མི་ཚེའི་སྙིང་བོ་འཚོལ་སྙེག་གི་ཆེད་དུ།
2019.06.13 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 38

ལིག་ཧེ་ཉིན་ནི་ཅང་སུའུ་ཞིང་ཆེན་སློབ་གསོ་ཐིན་གྱི་སྐོར་ཁག་གསུམ་པར་མཚོ་སྔོན་ལ་རོགས་སྐྱོར་དུ་ཡོང་བའི་ལས་བྱེད་པ་ཞིག་ཡིན་པ་དང་། ད་ལྟ་ཅང་སུའུ་ཞིང་ཆེན་གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མདུན་ཕྱོགས་ཀྱི་བཀོད་འདོམས་པུའུ་སྤྱིའི་ཚན་ཆུང་གི་འགོ་གཙོ་དང་། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་བཅས་ཡིན།

2017 ལོའི་ཟླ 10 ཚེས 8 ཉིན།

ཅང་སུའུ་དང་མཚོ་སྔོན་གཉིས་ནི་ལེ་བར་བཞི་སྟོང་གིས་ཆོད་པའི་ཕར་ཚུར་ན་ཡོད་ཀྱང་། བརྩེ་བ་གཙང་བོ་གཅིག་ལ་འདྲེས།

བུ་མོ་དབྱངས་སྒྲོལ་ནི་དཀའ་ངལ་ཅན་གྱི་ཁྱིམ་ཚང་ཞིག་ནས་སྐྱེས་པའི་བོད་རིགས་བུ་མོ་ཆུང་ཆུང་ཞིག་ཡིན་པ་དང་། སྟབས་མ་ལེགས་པར་མོ་ལ་ཀླད་སྐྱིའི་གཉན་ཚད་བྱུང་། ནད་བཅོས་བྱེད་ཆེད། ཁྱིམ་ཚང་དབུལ་བོ་དབུལ་ནག་ཞིག་ཏུ་གྱུར། ཁོ་མོ་སེམས་ལ་ཐོགས་པ་ནི་རང་གི་ཕ་མ་གཉིས་ལས་གཞན་ད་དུང་ཐག་རིང་ནས་ཁོ་མོར་རོགས་རམ་བྱེད་མཁན་གྱི་གུས་ཞིང་བཀུར་བར་འོས་པའི་གཉེན་ཉེ་དག་རེད།

རྒྱང་རིང་གི་གཉེན་ཉེ་ཚོས་བུ་མོ་དབྱངས་སྒྲོལ་མཐོང་མྱོང་མེད་ཀྱང་། ངས་སྐད་འཕྲིན་ཞིག་བསྐུར་བའི་རྗེས་སུ། ཁོ་ཚོ་ཚང་མ་བུ་མོ་དབྱངས་སྒྲོལ་གྱི་གཉེར་ཉེ་ལྟ་བུར་གྱུར། བརྩེ་སེམས་རྣལ་མ་རེ་རེས་བསྡོམས་པས་སྒོར་མོ་ཁྲི་གཉིས་དང་སྟོང་གཉིས་ཉིས་བརྒྱ་གོ་དགུ་ཞལ་འདེབས་སུ་ཕུལ། བུ་མོ་དབྱངས་སྒྲོལ་བདེ་ཐང་ཡོང་ནས་ནར་སོན་རྗེས། ཁོ་མོ་དང་ཁོ་མོའི་མིང་སྲིང་ཚོས་རྒྱང་རིང་ཡུལ་དུ་གནས་པའི་གཅེས་སུ་འོས་པའི་གཉེན་ཉེ་ཁྱེད་རྣམས་ལ་སྙན་འཇེབས་གླུ་སྐད་ཀྱིས་སྨོན་འདུན་ཞུ་ངེས་ཡིན།

2017 ལོའི་ཟླ 10 ཚེས 10 ཉིན།

དེ་རིང་། ཆུང་མས་ང་ལ་ཁ་པར་ཞིག་ཐོན་པ་དང་། མོ་ངུས་བྱུང་། ཟླ་དགུ་བའི་ཟླ་མཇུག་ལ་ལུས་ཕུང་བརྟག་དཔྱད་བྱེད་སྐབས། ཁོ་མོར་གློ་གཅོང་གི་ནད་བྱུང་ཡོད་པ་གཏན་འཁེལ་བྱས། དེ་རིང་ཡང་བྱིས་པར་སྐྱི་པགས་ནང་འགོག་ཁབ་བརྒྱབ་ཏེ་ཚོད་ལྟ་བྱེད་སྐབས་བྱིས་པར་ཡང་གློ་གཅོང་གི་ནད་འགོས་ཡོད་པ་གཏན་འཁེལ་བྱས། ཁོ་མོའི་སེམས་པ་ཧ་ཅང་སྡུག་ཡོད་པ་དང་། ངས་ཀྱང་ཁོ་མོའི་སེམས་པ་དེ་རྟོགས་ཐུབ། ངས་ཁོ་མོར་སེམས་གསོའི་ཚུལ་དུ་ཁྭ་ཏ་བྱས་པ་དང་། མཐའ་མར་བྱིས་པ་ཨ་ཡེ་ཨ་མྱེས་ཡོད་སར་བསྐྱལ་ནས་ཁོ་མོས་ནད་བཅོས་བྱེད་རྒྱུར་གྲོས་བྱས། ངས་འདི་ནི་དཀའ་སྡུག་གི་གོ་རིམ་ཞིག་ཡིན་པ་རྟོགས་ཡོད་དེ། རང་གི་བཟའ་ཟླ་དང་བྱིས་པ་གཉིས་གམ་དུ་མེད་པས། རང་གཅིག་པུས་འཚོ་བར་ཁ་གཏོད་རྒྱུ་ཧ་ཅང་དཀའ་བ་རྟོགས་ཡོད། ཟླ་གསུམ་གྱི་སྔོན་ལ། ཆུང་མ་དང་བྱིས་པ་གཉིས་ང་ལ་བསྐོར་རྒྱག་ཏུ་ཡོང་བ་དང་། ཉིན་འགའ་ཡི་སྤྲོ་སྣང་དེ་ད་དུང་དྲན་པའི་ངོས་སུ་གསལ་ལེར་བཀོད་ཡོད། ངས་མཚོ་སྔོན་དུ་ཅི་ཞིག་སྒྲུབ་ཀྱིན་པ་བཤད་དཀའ་ཡང་། ཆུང་མ་དང་བྱིས་པའི་ཆེད་ལ་ཅི་ཞིག་བསྒྲུབ་པ་སེམས་ན་གསལ་བོ་ཡིན། གྲོགས་པོས་ཤོར་ཟིན་པ་དེར་ནམ་ཡང་ཁ་གསབ་བྱེད་ཐབས་མེད་ཟེར་ཡང་། ང་རང་གིས་ཡོད་ཚད་ཕུལ་བ་དེ་ལ་དོན་སྙིང་ཡོད་པར་ཡིད་ཆེས་བརྟན་པོ་ཡོད།

2018 ལོའི་ཟླ 5 ཚེས 10 ཉིན།

དེ་རིང་ཡུལ་ཤུལ་ནས་ཟི་ལིང་ལ་ལོག ཉིན་གཅིག་གི་སྔོན་ལ། ཡུལ་ཤུལ་རུ་ཚད་རིམ 5.3 གྱི་ས་འགུལ་བྱུང་། ཨ་ཕས་གསར་འགྱུར་དེ་ཐོས་རྗེས། འཕྲིན་ཐུང་བསྐུར་ནས་ང་ལ་མཚོ་ལྷོ་རུ་ས་འགུལ་གྱི་གྲགས་འགུལ་ཡོད་མེད་དྲིས། ངས་ཁོ་ལ་སེམས་གསོའི་ཚུལ་དུ་སྐྱོན་མི་འདུག ས་འགུལ་བྱུང་བའི་ཚོར་བ་ཅུང་ཙམ་ཡང་མི་འདུག་ཅེས་བཤད། ང་ཚོ་ཐེངས་འདིར་ཡུལ་ཤུལ་རུ་ཡོང་ནས་ཅང་སུའུ་ཡི་སློབ་ཆེན 4 རྩ་འཛུགས་བྱས་ཏེ་ཡུལ་ཤུལ་བརྒྱད་གཅིག་ལས་རིགས་སློབ་གྲྭའི་འབྲིང་རིམ་སློབ་མ115 བསྡུ་ལེན་བྱས་པར་མ་ཟད། ལོ་གསུམ་གྱི་རིང་ལ་སློབ་ཡོན་མི་དགོས་པར་སློབ་གསོ་མྱངས་དུ་བཅུག

བྱིས་པའི་དྭངས་གཙང་གི་མིག་ཟུང་དང་། བབ་ཆགས་པའི་སྐད་ཆས་མི་རྣམས་ལ་སེམས་འགུལ་ཐེབས་སུ་བཅུག མ་གཞི་ཉིན་གཅིག་གི་སྔོན་ལ་ཕྱིར་ལོག་ཆོག་ཀྱང་། ཡུལ་ཤུལ་གནམ་གྲུ་ཐང་དུ་ལོག་སྐབས། སེར་བ་དང་ཁངས་ཆེན་བབས་པས། དུས་ཚོད་ཉེར་བཞིར་སྒུག་རྗེས་ད་གཟོད་ཕྱིར་ལོག་ཐུབ་པ་བྱུང་།

2018 ལོའི་ཟླ 6 ཚེས 25 ཉིན།

དེ་རིང་ཅང་ཉིན་མཐོ་འབྲིང་གི་མཚོ་ལྷོ་འཛིན་གྲྭའི་ནང་མཐོ་འབྲིང་ལ་རྒྱུགས་སྤྲད་པའི་དགའ་འོས་པའི་གནས་ཚུལ་ཞིག་བསྒྲགས་ཡོང་བ་ནི། སྤྱིར་བཏང་འཛིན་གྲྭའི་ནང་དུ་བྱིས་པ 40 ཡོད་པ་དང་། སློབ་མ 39 དངོས་གཞིར་རྒྱུགས་འཕྲོད་པ་དང་། མི་རིགས་འཛིན་གྲྭའི་ནང་དུ་བོད་རིགས་སློབ་མ 40 ཡོད་ཅིང་། སློབ་མ 38 ཀྱིས་དངོས་གཞིར་རྒྱུགས་འཕྲོད་ལ། ཞིང་ཆེན་ཡོངས་ཀྱི་མི་རིགས་སྡེ་ཁག་ལ་རྒྱུགས་སྤྲད་རྒྱུགས་འབྲས་བཟང་ཤས 10 ཁྲོད་ཀྱི 7 ཟིན་ཡོད་པ་རེད། སློབ་རིམ་འཕར་ཚད་ཀྱི་སྟེང་ནས་ཡུལ་ཕྱོགས་གཞན་ནས་སློབ་སྦྱོང་བྱས་པའི་སློབ་མར་དཔྱད་འཇོག་བྱས་ན་དེ་ནི་ཁྱོན་ཡོངས་རང་བཞིན་ཅན་ཞིག་མ་ཡིན་ཡང་། གྲུབ་འབྲས་འདི་ནི་ཤིན་ཏུ་དགའ་འོས་པ་ཞིག་རེད། བྱིས་པ་འདི་དག་ལས་མང་ཆེ་བ་རོང་འབྲོག་ཁུལ་ནས་ཡོང་བ་ཡིན་པས། ཁོ་ཚོའི་ཁྱིམ་བདག་རྣམས་ཤིན་ཏུ་དགའ་ཡོད་པ་ཁོ་ཐག་ཡིན་རྒྱུ་རེད།

                                                                                                                                 ལོ་ཙཱ། ཚེ་རིང་སྒྲོལ་མ།