ལང་ཚོའི་མཆོད་འབུལ།
2019.07.04 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 47

ལྔ་བཞིའི་སྔོན་བསྐྱོད་པ་ལི་ཏཱ་ཀྲོ་ཡིས་དེ་སྔ་ཀྲུང་གོའི་ན་གཞོན་རྣམས་ལ་འདི་ལྟར་གདམས་ཏེ། ཉམས་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་ཕྲག་སྟེང་དུ་འོས་འགན་ཁུར་ཐུབ་དགོས་པ་དང་། ལང་ཚོའི་ཟིལ་ཤུགས་ལ་བརྟེན་ནས་ལང་ཚོ་ལྡན་པའི་རྒྱལ་ཁབ་དང་ལང་ཚོ་ལྡན་པའི་མི་རིགས་བཞེངས་སྐྲུན་བྱེད་དགོས་ཞེས་བཤད་མྱོང་། ལོ་ངོ་བརྒྱ་ཕྲག་འགོར་ཡང་། རྒན་རབས་པའི་གདམས་པའི་ངག་དེ་ད་དུང་ཡང་རྣ་ལམ་དུ་ལྡིང་བཞིན་ཡོད་ལ། དུས་རབས་གསར་བའི་མདུན་གྲལ་དུ་འདི་ལྟ་བུའི་ན་གཞོན་སྐོར་ཞིག་གིས་ལང་ཚོའི་ངོས་ནས་མཆོད་འབུལ་དང་ཕུགས་བསམ་བརྒྱུད་སྒྲོག་བྱེད་བཞིན་འདུག

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་བའི་ཚེས་གཅིག་ཉིན་ནི་ཀོང་ཅན་ཡུས་མཚོ་སྔོན་ལ་སློབ་གསོའི་རོགས་སྐྱོར་བྱ་བ་བསྒྲུབ་ཏུ་ཡོང་བའི་ཉིན་དང་པོ་ཡིན་པ་དང་། ཧི་པེ་ཞིང་ཆེན་ནས་མདོ་དབུས་མཐོ་སྒང་བར་སྤྱི་ལེ་སྟོང་གཅིག་དང་བདུན་བརྒྱ་ཙམ་གྱི་ལམ་ཐག་བརྒྱུད་དེ། ཁོས་སློབ་གསོའི་རོགས་སྐྱོར་ལ་བརྟེན་ནས་ལྔ་བཞིའི་སྙིང་སྟོབས་ཀྱི་ཆེས་མཛེས་པའི་དེང་རབས་རིན་ཐང་འགྲེལ་བཤད་བྱས་ཡོད།

ཀོང་ཅན་ཡུས་ནི་ཧི་པེ་སློབ་ཆེན་གྱི་སྐབས་བཅུ་གསུམ་པའི་ཞིབ་འཇུག་སློབ་མའི་སློབ་གསོའི་རོགས་སྐྱོར་ཚོགས་པའི་མཚོ་སྔོན་ཡན་ལག་ཚོགས་པའི་རུ་དཔོན་ཡིན་པ་དང་། ད་དུང་ཁོ་དང་མཉམ་དུ་སློབ་གསོའི་སྟེང་རོགས་སྐྱོར་དུ་ཡོང་བའི་གྲོགས་པོ་བདུན་ཡོད་པ་ཚང་མ་ཡང་སློབ་མཐར་ཕྱིན་མ་ཐག་པའི་ཉིས་སྟོང་བཅོ་བརྒྱད་ལོའི་སློབ་ཆེན་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་འགོད་ནང་ཞུགས་པའི་དང་བླངས་མཁན་ཏག་ཏག་ཡིན་ཞིང་།  མི་བཞི་ཚོགས་པ་གཅིག་བྱས་པའི་ཁོ་ཚོས་སོ་སོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་རིག་སྨོན་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་དང་། ཅང་ཤེས་ཁུགས་ཞང་མི་རིགས་བཅའ་སྡོད་སློབ་ཆུང་ནས་དུས་ཡུན་ལོ་ངོ་གཅིག་རིང་གི་སློབ་གསོའི་རོགས་སྐྱོར་བྱ་བ་སྤེལ། སློབ་གསོ་རོགས་སྐྱོར་ཚོགས་པར་མིང་ཐོ་འགོད་མཁན་གྱི་སློབ་མ་རྣམས་ཀྱི་དྲན་ཚུལ་ཧ་ཅང་སྟབས་བདེ་ཡིན་ལ། ང་ཚོས་ལོ་ངོ་གཅིག་གི་དུས་ཚོད་བཀོལ་ཏེ་མི་ཚེ་གང་བོར་བརྗེད་དཀའ་བའི་དོན་དག་ཅིག་སྒྲུབ་ཐུབ་རྒྱུའི་རེ་བ་བཅངས་བཞིན་ཡོད་ཅེས་ཐོག་དང་པོར་རིག་སྨོན་གྲོང་རྡལ་དུ་སླེབས་པའི་ཀོང་ཅན་ཡུས་ཡི་ཡིད་སེམས་མཐོ་སྒང་གི་ངོ་མཚར་མཛེས་སྡུག་གིས་དྲངས་པ་དང་། གྲོང་རྡལ་ཆུང་བའི་ལྷིང་འཇགས་དང་མཛེས་པ་ཡིས་ཁོ་རང་ལ་གནས་སྐབས་སུ་ཕ་ཡུལ་དྲན་པའི་གདུང་བ་བརྗེད་དུ་བཅུག་ཡང་། མཚོ་ངོས་ལས་མཐོ་ཚད་ལ་མུས་སྟོང་གསུམ་དང་ཉིས་བརྒྱ་ཡོད་པའི་རྫ་དུག་གིས་ཁོའི་ལུས་ཕུང་མི་བདེ་བར་བཟོས།

མཚམས་ལན་རེར་རྫ་དུག་གིས་ཁོའི་མགོ་ན་ནས་གཉིད་མི་ཐུབ་པ་དང་། དམའ་སར་སྡོད་དུས་ཆམ་ནད་ཙམ་ཡང་བྱུང་རྒྱུ་མེད་པའི་ཁོ་ཚོར་གཅིག་རྗེས་གཉིས་མཐུད་དུ་ཆམ་ནད་ཕོག དེ་བས་ཁོ་ཚོས་མཉམ་དུ་གོམ་བགྲོད་བྱས་ནས་སྦྱོང་བརྡར་བྱས་པ་དང་། དེ་ལྟར་བྱས་ན་ཕྱོགས་གཅིག་ནས་སྔར་ལས་མགྱོགས་པོའི་སྒོ་ནས་མཐོ་སྒང་གི་ནམ་ཟླར་འཚམ་པོར་ཡོང་བ་དང་། ཕྱོགས་གཞན་ཞིག་ནས་སློབ་གསོའི་རོགས་སྐྱོར་བྱ་བར་འགོར་འགྱངས་བྱེད་འདོད་མེད་པ་དེ་ཡིན་ཞེས་རིག་སྨོན་གྲོང་རྡལ་དུ་གསར་དུ་ཐོན་པའི་ཉིན་མོ་དག་ལ་ཕྱིར་དྲན་བྱེད་སྐབས། ཀོང་ཅན་ཡུས་ཡིས་མི་བདེ་བའི་ཚོར་བ་དག་རགས་རམ་གྱིས་བརྗོད་པ་དང་།  གྲང་ངར་ཆེ་བ་དང་། རྫ་དུག་ཕོག་པ། བཟའ་བཏུང་མི་འཕྲོད་པ་སོགས་ནི་ཁོ་དང་ཁོའི་ལས་གྲོགས་ཚོར་མཚོན་ན་ཅི་ཡང་མིན་པ་རེད། འཚོ་བའི་ཆ་རྐྱེན་ཇི་འདྲའི་སྡུག་ནའང་། སློབ་གསོའི་རོགས་སྐྱོར་གྱི་ཆོད་སེམས་དེ་ལས་བརྟན།

སློབ་གྲྭའི་ནང་དུ། སློབ་གསོ་རོགས་སྐྱོར་ཚོགས་པའི་འགན་ཁུར་གཙོ་བོ་ནི་རྒྱ་ཡིག་དང་། ཚན་རིག གླུ་དབྱངས་སོགས་སློབ་ཁྲིད་བྱེད་རྒྱུ་དེ་ཡིན་པ་དང་། ད་དུང་ཁག་གཅིག་གིས་སློབ་གྲྭའི་གཞུང་སྒྲུབ་དང་། ཚོགས་པ་འཛུགས་སྐྲུན། གློག་ཀླད་སྟེང་སློབ་ཁྲིད་བྱེད་པ། མཁོ་སྒྲུབ་སོགས་སྲིད་འཛིན་གྱི་བྱ་བ་སྒྲུབ་པའི་འགན་ཁུར་དགོས། འཛིན་གྲྭའི་ནང་དུ་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་མི་འདང་བའི་སྐབས་སུ། ཀོང་ཅན་ཡུས་དང་ཁོའི་གྲོགས་པོ་ཚོས་མྱུར་མོར་དེའི་ཚབ་དུ་སློབ་ཁྲིད་བྱེད་བཞིན་ཡོད།  སློབ་གྲྭར་ཐོན་པའི་རྗེས་སུ། ང་ཚོས་ལོ་རིམ་དམའ་བའི་སློབ་གྲོགས་ཚོས་རྒྱ་སྐད་དེ་འདྲ་མི་གོ་ཞིང་། ཕན་ཚུན་བརྗེ་རེས་བྱེད་པར་དཀའ་ངལ་ཡོད་པ་ཚོར། དེ་བས་ང་ཚོས་ཀྱང་ཡར་ལུང་ཁམས་ནས་བསྡད་ན་ཡར་ལུང་མཁན་པོར་བརྟེན་དགོས་ཞེས་པའི་དཔེ་ལྟར་དུ། རྒྱུན་སྤྱོད་བོད་སྐད་འགའ་རེ་ལ་སློབ་སྦྱོང་བྱས་ཏེ་བྱིས་པ་ཚོ་དང་འབྲེལ་འདྲིས་བྱེད་པར་སྟབས་བདེ་བསྐྲུན། དེ་ལས་གཞན། ང་ཚོས་སློབ་ཁྲིད་བྱེད་སྐབས་སྨྱན་བྱད་གསར་བའི་སློབ་ཁྲིད་བྱེད་ཐབས་སྤྱད་དེ། བྱིས་པ་ཚོར་གསོན་ཉམས་ལྡན་པའི་རི་མོ་དང་སྐད་ཆར་བརྟེན་ནས་དཔེ་ཆའི་ཐོག་ཤིན་ཏུ་གོ་དཀའ་བའི་ཤེས་བྱ་སློབ་མའི་རྒྱུད་ལ་འབྱོར་ཐུབ་པ་བྱས། ང་ཚོའི་སློབ་ཁྲིད་ཉམས་མྱོང་དང་བྱིས་པ་ཚོའི་རྒྱུད་ལ་འབྱོར་བའི་ནུས་པ་གཉིས་མཉམ་གཅིག་ཏུ་སྒྲུབ་ཐུབ་པ་བྱས་པས། ད་ལྟའི་བར་ང་ཚོ་ནི་དགེ་སློབ་ཡིན་པར་མ་ཟད། གྲོགས་པོ་ཡང་ཡིན་ཟེར།

སློབ་ཐུན་རེ་རེར་སློབ་ཁྲིད་བཟང་པོ་བྱེད་རྒྱུ་ནི་དགེ་རྒན་གྱི་ཆེས་སྤྱིར་བཏང་གི་འོས་འགན་ཞིག་ཡིན་ཡང་། ཀོང་ཅན་ཡུས་དང་ཁོའི་གྲོགས་པོ་ཚོས་བལྟས་ན། སྡོང་བོ་རྒྱས་ན་སྡོང་བོ་འཛུགས་མཁན་གྱི་མི་བརྗེད་མི་རུང་བར་འདོད། དེ་བས་སློབ་གསོ་རོགས་སྐྱོར་ཚོགས་པས་སློབ་གྲྭའི་ནང་དགའ་བ་བཞི་དང་ཡོད་པ་གསུམ། མི་རིགས་མཐུན་སྒྲིལ། རྒྱལ་གཅེས་སློབ་གསོ་སོགས་ཀྱི་བྱ་འགུལ་རབས་དང་རིམ་པ་ཞིག་སྤེལ།

“ན་ནིང་གི་ཟླ་བཅུ་གཉིས་པའི་ཚེས་བཅུ་གསུམ་ཉིན། ང་ཚོས་རྩ་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་སྤྱི་མཆོད་ཉིན་མོ་སྟེ་རྒྱལ་གཅེས་སློབ་གསོའི་བྱ་འགུལ་ཞིག་སྤེལ་བ་དང་། ལོ་རྒྱུས་འཆད་པ་བརྒྱུད་དེ་བྱིས་པ་ཚོས་རྒྱལ་ཁབ་ཀྱི་ངོ་ཚ་བརྗེད་མི་རུང་བ་དང་། འབད་བརྩོན་ལྷོད་མེད་བྱེད་རྒྱུའི་རེ་བ་བཅངས། བྱ་འགུལ་ཁྲོད་བྱིས་པ་མང་པོ་ཞིག་གིས་མིག་ཆུ་ཤོར་བ་དང་། མགོ་སྒུར་ནས་མྱ་ངན་ཞུ་ལ། རྒྱལ་དར་བསྒྲེངས་པའི་སྐབས་སུ་སྔར་བས་གཟབ་ནན་ཡིན་པ་རེད། ང་ཚོས་བྱིས་པ་ཚོས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཀུན་སྤྱོད་བཟང་པོར་གོ་བ་ལོན་པ་དང་དར་སྤེལ་བྱེད་པ་དང་། མཐུན་སྒྲིལ་བརྗེད་མི་ཉན་པ་དང་། རྒྱལ་ཁབ་ལ་གཅེས་པ་ནམ་ཡང་འདོར་མི་ཉན་པའི་རེ་བ་བྱེད་བཞིན་ཡོད”ཅེས་རྒྱལ་གཅེས་སློབ་གསོའི་ཁྲོད་བྱིས་པ་ཚོའི་རྣམ་འགྱུར་ལ་ཕྱིར་དྲན་བྱེད་སྐབས་ཀོང་ཅན་ཡུས་ཀྱི་སེམས་ལ་ང་རྒྱལ་དང་སྤོབས་པ་ཞིག་གིས་ཁེངས་འདུག

མཚོ་སྔོན་དུ་མ་ཡོང་བའི་སྔོན་ལ། ཀོང་ཅན་ཡུས་ཀྱིས་སྔོན་ཆད་རང་ཤུགས་ཡོད་ཚད་བཏོན་ཏེ་སློབ་མ་ཚོའི་སློབ་སྦྱོང་དང་ཀུན་སྤྱོད་གཉིས་ཐད་ནས་གོང་འཕེལ་གཏོང་བར་རོགས་རམ་བྱེད་འདོད་པ་དང་། སློབ་གྲྭར་ཐོན་རྗེས། ཁོར་ཡང་བསྐྱར་དམིགས་འབེན་གསར་བ་ཞིག་ཁ་སྣོན་བྱས་པ་ནི་རོགས་སྐྱོར་དགེ་རྒན་ཞིག་ནས་སེམས་གསོ་བྱེད་མཁན་གྱི་དགེ་རྒན་ཞིག་བྱེད་དགོས་པ་དེ་ཡིན་ལ། རོགས་སྐྱོར་དགེ་རྒན་ཚོགས་པས་བྱིས་པ་ཚོར་ཤེས་བྱ་ཁྲིད་པ་དང་། མི་བཟང་པོ་ཞིག་བྱེད་པའི་སློབ་གསོ་བཏང་བར་མ་ཟད། ད་དུང་རང་ནུས་ཡོད་ཚད་ཀྱིས་བྱིས་པ་ཚོར་དྲོད་ཁོལ་བསྐྱལ།

“སློབ་ཁྲིད་བྱེད་པའི་སྐབས་སུ། བྱིས་པའི་མིག་ཟུང་ནི་མཚོ་སྔོན་པོ་དང་འདྲ་བར་ཧ་ཅང་དྭངས་ཤིང་གསལ་ལ། ཁོ་ཚོའི་དགེ་རྒན་ཡིན་པའི་ཆ་ནས། ང་ཚོས་བྱིས་པ་ཚོས་ཤེས་བྱར་རེ་སྙེག་དང་དགའ་ཞེན་བྱེད་པའི་བསམ་བློར་སྲུང་སྐྱོབ་བྱས་ནས་རོགས་སྐྱོར་དགེ་རྒན་གྱི་བྱ་བ་བཟང་པོར་བསྒྲུབ་པའི་རྨང་གཞིའི་སྟེང་། སྤྱི་ཚོགས་ཐོན་ཁུངས་ཅིས་ནུས་ཀྱིས་འདོན་སྤེལ་དང་ཞལ་འདེབས་བསླངས་ཏེ་སློབ་གསོ་རོགས་སྐྱོར་ཐད་བཀོལ་སྤྱོད་བྱས།” རོགས་སྐྱོར་དགེ་རྒན་མ་བྱས་པའི་སྔོན་ལ། ཀོང་ཅན་ཡུས་དང་ཁོའི་ཚོགས་པའི་ནང་གི་གྲོགས་པོ་ཚོས་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་ལྡན་པའི་མི་སྣ་རྣམས་དང་འབྲེལ་འདྲིས་བྱས་ཏེ་བྱིས་པ་ཚོར་ཞལ་འདེབས་སྒོར་མོ་སྟོང་ལྔ་ཕུལ་བ་གཅིག་བསྡུས་བྱས་པ་དང་། དེས་བྱིས་པ་རྣམས་ལ་དགུན་ལྭ་ཉོས། ད་དུང་བྱིས་པའི་ཕུགས་བསམ་དང་མཉམ་དུ་བསྐྱོད་ཅེས་པའི་བྱ་དགའི་དངུལ་དང་ཡུན་རིང་རོགས་སྐྱོར་བྱེད་པའི་སྒྲིག་གཞི་བཙུགས་ཏེ། དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་བྱིས་པས་ཕུགས་བསམ་བསྙེགས་པར་རོགས་སྐྱོར་བྱས་པའི་དུས་མཚུངས་སུ་ཁོ་ཚོར་སློབ་སྦྱོང་ལ་འབད་བརྩོན་བྱས་ནས་ཡར་ཐོན་ཡོང་བའི་སྐུལ་ལྕག་གནང་།

ཀོས་ཅན་ཡུས་དང་རོགས་སྐྱོར་དགེ་རྒན་ཚང་མས་བྱིས་པ་ཚོར་རང་གི་ཕ་ཡུལ་ལས་གཞན་པའི་ས་ཁུལ་ལ་སོང་ནས་རང་ཉིད་ཀྱི་མཐོང་རྒྱ་བསྐྱེད་ཐུབ་པར་རེ་བ་བྱེད་བཞིན་ཡོད། ད་ལོའི་ཟླ་བཞི་བའི་ཚེས་ཉེར་གཅིག་ཉིན། ཧི་པེ་སློབ་ཆེན་ཞིབ་འཇུག་སློབ་མའི་རོགས་སྐྱོར་དགེ་རྒན་ཚོགས་པས་ཧུར་བརྩོན་གྱིས་མ་དངུལ་བསྡུས་པ་བརྒྱུད། བྱིས་པའི་ཕུགས་བསམ་དང་མཉམ་དུ་བསྐྱོད་ཅེས་པའི་བྱ་འགུལ་དངོས་སུ་མགོ་བརྩམས་པ་དང་། གུང་ཧོ་རྫོང་ཅང་ཤེས་ཁུག་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་དང་། རིག་སྨོན་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་ཀྱི་ཕུལ་བྱུང་སློབ་མས་ཕུགས་བསམ་དང་རེ་སྨོན་བསྣམས་ཏེ་པེ་ཅིན་དང་ཧི་པེ་ཞིང་ཆེན་གྱི་པོ་ཏིན་སོགས་ས་ཁུལ་དུ་སོང་ནས་དུས་ཡུན་ཉིན་དྲུག་རིང་ལ་བསྐོར་བསྐྱོད་སློབ་སྦྱོང་བྱས།

བྱིས་པའི་ཕུགས་བསམ་དང་མཉམ་དུ་བསྐྱོད་ཅེས་པའི་སྤྱི་ཕན་ཞབས་ཞུའི་སློབ་སྦྱོང་ཚོགས་པས་བྱིས་པ་རྣམས་གྲོང་ཁྱེར་དུ་ཁྲིད་དེ་གྲོང་ཁྱེར་གྱི་ཟང་ཟིང་དང་རིག་གནས་ཉམས་སུ་མྱོང་དུ་བཅུག་པ་དང་། དེས་ཁོ་ཚོའི་འཇིག་རྟེན་ན་ནོར་ལུག་ཁོ་ན་འཚོ་བ་ལས་གཞན་ད་དུང་རྐང་རྩེད་སྤོ་ལོ་རྩེ་བ་དང་། གསར་གཏོད་བྱེད་པ།  མཛེས་རྩལ། ཚན་རྩལ་སོགས་ཀྱི་ཕུགས་འདུན་རེ་རེ་མངོན་འགྱུར་བྱས་ཆོག་པ་རེད། ཐེངས་འདིའི་བསྐོར་བསྐྱོད་སློབ་སྦྱོང་བྱ་འགུལ་གྱིས་བྱིས་པ་ཚོའི་སེམས་ནང་དུ་ཕུགས་བསམ་གྱི་ས་བོན་བཏབ་ནས་རྗེས་ཕྱོགས་ཕུགས་བསམ་དེ་ལ་མྱུ་གུ་འབུས་ནས་འབྲས་བུ་སྨིན་ཐུབ་པའི་རེ་བ་བྱེད་བཞིན་འདུག ཀོང་ཅན་ཡུས་ཀྱིས་བྱིས་པ་ཚོའི་དྭངས་གཙང་གི་ཕྱིར་དྲན་བསྣམས་ཏེ་མ་འོངས་པར་རེ་བས་ཁེངས་ཡོད།

ད་ལོ་ནི་ཧི་པེ་སློབ་ཆེན་གྱི་ཞིབ་འཇུག་སློབ་མའི་རོགས་སྐྱོར་དགེ་རྒན་ཚོགས་པས་མཚོ་སྔོན་ལ་རོགས་སྐྱོར་བྱས་པའི་ལོ་བཅུ་བཞི་བ་ཡིན་པ་དང་། ལོ་རེའི་ཟླ་བདུན་པའི་ནང་རོགས་སྐྱོར་དགེ་རྒན་ཚོགས་པ་དུས་ལྟར་ཐོན་ཏེ། མེས་རྒྱལ་གྱི་ནུབ་རྒྱུད་ས་ཁུལ་དུ་ལང་ཚོས་ཕུགས་བསམ་འབྲི་བཞིན་འདུག རོགས་སྐྱོར་དགེ་རྒན་ཚོགས་པའི་ཁྲོད་ཁ་གཡང་འདི་འདྲ་ཞིག་ཡོད་དེ། དེ་ནི་ཀོང་ཅན་ཡུས་དང་འདྲ་བའི་དང་བླངས་པ་ཚང་མའི་སེམས་ལ་སྐུལ་ལྕག་ཐེབས་བཞིན་ཡོད་དེ། ལང་ཚོའི་ཆུ་རྒྱུན་མཉམ་དུ་འདུས་ནས་རྒྱ་མཚོར་འབབ། ། རིག་གནས་དར་སྤེལ་སློབ་བརྩོན་མུ་རུ་སྤེལ། ། ཞེས་པ་དེ་ནི་ཁས་ལེན་གཅིག་པུ་མ་ཡིན་པར་རོགས་སྐྱོར་དགེ་རྒན་ཚོགས་པའི་དང་བླངས་སྟོབས་ཤུགས་དང་། ལང་ཚོའི་འགན་འཁྲི་ཞིག་རེད།

ད་ལྟ་རོགས་སྐྱོར་དགེ་རྒན་གྱི་འཚོ་བ་མཇུག་སྒྲིལ་ལ་ཡོད། ཡིན་ནའང་། འགན་འཁྲིས་གཏམས་པའི་སྟོབས་ཤུགས་ཞིག་ཀོང་ཅན་ཡུས་དང་ཁོའི་གྲོགས་པོ་ཚོའི་ལག་ནས་ལག་བརྒྱུད་དེ་བརྒྱུད་སྒྲོག་བྱས་པ་དང་། ཁོ་ཚོའི་མཛེས་སྡུག་གི་ལང་ཚོས་དུས་རབས་ཀྱི་དབྱངས་རྟ་སྙན་མོ་ཞིག་དང་། མཛེས་པའི་ལང་ཚོ་མེས་རྒྱལ་ལ་འབུལ་བར་ཡིད་ཆེས་ཡོད་པ་རེད།

                                                                                                              ལོ་ཙཱ། ཚེ་རིང་སྒྲོལ་མ།