མང་ཚོགས་ཀྱི་སྒྲོག་འགྲེལ་རླངས་འཁོར་གྱིས་ཞིབ་ཚགས་ལྡན་པའི་སྒོ་ནས་ནག་འཇོམས་ངན་སེལ་སྲིད་ཇུས་དྲིལ་སྒྲོག་བྱས།
2019.06.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 15

ཁུ་ལུའུ་ཁུ་གྲོང་རྡལ་གྱི་མང་ཚོགས་ཀྱིས“སྒྲོག་འགྲེལ་རླངས་འཁོར”གྱི་འཁྲབ་སྟོན་ལ་བལྟ་བཞིན་པ།

ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ“མང་ཚོགས་ཀྱི་སྒྲོག་འགྲེལ་རླངས་འཁོར”གཏེར་ལེན་ཁ་གྲོང་ཁྱེར་ཁུ་ལུའུ་ཁུ་གྲོང་རྡལ་དུ་ཐོན་པ་དང་། གནས་དེའི་མང་ཚོགས་ལ་ནག་འཇོམས་ངན་སེལ་གྱི་ཤེས་བྱ་རིག་རྩལ་གྱི་ལམ་ནས་སྒྲོག་འགྲེལ་བྱས།

སྒྲོག་འགྲེལ་རླངས་འཁོར་གྱི་འགན་ཁུར་མི་སྣ་ཐང་ཧྲིན་ལུའུ་ཡིས་བཤད་རྒྱུར། “མང་ཚོགས་ཀྱི་སྒྲོག་འགྲེལ་རླངས་འཁོར”གྱི་འབབ་ཚུགས་དང་པོ་ནི་གཏེར་ལེན་ཁ་གྲོང་ཁྱེར་ཡིན་ལ། ང་ཚོས་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་བརྗོད་གཞིར་བཟུང་ནས་དྲིལ་སྒྲོག་གཏིང་ཟབ་བྱས་པ་དང་། “གཞུང་ལུགས་དང་རིག་རྩལ”གྱི་རྣམ་པ་བརྒྱུད་དེ། ཞབས་བྲོ་དང་རོལ་མོ་འཁྲབ་སྟོན་སོགས་མང་ཚོགས་རྣམས་བལྟ་དགའ་ཞིང་ཉན་སྤྲོ་བའི་རྣམ་པ་སྤྱད་ནས། ཡིག་ཆ་ཁ་སྐད་དང་ས་གནས་ཀྱི་སྐད་ཆ་ཡིས་དྲིལ་སྒྲོག་བྱས་པས། རོང་འབྲོག་མང་ཚོགས་རྣམས་ཀྱིས་ཉན་འདོད་པ་དང་ནང་དོན་ལ་གོ་བ་ལེན་ཐུབ་པ་བྱས། ཐེངས་འདིའི་སྒྲོག་འགྲེལ་རླངས་འཁོར་གྱི་དྲིལ་སྒྲོག་བྱ་བ་སྒྲུབ་མཁན་མི་བཅུ་དྲུག་ཡོད་པ་དང་། ཚང་མས་འཁྲབ་ཚན་བཅུ་ལྷག་གྲ་སྒྲིག་བྱས་ཡོད།

ཞོགས་པའི་ཉི་ཟེར་ས་གཞི་ཡོངས་སུ་སྤྲོས་པ་དང་། གཏེར་ལེན་ཁ་གྲོང་ཁྱེར་གྱི་དྲོད་གྲངས་ད་དུང་འཁྱག་ནའང་། ཁུ་ལུའུ་ཁུ་གྲོང་རྡལ་གྱི་ཐང་ཆེན་དུ་ལྟད་མོ་བ་མང་པོ་འདུས་ཏེ། “སྒྲོག་འགྲེལ་རླངས་འཁོར”གྱི་བྱེད་སྒོ་སྤེལ་བར་བསྒུག་འདུག  ལྟད་མོ་བ་ཇེ་མང་ནས་ཇེ་མང་དུ་སོང་བ་དང་། སྒྲོག་འགྲེལ་ཚོགས་པའི་ལས་བྱེད་མི་སྣས་ཀྱང་གྲ་སྒྲིག་བྱ་བ་བྱེད་མགོ་བརྩམས།

ཅུང་མ་འགོར་བར།“སྒྲོག་འགྲེལ་རླངས་འཁོར”གྱི་གར་སྟེགས་སུ་རོལ་མོ་གྲགས་པ་དང་། མཚོ་སྔོན་གྱི་རི་གླུ་མཉམ་ལེན 《ནག་འཇོམས་ངན་སེལ་དམངས་སེམས་བདེ》ཞེས་པའི་དྲིལ་སྒྲོག་བྱ་འགུལ་གྱི་མགོ་བརྩམས། “སྤྱི་ཚོགས་བདེ་འཇགས་ནི་དོན་ཆེན་ཡིན་ལ། འཆམ་མཐུན་བརྟན་འཇགས་ལ་འབྲེལ་བ་དམ་ཟབ་ཡོད། རླབས་ཆེན་གྱི་ཏང་ཀྲུང་དབྱང་མཁས་མཛངས་ལྡན་ལ། ནག་འཇོམས་ངན་སེལ་བྱེད་པ་དམངས་ཀྱི་ཆེད་དུ་ཡིན།”གོ་བདེ་བའི་གླུ་ཚིག་ནང་དོན་ལ་མང་ཚོགས་ཀྱི་མགོ་བོ་ལྡེམ་ལྡེམ་གྱིས་ཁས་ལེན་བྱེད་བཞིན་ཡོད་ལ། ལྟ་མཁན་རྣམས་ཀྱིས་དགའ་སྤྲོའི་ཐལ་མོ་རྡེབ་བཞིན་ཡོད།

ཁུ་ལུའུ་ཁུ་གྲོང་རྡལ་གྱི་སྡེ་དམངས་ལིས་ཡུག་དི་ཡིས་བཤད་རྒྱུར། “སྒྲོག་འགྲེལ་རླངས་འཁོར”ལོ་རེར་གྲོང་རྡལ་དུ་ཡོང་ནས་སྒྲོག་འགྲེལ་བྱེད་པ་དང་། ང་ཚོ་ཁོ་ཚོ་ལ་རྒྱུས་ལོན་ཟབ་མོ་ཡོད། སྒྲོག་འགྲེལ་རླངས་འཁོར་གྱི་འཁྲབ་ཚན་ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་བྱེད་བཞིན་ཡོད་ལ། རོལ་རྩེད་བྱེད་པ་དང་མཉམ་དུ་ང་ཚོར་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་སློབ་སྦྱོང་བྱེད་དུ་བཅུག་པས། ང་ཚོའི་ལས་ཞོར་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བར་མ་ཟད། ང་ཚོར་སློབ་ཁྲིད་ཀྱང་བྱས་པས་དངོས་གནས་གཅིག་གོ་ཉིས་ཆོད་རེད་ཟེར།

“སྨྱུག་ལེབ་རྡེབ་སྒྲས་བར་སྣང་བཀང་། སྒྲོག་འགྲེལ་མི་སྣ་སྟེགས་བུར་བུད། ཡུལ་མི་སྤུན་ཟླས་ང་ལ་ཉོན། ནག་འཇོམས་ངན་སེལ་ང་ཡིས་སྒྲོག ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། དཔྱིད་ཀྱི་འབྲུག་སྒྲ་ལྡིར་བ་བཞིན། ཆེད་དོན་འཐབ་རྩོད་ལོ་གསུམ་སྤེལ། ཐབས་མཆོག་བཏོན་ནས་བདེ་འཇགས་སྲུང་། ཀྲུང་གུང་ཀྲུང་དབྱང་ཐབས་ཇུས་བཟང་། ནག་འཇོམས་ངན་སེལ་དམངས་ལ་ཕན། ཏང་ཡོངས་དམངས་ཡོངས་སྐུལ་སློང་བྱས། ནུས་ཤུགས་ཡོད་དགུས་ཉེས་ཅན་འཛིན།”མང་ཚོགས་ཀྱི་མགྱོགས་བཤད《ནག་འཇོམས་ངན་སེལ་བྱས་ཏེ་སྲོལ་བཟང་སྤེལ》ཞེས་པ་ལས་འཁྲབ་སྟོན་གྱི་མཐོ་རླབས་བསླངས་བ་དང་། ལྟད་མོ་བའི་ཐལ་མོ་རྡེབ་སྒྲ་བར་མེད་དུ་གྲགས།

ཐང་ཧྲིན་ལུའུ་ཡིས་བཤད་རྒྱུར། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་དེ་མང་ཚོགས་རྣམས་བལྟ་དགའ་ཉན་སྤྲོ་དང་ནང་དོན་རྒྱུས་ལོན་བྱེད་སླ་བའི་རིག་རྩལ་ལེ་ཚན་དུ་འགྱུར་ཆེད། ང་ཚོས་ཐེངས་མང་པོར་འཁྲབ་སྟོན་མི་སྣ་རྩ་འཛུགས་བྱས་ཏེ་ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་ཀྱི་ཡིག་ཆ་ཞིབ་ཀློག་བྱས་པ་དང་། ནང་དོན་ལ་གོ་བ་ཟབ་མོ་བླངས་རྗེས། ས་གནས་ཀྱི་སྐད་ཆའི་བཞད་གར《ངན་ནག་མི་སྣའི་འཇིག་ཁ》དང《ནག་འཇོམས་ངན་སེལ་སྤེལ་བའི་དུས》སོགས་ཀྱི་ལེ་ཚན་སེམས་ཞིབ་མོས་གྲ་སྒྲིག་བྱས། མང་ཚོགས་རྣམས་ལ་ཕུལ་དུ་བྱུང་བའི་རིག་རྩལ་འཁྲབ་སྟོན་བྱས་པ་དང་། མང་ཚོགས་ཀྱི་ལྟ་རྒྱ་ཇེ་ཆེར་བཏང་བ་དང་ཆབས་ཅིག ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་དགོངས་དོན་མང་ཚོགས་ཀྱི་སེམས་སུ་ཟབ་མོར་བཞག

ལྟད་མོ་བ་རྣམས་ཀྱིས་འཁྲབ་སྟོན་ལ་ལྟ་ཞོར་བརྙན་རིས་ཕབ་ནས་དྲ་ཚོམ་དུ་བསྐུར་བཞིན་ཡོད། འཁྲབ་ཚན་རེ་རེ་མཇུག་སྒྲིལ་སྐབས། མང་ཚོགས་རྣམས་ཀྱིས་དགའ་སྤྲོའི་ཐལ་མོ་རྡེབ་བཞིན་ཡོད། ལྟད་མོ་བ་ཐན་ཡུག་ཡོན་གྱིས་བཤད་རྒྱུར། ད་ལྟ་རིམ་པ་སོ་སོའི་ལས་བྱེད་མི་སྣ་གཞི་རིམ་དུ་བསྐྱོད་པ་དང་། སྡེ་བ་དང་ཁྱིམ་ཚང་དུ་སོང་ནས་ནག་འཇོམས་ངན་སེལ་གྱི་ཤེས་བྱ་དྲིལ་སྒྲོག་བྱེད་བཞིན་ཡོད། གལ་ཏེ་ང་ཚོའི་ཁུངས་སྣེ་རྙེད་ཚེ་དུས་ཐོག་ཏུ་ཞུ་གཏུག་བྱེད་ངེས་ཡིན་ཟེར།

ཡུལ་དངོས་ཀྱི་རྣམ་པ་ཇེ་བཟང་དུ་གཏོང་ཆེད། སྒྲོག་འགྲེལ་ཚོགས་པས་སེམས་ཞིབ་མོས་དྲི་བ་དྲིས་ལན་དང་ལེགས་སྐྱེས་ཆུང་བ་གྲ་སྒྲིག་བྱས། མདོ་འཛིན་པས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་སྤྱིའི་འཆར་གཞི་ནི་ཅི་ཡིན་ཞེས་དྲིས་པ་ན། མང་ཚོགས་རྣམས་ཀྱིས་ལག་པ་ཡར་བཀྱག་ནས། སྤྱིའི་འཆར་གཞི་ནི་རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད2018ལོའི་ཟླ་དང་པོ་ནས་མགོ་བརྩམས་པ་དང་། 2020ལོའི་ལོ་མཇུག་ཏུ་མཇུག་རྫོགས་རྒྱུ་རེད། དུས་ཡུན་ལོ་གསུམ་རེད། མང་ཚོགས་རྣམས་ཀྱིས་སྤྲོ་སེམས་ལྡན་པའི་སྒོ་ནས་ལན་འདེབས་བཞིན་ཡོད།

“ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་ཇུས་ཆོད་གལ་ཆེན་ཡིན་ལ། སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་དང་རྒྱལ་ཁབ་ཡུན་རིང་བདེ་འཇགས་ལ་འབྲེལ་བ་ཡོད་པ་དང་། རླབས་ཆེན་འཐབ་རྩོད་ལག་བསྟར་དང་རླབས་ཆེན་བཟོ་སྐྲུན་འཛུགས་སྐྲུན། རླབས་ཆེན་ལས་དོན་ལ་སྐུལ་འདེད། རླབས་ཆེན་ཕུགས་འདུན་མངོན་འགྱུར་བཅས་ལ་འབྲེལ་བ་དམ་པོ་ཡོད། མང་ཚོགས་ཀྱི་ནུས་ཤུགས་ལ་བརྟེན་པ་དང་རྒྱ་ཁྱབ་ངང་སྐུལ་སློང་བྱེད་པ། དམངས་ཡོངས་བྱ་འགུལ་ཁྲོད་ཞུགས་ཏེ། ཆེད་དོན་འཐབ་རྩོད་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆགས་སུ་བཅུག་ན། ད་གཟོད་ནག་འཇོམས་ངན་སེལ་གྱི་མི་དམངས་ཀྱི་འཐབ་རྩོད་འདི་ལ་རྒྱལ་ཁ་ལེན་ཐུབ་པ་དང་། མི་དམངས་མང་ཚོགས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་མཛེས་སྡུག་གི་འཚོ་བར་རོལ་མྱོང་བྱེད་དུ་འཇུག་ཐུབ།”འཁྲབ་སྟོན་མཇུག་རྫོགས་རྗེས་ཐང་ཧྲིན་ལུའུ་ཡི་སྒྲོག་འགྲེལ་ཡག་ཐོག་ཡག་བརྩེགས་ཡིན་པས། མང་ཚོགས་ཀྱིས་ཁས་ལེན་ཆེན་པོ་ཐོབ།

“མང་ཚོགས་ཀྱི་སྒྲོག་འགྲེལ་རླངས་འཁོར”ནི་འཁོར་སྐྱོད་ཀྱི་གར་སྟེགས་ཞིག་རེད། ཐང་ཧྲིན་ལུའུ་ཡིས་བཤད་རྒྱུར། ང་ཚོས་གར་སྟེགས་འདི་བེད་སྤྱོད་གང་ལེགས་བྱས་ཏེ། ཀྲུང་དབྱང་དང་ཞིང་ཆེན་གྱི་སྲིད་ཇུས་མཚོ་ནུབ་ཀྱི་ས་གཞི་ཡོངས་ལ་ཁེབས་སུ་འཇུག་རྒྱུ་ཡིན། དེ་རིང་ནི་སྒྲོག་འགྲེལ་རླངས་འཁོར་གྱི་ནག་འཇོམས་ངན་སེལ་རིག་རྩལ་སྒྲོག་འགྲེལ་ཐོག་མ་ཡིན། མ་འོངས་བའི་ཉིན་བཅུ་ཕྲག་གི་རིང་། སྒྲོག་འགྲེལ་ཚོགས་པ་ན་གོར་མོ་གྲོང་ཁྱེར་དང་ཏུའུ་ལན་རྫོང་། བུའུ་ལན་རྫོང་བཅས་སུ་སོང་ནས། མང་ཚོགས་རྣམས་ལ་དགོངས་དོན་གྱི་མཐོང་ཚོར་གཟབ་རྒྱས་ཀྱིས་འཁྲབ་སྟོན་བྱ་རྒྱུ་ཡིན་ཟེར།

ལོ་ཙཱ་བ། ཤ་བོ་རིན་མཚོ།