མགོ་ལོག་རྩྭ་ཐང་ན་རྒྱ་གྲམ་དམར་པོའི་སྐྱ་མི་དང་བླངས་ཞབས་ཞུ་རུ་ཁག་ཅིག་ཡོད།
2019.06.17 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 30


མེ་ཏོག་སྣ་ཚོགས་བཞད་པའི་དབྱར་ཟླ་ལྔ་པར། རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་སུ་གྲགས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་རྐྱང་ཆེན་ཞང་ལ་མཚོན་ན། ཏག་ཏག་ཁ་བ་ལྷབ་ལྷུབ་འབབ་པའི་དུས་ཚིགས་ཤིག་ལ་ཁེལ་ཡོད། སྐྱེས་མ་ཐག་ནས་སྙིང་ནད་ཕོག་པའི་ནད་པ་རྡོ་ཚེ་ཡི་ཨ་ཕྱིས་ཁང་པའི་མདུན་གྱི་ཁ་བ་གཙང་ཕྱགས་བྱས་རྗེས། སླར་ཡང་ཁང་པའི་ནང་འཛུལ་ཡོང་ནས་ཇ་སྐོལ་བར་བྲེལ།

སྒོ་ཁྱིའི་ཟུག་སྐད་ཁྲོད། ཕ་གིའི་རི་སྐེད་ནས་རྟ་ཕོའི་འཚེར་སྐད་ལྷང་ལྷང་གྲགས་པ་དང་ལྷན་དུ་ལག་ཏུ་དར་དཀར་པོ་བསྣམས་པའི་སྐྱ་མི་རུ་ཁག་ཅིག་ཁོ་ཚང་གི་ཕྱོགས་སུ་འོང་བཞིན་པ་མཐོང་། བུ་མོ་ཆུང་ཆུང་རྡོ་ཚེ་ཁང་པའི་ནང་བརྒྱུགས་ཡོང་ནས་སྐད་གསང་མཐོན་པོས་ཨ་ཕྱི་ལ“ཐོན་ཐལ། ཐོན་ཐལ”ཞེས་བཤད་པ་ན། ཨ་ཕྱིའི་གདོང་ལ་འཛུམ་གྱིས་ཁེངས་ཤིང་སྒོ་ཁར་བུད་དེ་སྐྱ་མི་རུ་ཁག་ལ་བསྒུགས་ནས་བསྡད།

མགོ་ལོག་རྩྭ་ཐང་དུ་སོང་མྱོང་བའི་མི་ཞིག་ལ་མཚོན་ན། དུས་རྒྱུན་མཐོང་ཐུབ་པ་ནི་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་པ་དང་སྐྱ་མི་རུ་ཁག་ཅིག་གིས་རྒྱབ་ཏུ་མལ་ཆས་འཁུར་ཞིང་། རི་ལུང་ཐང་གསུམ་བརྒལ་ནས་སྦྲ་གུར་དང་ཁྱིམ་ཚང་རེ་རེར་སྐྱོད་བཞིན་པའི་རྣམ་པ་ཡིན། མགོ་ལོག་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་ཞབས་ཞུ་རུ་ཁག་གི་ནང་དུ་ཐོབ་ཐང་མི་འདྲ་བའི་ལས་བྱེད་པ་དང་། སློབ་མ། སྨན་པ། མང་ཚོགས་སོགས་ཡོད།

སྐྱ་མི་རུ་ཁག་མཐོང་མ་ཐག ང་ཚོའི་མིག་ལམ་དུ་གསལ་པོར་འཁོར་ཡོང་བ་ནི་ཁོ་ཚོའི་དཔུང་བའི་སྟེང་བཏེགས་པའི་རྒྱ་གྲམ་དམར་པོའི་དཔུང་རྟགས་དང་ལྷབ་ལྷུབ་དུ་སྐྱོད་བཞིན་པའི་མགོ་ལོག་ཁུལ་རྒྱ་གྲམ་དམར་པོ་དང་བླངས་ཞབས་ཞུ་རུ་ཁག་གི་དར་ཆ་རེད།

ཡིན་ཡང་། སྐྱ་མི་རུ་ཁག་ལ་མཚོན་ན་ཁོ་ཚོ་ནི་ཕལ་བའི་མང་ཚོགས་ཡིན་ལ། ས་སྐྱེས་རྡོ་སྐྱེས་ཀྱི་ཕལ་བའི་མི་བུ་སྐོར་ཞིག་གིས་མགོ་ལོག་རྩྭ་ཐང་དུ་ཁུ་སིམ་མེར་མི་སེམས་སྒུལ་བའི་གཏམ་རྒྱུད་རེ་རེ་བྲིས་ཤིང་། གཏམ་རྒྱུད་རེ་རེ་ནི་མི་རེའི་ཁ་ན་རླུང་ལྟར་གྲགས། སྒེར་སེམས་མེད་པའི་གསོལ་འབུལ་དང་། གཞན་ལ་རོགས་རམ་བྱེད་པར་སྤྲོ་བའི་སྤོབས་པ་ནི་དེང་རབས་ཀྱི་ལེ་ཧྥུན་གསོན་པོའི་སྙིང་སྟོབས་ཤིག་ཅི་ལ་མིན།

སྐབས་དོན་གཉིས་པའི་འཛམ་གླིང་རྒྱ་གྲམ་དམར་པོའི་ཉིན་མོ་བསླེབ་ལ་ཉེ་སྐབས། ཞིང་ཆེན་རྒྱ་གྲམ་དམར་པོའི་སྐབས་དགུ་པའི་ཞིང་ཆེན་ཡོངས་ཀྱི་འཐུས་མིའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་ཞབས་ཞུ་རུ་ཁག་གི་བྱ་བ་ལེགས་པོར་བསྒྲུབ་ཆེད། མགོ་ལོག་ཁུལ་རྒྱ་གྲམ་དམར་པོ་ཚོགས་པས་གཞི་རིམ་འབྲོག་ཁུལ་དུ་འགྲིམ་འགྲུལ་སྟབས་མི་བདེ་བ་དང་། དྲིལ་སྒྲོག་བྱེད་ཐབས་སྣ་གཅིག་པའི་གནས་བབ་ལ་གཞིགས་ནས། སྔར་ཡོད་ཀྱི་དང་བླངས་པའི་ཞབས་ཞུ་རུ་ཁག་གི་བྱ་བའི་རྨང་གཞིའི་སྟེང་། མང་ཚོགས་ཀྱིས་གྲུབ་པའི་རྒྱ་གྲམ་དམར་པོ་ཚོགས་པའི་སྐྱ་མི་དང་བླངས་ཞབས་ཞུ་རུ་ཁག་གསར་དུ་བཙུགས་པ་རེད།

སྐྱ་མི་དང་བླངས་ཞབས་ཞུ་རུ་ཁག་གསར་འཛུགས་བྱས་པ་འདི་ནི། མགོ་ལོག་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་ཞབས་ཞུ་རུ་ཁག་གི་བྱེད་ཐབས་གསར་པ་དང་འཕེལ་རིམ་ཞིག་ཏུ་རློམ་ཆོག རུ་ཁག་གསར་འཛུགས་བྱུང་བ་འདིས་མགོ་ལོག་ཁུལ་རྒྱ་གྲམ་དམར་པོ་ཚོགས་པའི་དང་བླངས་ཞབས་ཞུའི་ཁྱབ་ཁོངས་རྒྱ་བསྐྱེད་པར་མ་ཟད། ད་དུང་སྤྱི་ཚོགས་བདེ་ཞིང་སྐྱིད་པ་དང་རྗེས་རབས་པར་དྲིན་གྱིས་བསྐྱངས་པའི་དགེ་མཚན་ཁྱད་པར་བ་ཐོན་ཡོད།

རྡོ་ཚེ་ཡི་ཨ་ཕྱིས་སྐྱ་མི་དང་བླངས་ཞབས་ཞུ་རུ་ཁག་གིས་སྐྱེས་མ་ཐག་ནས་སྙིང་ནད་ཕོག་པའི་ནད་པར་རིན་མི་ལེན་པར་སྨན་བཅོས་བྱེད་པའི་གཏམ་བཟང་ཐོས་པ་ནས་བཟུང་ཁོ་ཚོ་ནམ་ཐོན་ལ་རེ་སྒུག་བྱས་ཡོད་ཅིང་། ཐེངས་སྔོན་མར་ཞབས་ཞུ་རུ་ཁག་སྐོར་ཞིབ་བྱེད་དུ་ཡོང་སྐབས་ཚ་མོ་རྡོ་ཚེ་ཁྱིམ་དུ་མེད་པ་དང་། དེ་རིང་ཞབས་ཞུ་རུ་ཁག་ཡོང་རྒྱུ་ཡིན་པ་ཤེས་པས་ཨ་ཕྱི་དང་ཚ་མོ་རྡོ་ཚེ་གཉིས་ཀ་དགའ་སྤྲོ་སྐྱེས་ཡོད།

སྐྱ་མི་དང་བླངས་ཞབས་ཞུ་རུ་ཁག་སྒོ་ཁར་སླེབས་པ་ན་ཨ་ཕྱིས་རྡོ་ཚེའི་ལག་པ་དམ་པོར་འཇུས་ནས་དགའ་སྤྲོ་དང་བཅས“མོ་རེད། ངའི་ཚ་མོ་རེད། བཅོས་ཐབས་ཡོད་དམ”ཅེས་སྐྱ་མི་རུ་ཁག་ལ་དེ་ལྟར་དྲིས།

དང་བླངས་རུ་ཁག་གི་རུ་དཔོན་དབྱང་ཁྲུན་ཧྭ་ནི་ས་གནས་ཀྱི་འབྲོག་པ་མང་ཚོགས་ཤིག་ཡིན། “ཨ་ཕྱི། བྲེལ་བ་མ་ལངས། ང་ཚོས་ཁུལ་རྒྱ་གྲམ་དམར་པོ་ཚོགས་པར་སྙན་ཞུ་ཕུལ་ཟིན། སྨན་བཅོས་བྱེད་ཁོ་ཐག་ཡིན”ཟེར།

ཨ་ཕྱིས་དབྱང་ཁྲུན་ཧྭའི་ཕྲག་སྟེང་གི་ཁ་བ་རྡུལ་སྤྲུག་ཙམ་བྱས་རྗེས་ཚ་མོར་བལྟས་ནས“ཁོ་ནི་ངས་བཤད་པའི་རྒྱ་གྲམ་དམར་པོ་ཚོགས་པ་རེད”ཟེར།

དུས་ལ་ངེས་གཏན་མེད་པར་ཞབས་ཞུ་བྱེད་པ་ནི་དང་བླངས་ཞབས་ཞུ་པའི་དམ་བཅའ་ཡིན་ལ། སྐོར་ཞིབ་བྱེད་པའི་ཉིན་མོ་ཐོན་མེད་རུང་རྒན་པ་ཚོས་ཁོ་ཚོར་རེ་སྒུག་བྱེད་པར་ཤིན་ཏུ་སྤྲོ། གལ་ཏེ་ཁོ་ཚོ་ཡོང་རྒྱུ་འཕྱིས་དྲགས་ཚེ་རྒན་པ་ཚོས་ཡང་དང་བསྐྱར་དུ“ཉེ་ལམ་བྲེལ་བ་ཆེའམ། ང་ཚོས་ནམ་ཡང་ཁྱོད་ཚོར་རེ་སྒུག་བྱེད་བཞིན་ཡོད”ཟེར།

ཁུལ་རྒྱ་གྲམ་དམར་པོ་ཚོགས་པས་ལས་རྐང་སྔོན་གྱི་བྱ་བ་ལེགས་པོར་བསྒྲུབས་ནས་དུས་མི་འགྱངས་པར་སྨན་རྫས་དང་འཚོ་བའི་མཁོ་ཆས་གཞི་རིམ་དུ་སྐྱེལ་བར་མ་ཟད། ད་དུང་སེམས་ཁམས་ཁྲིད་སྟོན་དང་། སྲིད་ཇུས་སྒྲོག་འགྲེལ། རྒན་པར་བདག་སྐྱོང་སོགས་རིན་མེད་ཞབས་ཞུ་སྤེལ་བ། དུས་མཚུངས་སུ་རྒན་པའི་བདག་སྐྱོང་མི་སྣ་དང་ཁྱིམ་བདག་ལ་སྤྱི་ཕན་གསབ་སྦྱོང་བྱེད་པ་དང་། སྨན་འཐུང་ཚུལ། ཐུམ་འབུའི་ནད་དང་གཅོང་ནད་སོགས་ཇི་ལྟར་འགོག་པའི་ཐད་ནས་སློབ་ཁྲིད་བྱེད་བཞིན་ཡོད།

འབྲོག་པ་ཆོས་ཉིད་བཟའ་མི་གང་བོས་ནམ་ཡང་བརྗེད་ཐབས་མེད་པ་ནི། ད་ལོའི་ལོ་མགོར་ལོ་ངོ་མང་པོར་བྱུང་མ་མྱོང་བའི་གངས་སྐྱོན་ཁྲོད། སྐྱ་མི་རུ་ཁག་གིས་ཁོ་ཚོར་ཏང་དང་སྲིད་གཞུང་གི་དྲོད་ཁོལ་བསྐྱལ་ཡོང་བར་མ་ཟད། ད་དུང་དུས་ལྟར་འཚོ་བའི་ཐད་ཆེས་མེད་དུ་མི་རུང་བའི་དངོས་རྫས་བསྐྱལ་ཡོང་བ་རེད།

ཁོ་ཚོ་ཁ་བའི་ནང་དུ་ཡོད།

ཁོ་ཚོ་ཆར་བའི་ནང་དུ་ཡོད།

ཁོ་ཚོ་རླུང་བུའི་ནང་དུ་ཡོད།

ཁོ་ཚོ་ནམ་ཡང་མང་ཚོགས་དང་མཉམ་དུ་ཡོད།

རྒྱ་གྲམ་དམར་པོ་དང་བླངས་རུ་ཁག་གི་ཞབས་ཞུའི་རྣམ་པ་དེ་ཐོག་མའི་གཞིས་ཁུལ་དང་། སློབ་གྲྭ། ཐང་ཆེན་བཅས་ནས་འབྲེལ་ཡོད་སྲིད་ཇུས་སྒྲོག་འགྲེལ་བྱེད་པ་ནས། རྟར་ཞོན་ཏེ་རི་ལུང་ཐང་གསུམ་ལ་ཞུམ་མེད་དུ་བགྲོད་པའི་འབྲོག་པ་རྣམས་ཀྱི་ཆེས་དགའ་བསུ་ཐོབ་པའི་ཞབས་ཞུ་རུ་ཁག་ཅིག་ཏུ་གྱུར་ཡོད། དེང་སྐབས་རྟར་ཞོན་ནས་བྱ་བ་སྒྲུབ་མཁན་ཤིན་ཏུ་དཀོན་མོད། ས་རྒྱ་ཆེ་ཞིང་འགྲིམ་འགྲུལ་སྟབས་བདེ་མིན་པ། འབྲོག་པ་མང་ཚོགས་ཁ་ཐོར་དུ་གཏན་སྡོད་བྱས་ཡོད་པའི་འབྲོག་མི་ཚོར་མཚོན་ན། སྐྱ་མི་རུ་ཁག་གིས་གཞི་རིམ་བྱ་བའི་ཆེས་མཐའ་མཇུག་གི་འཐབ་འཛིང་མཁར་རྫོང་གཏོར་བར་བྱེད་ནུས་ཐོན་པར་མ་ཟད། ད་དུང་བརྩེ་སེམས་བརྒྱུད་སྤྲོད་ཞབས་ཞུའི་དཔེ་སྟོན་མི་སྣར་གྱུར་ཡོད།

ཉི་མ་ནུབ་ལ་ཉེ་སྐབས། སྐྱ་མི་དང་བླངས་ཞབས་ཞུ་རུ་ཁག་གིས་ཟ་མ་སྟབས་བདེ་ཞིག་ཟོས་རྗེས། མུ་མཐུད་དུ་སྡེ་བ་ཞོལ་མར་བྱམས་བརྩེ་བརྒྱུད་སྤྲོད་དང་མང་ཚོགས་ལ་ཞབས་ཞུ་བྱེད་དུ་ཆས་སོང་།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།