མཚོ་ནུབ་ཁུལ་གྱི་ངན་པའི་སྟོབས་ཤུགས་ཀྱི་ཉེས་ཅན་ཚོགས་པའི་གྱོད་དོན་ཐོག་མར་མཐའ་མའི་ཁྲིམས་ཐག་བཅད་དེ་ཐོག་མའི་ཁྲིམས་བཅད་ཁྲིམས་ལྟར་སོར་འཇོག་བྱས།
2019.06.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་ལྔ་པའི་ཚེས་བཅུ་གཅིག་ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཁུལ་དེའི་ངན་པའི་སྟོབས་ཤུགས་ཀྱི་ཉེས་ཅན་ཚོགས་པས་ཞུ་གཏུག་བྱས་པའི་གྱོད་དོན་ལ་ཐེངས་གཉིས་པར་ཁྲིམས་ལྟར་ཁྲོམ་བསྒྲགས་འདྲི་གཅོད་བྱས་པར་མ་ཟད་མཐའ་མའི་འདྲི་གཅོད་ཁྲིམས་ཐག་བཅད་ནས། གྱོད་དོན་གྱི་ཞུ་གཏུག་པ་བཅུ་གཅིག་གི་ཞུ་གཏུག་ཕྱིར་བསློགས་པ་དང་། ཚྭ་འདམ་ཆེ་བ་གཏེར་ཁུལ་མི་དམངས་ཁྲིམས་ཁང་གིས་ཞུ་གཏུག་པ་བཅུ་གཅིག་ལ་ལོ་བཅུ་གཉིས་དང་ཟླ་དྲུག་དང་། ལོ་གཅིག་དང་ཟླ་དྲུག་གི་ཚད་མི་འདྲ་བའི་བཙོན་འཇུག་བྱ་རྒྱུ་མ་ཟད། སྒོར་ས་ཡ་གཉིས་དང་འབུམ་གཉིས་ཁྲི་ལྔའི་བར་གྱི་ཚད་མི་འདྲ་བའི་དངུལ་ཆད་བཅད་པའི་ཐོག་མའི་ཁྲིམས་ཐག་བཅད་པ་དེ་སོར་འཇོག་བྱས།

ཞིབ་གཅོད་བྱས་པ་ལྟར་ན། ཞུ་གཏུག་པ་ཨིན་ཆེ་གེ་མོ་ནི་ཉེས་ཅན་གཏེ་བོ་ཡིན་ལ། ཞུ་གཏུག་པ་ཧུང་ཆེ་གེ་མོ་དང་མིན་ཆིན་ཆེ་གེ་མོ་ཁོངས་མི་གཙོ་བོ་ཡིན་པའི་ཉེས་ཅན་ཚོགས་པས་ཐོག་མའི་འདྲི་ཞིབ་ཀྱི་ཞུ་སྦྱོར་ཕྱི་མ་བ་ནོར་བུ་ཆེ་གེ་མོ་དང་མཉམ་དུ། སྔ་གཞུག་ཏུ་སྤྱི་ཚོགས་སྟེང་གི་ཀོན་པུའུ་ཆི་ཀི་ཆེ་གེ་མོ་དང་རྡོ་རྗེ་ཆེ་གེ་མོ། ཐི་རི་ཆེ་གེ་མོ་སོགས་ལས་ཀ་མེད་པའི་མི་བཅུ་གཅིག་བསྡུ་རུབ་ཀྱིས་ཁེ་སྤོགས་ཆེན་པོ་ཧམ་ལེན་གྱི་ཆེད་དུ་རྒྱལ་ཁབ་ཀྱི་གཏན་ཁེལ་དང་འགལ་ཏེ། ཚྭ་འདམ་གཤོང་ཆེ་བའི་ཡུས་ཁ་ལམ་གླ་བསྡུ་སའི་ལྷོ་འགྲམ་གྱི་ལམ་ཆུང་སྟེང་འགག་སྒོ་བཙུགས་ནས། ཁྲིམས་འགལ་གྱིས་ཕར་འགྲོ་ཚུར་ཡོང་གི་དངོས་སྐྱེལ་ཁ་ལོ་བའི་ལག་ནས་ལམ་གླ་བླངས་ཏེ། ཁྲིམས་འགལ་ཁེ་གཉེར་གྱི་ནག་ཉེས་བསགས། ཁྲིམས་འགལ་ཁེ་གཉེར་གྱི་ནག་ཉེས་གསོག་སྐབས་ད་དུང་བསམ་བཞིན་དུ་གཞན་ལ་གནོད་བསྐྱལ་བ་དང་། བསྙད་རྐོ་ཟིང་སློང་སོགས་ཀྱི་ནག་ཉེས་བཟོས། དེ་དང་མཉམ་དུ་ཉེས་ཅན་ཚོགས་པས་ད་དུང་ཚྭ་འདམ་ཆེ་བ་ས་ཁུལ་གྱིས་ཐེངས་མང་པོར་དཔུང་སྡེབ་འཛིང་རེས་དང་ཁྲིམས་འགལ་བཀག་སྐྱིལ། གཞན་པར་གནོད་སྐྱེལ་སོགས་ཁྲིམས་འགལ་གྱི་བྱེད་ཐབས་སྤྱད་དེ། མི་ལས་དགུ་ལས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཚོ་བའི་སྒྲིག་ལམ་ལ་གཏོར་བརླག་བྱས་ནས། སྤྱི་ཚོགས་སྟེང་ཤུགས་རྐྱེན་ངན་པ་བཟོས།

མཚོ་ནུབ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། ཁྲིམས་ལྟར་གྱོད་དོན་དེར་འདྲི་གཅོད་བྱས་པ་ནི། རྒྱ་ཆེའི་མང་ཚོགས་ལ་མི་དམངས་ཁྲིམས་ཁང་གིས་ངན་པའི་སྟོབས་ཤུགས་ཀྱི་ནག་ཉེས་ལ་ཁྲིམས་ལྟར་ཁྲིམས་ཆད་ནན་མོ་གཅོད་པའི་ཆོད་སེམས་གསལ་པོར་བསྟན་ནས། ངན་པའི་སྟོབས་ཤུགས་ཀྱི་ཁྲིམས་འགལ་ཉེས་ཅན་རྣམས་གུ་ཡངས་སུ་གཏན་ནས་མི་གཏོང་བ་མཚོན་ཡོད་པར་མ་ཟད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བཅའ་ཁྲིམས་ཀྱི་མཚོན་ཆ་བཀོལ་ནས་ངན་ནག་སྟོབས་ཤུགས་དང་འཐབ་རྩོད་བྱེད་ཕོད་པར་བྱ་དགོས་པའི་འབོད་སྐུལ་བཏང་ཡོད། དུས་རིམ་རྗེས་མར་མཚོ་ནུབ་ཁུལ་གྱི་རིམ་པ་གཉིས་ཀྱི་ཁྲིམས་ཁང་གིས་ཕན་ནུས་ཐོན་ཡོད་པའི་ངན་པའི་སྟོབས་ཤུགས་ཀྱི་ཉེས་ཅན་ལ་ཁྲིམས་གཅོད་བྱེད་པའི་ཁྲོད་ཀྱི་རྒྱུ་ནོར་ཐད་ཀྱི་ཁྲིམས་གཅོད་སྐོར་ནས་ཆེད་དོན་ལག་བསྟར་བྱ་བ་སྤེལ་ནས། ནག་དངུལ་ལེན་ཐབས་རྩ་བ་ནས་འགོག་ཤུགས་ཇེ་ཆེར་བཏང་སྟེ། ངན་ནག་སྟོབས་ཤུགས་ཀྱི་ནག་ཉེས་བཟོ་བའི་དཔལ་འབྱོར་གྱི་རྨང་གཞི་རྩ་གཏོར་བྱ་རྒྱུ་ཡིན། དེ་དང་མཉམ་དུ་མཐོ་གནོན་གྱི་བྱེད་ཐབས་སྤྱད་དེ་སྔ་མོ་དང་ཆུང་ངུ་ནས་འགོག་པ་དང་གནད་ཁེལ་དང་རྣལ་མར་འགོག་པ། ངན་ནག་སྟོབས་ཤུགས་རྩ་བ་ནས་སེལ་ཏེ། རང་འགུལ་གྱིས་འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། འགན་ཁུར་ཏན་ཏིག་གིས་བསྒྲུབ་པ། བདེན་པར་འཛིན་པ་དང་། སྤོབས་པས་འཛིན་པ། ཡུན་རིང་འཛིན་པ་བཅས་ཀྱི་སྒོ་ནས་ནག་འཇོམས་ངན་སེལ་གྱི་མཁྲེགས་གཏོར་འཐབ་འཛིང་བཟང་པོར་སྤེལ་ཏེ། ནག་འཇོམས་ངན་སེལ་གྱི་ཕན་འབྲས་ངོ་མས་མང་ཚོགས་ཀྱི་རེ་འདོད་བསྐང་རྒྱུ་ཡིན་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།