཀྱི་བྱ་བའི་ཁྲོད། ང་ཚོས་ཐེངས་འདིའི་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ལ་ཟུང་འབྲེལ་བྱས་ཏེ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་སློབ་མ་རྣམས་ལ་ཁྲིམས་སྐྱོང་སློབ་གསོ་བྱེད་པ་དང་། སློབ་མར་ཁྲིམས་སྐྱོང་གི་འདུ་ཤེས་གསོ་སྐྱོང་བྱེད་དགོས་ཟེར།

                                                                                         ལོ་ཙཱ་བ། ཚེ་རིང་སྒྲོལ་མ། ཤ་བོ་རིན་མཚོ།