གཞིས་ཁྱིམ་གསར་པར་གནས་སྤར་ནས་བདེ་སྐྱིད་ཀྱི་འཚོ་བ་གླེང་།
2019.06.27 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 35

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་རྩི་གོར་ཐང་གྲོང་རྡལ་གྱི་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ་ནི་གནས་སྤོ་སྡོད་དམངས་གསར་དུ་བཀོད་སྒྲིག་བྱེད་ས་ཞིག་ཡིན་པ་དང་། དེ་རུ་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་གཞི་གསར་བ་སྟོང་གཅིག་དང་ཉིས་བརྒྱ་ཡོད།

རྩི་གོར་ཐང་གྲོང་རྡལ་དང་། ཆུ་སྔོན་གྲོང་རྡལ། ཐང་ནག་ཞང་། ཆུ་ཁོལ་ཞང་། ལུང་བཟང་ཞང་བཅས་ཞང་དང་གྲོང་རྡལ་ལྔའི་སའི་རྒྱ་ཁྱོན་ལ་སྤྱི་ཆིངས་བརྒྱ་ཡོད་ཅིང་། གནས་སྤོ་བའི་ལས་གཞི་དེ་ནི་ཞིན་ཧེ་རྫོང་གིས་རོང་འབྲོག་མང་ཚོགས་སྐོར་ཞིག་སྡོད་གནས་ཁ་ཐོར་ཡིན་པ་དང་། འགྲིམ་འགྲུལ་ཧ་ཅང་སྟབས་མི་བདེ་བའི་དོན་དངོས་ལ་དམིགས་ཏེ་ཡུལ་གཞན་དུ་གནས་སྤོ་བར་སྐུལ་འདེད་གཏོང་བའི་ལས་གཞི་ཞིག་ཡིན་ཞིང་། 2017ལོའི་ཟླ9པར་ལས་མགོ་བརྩམས། ད་ལྟ། དེང་རབས་ཅན་གྱི་དམངས་སྲོལ་རིག་གནས་སྡེ་བ་ཞིག་དེ་རུ་ཆགས་འདུག་ལ། དབུལ་ཕོངས་མང་ཚོགས་ཀྱི་འཚོ་བ་གསར་པ་ཞིག་འགྲུབ་ཡོད་པར་མ་ཟད། དེ་ནི་ཞིན་ཧེ་རྫོང་གི་དབུལ་ཐར་འགག་སྒྲོལ་ལམ་བུའི་སྟེང་གི་རེ་བའི་ལེའུ་ཞིག་རེད།

རིན་ཆེན་ཐར་ཚང་ནི་ཞིན་ཧེ་རྫོང་ཆུ་ཁོལ་ཞང་གསེར་ཐང་སྡེ་བའི་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་དབུལ་ཁྱིམ་ཞིག་རེད། 2018ལོའི་ཟླ9པར། དུས་རིམ་དང་པོའི་གནས་སྤོ་ཁྱིམ་ཚང་ཞིག་ཡིན་པས་ཁྱིམ་ཚང་གཅིག་གི་བཟའ་མི་ཆེ་ཆུང་ལྔ་བོ་རྫོང་མཁར་དང་སྤྱི་ལེ་གཉིས་ཡོད་པའི་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བར་གནས་སྤར་བ་དང་། མུས་གྲུ་བཞི་མ་བརྒྱད་ཅུ་ཅན་གྱི་ཁང་པ་གསར་བར་གནས་སྤར་བ་ལས་སྔོན་ཆད་དགུན་ཁར་ཙག་མི་ཁོག་ལ། དབྱར་ཁར་ཆར་མི་ཁོག་པའི་ས་ཁང་དང་ཁ་གྱེས། གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་འདི་གླེང་ཚེ། རིན་ཆེན་ཐར་གྱིས་མཐེ་བོང་སྒྲེང་བཞིན་བཤད་པའི་སྐད་ཆའི་ནང་དུ་སྲིད་ཇུས་བཟང་པོར་བསྟོད་བསྔགས་ཀྱིས་ཁེངས་འདུག

“ང་ཚོའི་སྔོན་ཆད་ཀྱི་སྡོད་ས་ཚང་མ་ས་ཁང་ཡིན་ཞིང་། ཆ་རྐྱེན་ཞན་ལ་སྡོད་གནས་མཐའ་འཁོབ་ཡིན་པས། རྫོང་མཁར་དུ་ཡོང་ནས་དོན་དག་རེ་བསྒྲུབ་དགོས་ན་ཉིན་ཕྱེད་ཅིག་གི་དུས་ཚོད་དགོས་ཤིང་། སྨན་པར་ནད་སྟོན་པ་དང་སློབ་གྲྭར་འགྲོ་བར དཀའ་ངལ་ཤིན་ཏུ་ཆེ། ད་ལྟ་སྐར་མ20ལ་སོང་ན་རྫོང་མཁར་དུ་ཐོན་ཐུབ་ལ། ཁོད་ཡངས་ཤིང་འོད་གསལ་བའི་ཁང་གསར་འདི་འདྲ་ཞིག་ཏུ་གནས་སྤོར་ཐུབ་པ་ནི་སྔོན་ཆད་ཡིད་ལའང་དྲན་མ་མྱོང་། འདི་ལྟ་བུའི་གནས་མཛེས་སྡུག་ལྡན་པ་ཞིག་ནས་སྡོད་ཐུབ་པས་ཚང་མ་ཤིན་ཏུ་སྐྱིད”ཟེར།

ཞིན་ཧེ་རྫོང་དབུལ་སྐྱོར་གསར་སྤེལ་ཅུ་ཡི་ལས་བྱེད་མི་སྣ་ལིའང་ཙུང་ཞའོ་ཡིས་ངོ་སྤྲོད་བྱས་པ་ལྟར་ན། ལས་གཞི་དེས་སྡོད་ཁང་དང་། ལུས་རྩལ་ར་བ། ཞིང་པའི་སྤྲོ་ཁྱིམ་དང་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཚོང་ཁང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་སྐབས། བོད་རིགས་དམངས་སྲོལ་གྱི་གོམས་གཤིས་འབུར་དུ་ཐོན་པར་བྱས་ཡོད་ལ། སྲོལ་རྒྱུན་དམངས་སྲོལ་དང་དེང་རབས་ཐོན་ཁུངས་ཟུང་འབྲེལ་བྱས་ཤིང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཡོང་དུ་བཅུག་སྟེ། དབུལ་ཕོངས་མང་ཚོགས་ཡུལ་གཞན་དུ་གནས་སྤར་རྗེས་ཀྱི་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཐད་འགན་སྲུང་ཡོད་པར་བྱས་ཟེར།

ཞིན་ཧེ་རྫོང་ལུང་བཟང་ཞང་རྔ་རྡུང་སྡེ་བའི་བསོད་ནམས་རྒྱ་མཚོ་ནི་སྡེ་གསར་ཐོན་ལས་འཕེལ་རྒྱས་གཏོང་བའི་ལས་སྐྲུན་པ་སྐོར་ཁག་དང་པོ་རེད། 2018ལོའི་ཟླ10པའི་ཟླ་མཇུག་ཏུ། ཁོས་སྡེ་བའི་ནང་གི་ཡིག་ཚགས་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང11དང་མཉམ་འབྲེལ་གྱིས་དངུལ་བུན་བསྐྱིས་ཤིང་མ་དངུལ་བསྡུ་རུབ་བྱས་ནས་གསར་དུ་གྲུབ་པའི་ཚོང་ཁང་ཞིག་འགན་གཙང་ལེན་བྱས་པ་དང་། མཉམ་འབྲེལ་སྒོས་མཛེས་བཟོ་དང་རྒྱན་སྤྲས་ལས་སྣོན་གྱི་ཁང་པ་དང་རང་འདེམ་ཚོང་ཁང་གཉེར་བར་གྲ་སྒྲིག་བྱེད་བཞིན་ཡོད་ལ། རང་བདག་གསར་གཏོད་ལ་བརྟེན་ནས་ཡོང་འབབ་ཇེ་མང་དུ་བཏང་ནས་ཕྱུག་བསྒྱུར་བྱེད་བཞིན་ཡོད།

དེང་ཕྱིན་ཆད་ཀྱི་འཆར་གཞི་གླེང་སྐབས། བསོད་ནམས་རྒྱ་མཚོར་ཡིད་ཆེས་ཀྱིས་ཁེངས་བཞིན“ང་ཚོ་ཚང་མ་ནི2018ལོའི་ཟླ9པར་ས་འདིར་གནས་སྤར་བ་ཡིན་ལ། ཚོང་སྒོ་ཕྱེས་ནས་གཟའ་འཁོར་གཉིས་ལས་འགོར་མེད། སྲིད་གཞུང་གིས་ང་ཚོར་ལོ་གཉིས་ཀྱི་ཁང་གླ་མེད་པར་བཏང་བར་མ་ཟད། ང་ཚོས་རྗེས་ཕྱོགས་ཚོང་གཉེར་ཇི་ལྟར་བྱེད་པར་མཛུབ་སྟོན་གནང་བས། ང་ཚོས་ཀྱང་ཤུགས་རྒྱག་དགོས་ལ། རྗེས་ཕྱོགས་ཀྱི་འཚོ་བ་ཇེ་བཟང་ནས་ཇེ་བཟང་ཡིན་པར་ཡིད་ཆེས་ཡོད ”ཟེར།

དགའ་འོས་པའི་འཕོ་འགྱུར་ནི་དེ་ཙམ་གྱིས་མི་ཚད་དེ། ཨ་མདོ་དམངས་སྲོལ་རིག་གནས་སྡེ་བའི་དོ་དམ་འཛིན་གྲྭའི་འཛིན་དཔོན་གཡང་འཛོམས་ཐར་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཞིང་སྡེའི་བུད་མེད་ཀྱིས་རང་གི་སྒོ་ཁ་ནས་ལས་ཞུགས་མངོན་འགྱུར་ཡོང་ཆེད། སྡེ་བའི་ནང་དུ་གད་བདར་པ་བཅུ་བཀོད་སྒྲིག་བྱས་ཏེ་སྡེ་བ་ཡོངས་ཀྱི་ཁྱིམ་ཚང་གི་སྒོ་ཁ་གཙང་ཕྱག་དང་གད་སྙིགས་གཙང་འདྲེན་གྱི་འགན་བླངས་ཡོད་པ་དང་། དེང་སྐབས་ཁོ་མོ་ཚོས་ཟླ་རེར་ཟླ་ཕོགས་སྒོར་མོ་སྟོང་གཅིག་དང་བརྒྱད་བརྒྱ་ལེན་བཞིན་ཡོད། གནས་སྤོར་བ་ནི་ཐབས་ལམ་ཡིན་ཞིང་དབུལ་ཐར་ནི་ད་གཟོད་དམིགས་ཡུལ་དངོས་རེད། རྗེས་ཕྱོགས་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བས་ད་དུང་སྤྱི་ཕན་རང་བཞིན་གྱི་ལས་གནས་འགའ་བཀོད་སྒྲིག་བྱས་ཏེ་བཀོད་སྒྲིག་བྱ་ཡུལ་གྱི་དབུལ་ཕོངས་ཁྱིམ་ཚང་དེ་ལས་མང་པོའི་ལས་ཞུགས་གནད་དོན་ཐག་གཅོད་རྒྱུ་རེད།

2018ལོའི་ཟླ11པའི་ཟླ་མཇུག་བར་དུ། སྡེ་གསར་ལ་གནས་སྤར་ཡོང་བའི་འབྲོག་དམངས་ཁྱིམ་ཚང་བརྒྱད་བརྒྱ་ང་གསུམ་ལ་སླེབས་ཟིན་པ་དང་། ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ2018ལོའི་ལོ་མཇུག་ཏུ་འཛུགས་སྐྲུན་བྱས་ཚར་ནས་ནང་དུ་མི་སྡོད་པ་དང་ལས་གཉེར་མངོན་འགྱུར་བྱས། གྲང་ངར་ཆེ་བའི་དགུན་ཁར། ཞིན་ཧེ་རྫོང་གི་ཁྱིམ་ཚང་སྟོང་ཕྲག་གི་མང་ཚོགས་རྣམས“ཡུལ་གཞན་དུ་གནས་སྤོ”བའི་ལས་གཞི་བརྒྱུད་ནས་སྡེ་གསར་དུ་གནས་སྤར་ཞིང་རྫོང་མཁར་དུ་བསྡད། གནས་སྤར་བ་དེས་འཚོ་བ་གསར་པའི་ནང“གནས་སྤར”དུ་བཅུག་པར་མ་ཟད། དེ་ལས་ཀྱང་ཞིན་ཧེ་རྫོང་གི་དབུལ་ཐར་འགག་སྒྲོལ་དེ་ལེའུ་གསར་པ་ཞིག་ལ་བསྐྱོད་དུ་བཅུག་པ་རེད།

                                                                                                           རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།