ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་ལས་རིགས་སློབ་གསོའི“ཕུགས་འདུན་འགྲུབ་པའི་བྱ་སྤྱོད་འཆར་གཞི”ལག་ལེན་བསྟར་བ་དང་། ལས་ཞུགས་མདུན་ལམ་ཡག་ལ་དགེ་མཚན་ལྡན་པའི་ཆེད་ལས་འདེམས་པ། ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་བྱིས་པ་བསྡུ་བ་བཅས་བྱས་ཏེ་ལས་རིགས་སློབ་གསོར་བརྟེན་ནས་དབུལ་ཐར་མཁྲེགས་གཏོར་ལ་རམ་འདེམས་བྱས་ཡོད། 2018ལོར་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གླིང་གིས་ཡིག་ཚགས་དང་བྱང་བུ་བཟོས་པའི་ཁྱིམ་ཚང་དབུལ་པོའི་བྱིས་པ2745ལ་སློབ་རྒྱུས་སློབ་གསོ་དང་ལེན་བྱེད་དུ་བཅུག་པ་དང་། མི1458གསར་དུ་བསྡུས་པ། མི2326ལ་གསོ་སྦྱོང་བྱས་པ་རེད།
ལས་རིགས་སློབ་གསོ་དེ་གནད་ཕིགས་དབུལ་སྐྱོར་དང་ཟུང་འབྲེལ་བྱས་པ་དང་། སློབ་གསོའི་གདེང་ཚོད་དེ་མཚོ་སྔོན་གྱིས་ལས་རིགས་སློབ་གསོ་སྒྱུར་བཅོས་བྱས་པའི་གསོན་ཤུགས་ལས་བྱུང་བ་ཞིག་རེད། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་ལས་རིགས་སློབ་གསོ་དང་དར་མའི་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་མཱ་ཧྥུའུ་ཆང་གིས་མཚོ་སྔོན་གྱིས་ཁེ་ལས་དང་བྱ་གཞག་ཚན་པ་དང་། སློབ་གྲྭ ཚན་ཞིབ་སྒྲིག་གཞི། མཐུན་ཚོགས་བཅས་ཁོངས་མིའི་སྡེ་ཚན་བྱས་པའི་ལས་རིགས་སློབ་གསོའི་ཚོགས་པ་9བཙུགས་ཏེ། ཁེ་ལས་45དང་མཉམ་ལས་བྱས་པ་དང་ཆབས་ཅིག་དེང་རབས་ཀྱི་སློབ་མའི་ལམ་ལུགས་ཚོད་ལྟ་བྱས་པ་དང་། སློབ་གྲྭའི་ཕྱི་ནང་དུ་ལག་ལེན་རྟེན་གཞི་300ལྷག་བཙུགས་ནས་ཞིང་ཆེན་ཕྱི་ནང་གི་ཁེ་ལས་1300ལྷག་དང་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཀྱི་འབྲེལ་བ་ཡག་པོ་བཙུགས་ཡོད་ཅེས་ངོ་སྤྲོད་བྱས་ཡོད།
2017ལོར། མཚོ་སྔོན་གྱིས《ལས་རིགས་སློབ་གསོ་སྒྱུར་བཅོས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ》བཀྲམ་ཏེ་ལས་རིགས་སློབ་གསོའི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”འཕེལ་རྒྱས་འཆར་འགོད་དང་། ཐོན་སློབ་མཉམ་འདྲེས་འཕེལ་རྒྱས་བཟོ་སྐྲུན་འཛུགས་སྐྲུན་འཆར་འགོད་སོགས་བཟོས་ཏེ་ལས་རིགས་སློབ་གསོ་འཕེལ་རྒྱས་ཀྱི་དམིགས་ཚད་དང་སློབ་གཉེར་གཞི་ཁྱོན་ཁ་གསལ་བཟོས་ཡོད། དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱིས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་དང་། ནོར་སྲིད། དཔལ་འབྱོར་ཆ་འཕྲིན་སོགས་སྡེ་ཚན་དང་མཉམ་དུ་དེང་རབས་སློབ་མའི་ལམ་ལུགས་དང་། ཚོགས་པ་ཅན་གྱི་སློབ་གཉེར། གསར་གཏོད་འཕེལ་རྒྱས་སོགས་ཀྱི་ཐད་ལག་བསྟར་ཇུས་གཞི་ཞིབ་ཕྲ་བཟོས་པ་དང་། སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་དཔྱད་དཔོག་གདེང་འཇོག་མ་ལག་བཙུགས་ཏེ་ཐོན་སློབ་མཉམ་འདྲེས་དང་སློབ་ཁེ་མཉམ་ལས་ཀྱི་མི་སྐྱོང་རྐྱེན་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་རེད། ད་དུང་གྲོང་ཁྱེར་དང་ཁུལ་རིམ་པའི“སློབ་གཉེར་ཆ་རྐྱེན་ཞན་པ་དང་། ཁྱད་ཆོས་མངོན་གསལ་དོད་པོ་མེད་པ། འཕེལ་རྒྱས་ཀྱི་སྦས་ཤུགས་ཆུང་བ”བཅས་ཀྱི་ལས་རིགས་སློབ་གྲྭ་བསྡུ་སྒྲིལ་བྱས་ནས“ཁུལ་གཅིག་ལ་སློབ་གྲྭ་གཅིག”གཙོ་གནད་བྱས་དེ་ལས་རིགས་གལ་ཆེན་ཚང་མར་སློབ་གླིང་རེའི་རྒྱབ་སྐྱོར་ཡོད་པའི་འགན་ལེན་བྱས་ཡོད་པ་རེད།
མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན་གྱི་ཐིན་ཀྲང་གཞོན་པ་ཅིན་ཏེ་ཀང་གིས་མཚོ་སྔོན་གྱིས་ལས་རིགས་སློབ་གསོ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཤེས་ལྡན་མི་སྣ་གསོ་སྦྱོང་གི་སྤུས་ཚད་མཐོར་འདེགས་ཐད་ཐབས་ལམ་གསར་བ་ཞིག་ཚོད་ལྟ་འཚོལ་ཞིབ་བྱེད་བཞིན་ཡོད་པས། སློབ་ཁེ་མཉམ་ལས་ཀྱི་ཕྱོགས་ལྷུང་གི་གནད་དོན་དེ་བས་ཐག་གཅོད་ཡག་པོ་བྱུང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་ཐོག་མར་མཚོ་སྔོན་ལས་རིགས་སློབ་གསོར་སློབ་མ་ཁྲི་3ལས་བརྒལ་བ་དང་འབྲིང་རིམ་ལས་རིགས་དང་མཐོ་རིམ་ལས་རིགས་ཀྱི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%དང་90%ཡན་སོ་སོ་རྒྱུན་འཁྱོངས་བྱས་ཡོད་ཅེས་དེ་ལྟར་བཤད་བྱུང་།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།