དགུན་ཁ་ནི་བརྗེད་དཀའ་བའི་དུས་ཚིགས་ཤིག་ཡིན།
2019.07.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

 ཧྲིན་ཟི་ཆོན་ནི་ཧྲང་ཧེ་གྲོང་ཁྱེར་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་དུ་ཡོང་བའི་སྐོར་ཐེངས་གསུམ་པའི་ལས་བྱེད་པ་ཞིག་ཡིན་པ་དང་། ད་ལྟ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། རྫོང་དཔོན་གཞོན་པའི་འགན་འཁུར་ཡོད།

2016ལོའི་ཟླ11ཚེས21ཉིན། སྤྲིན་མང་།

ཉིན་འདི་འགར་རླུང་ཅུང་ཆེ་ལ་ཁ་བ་འབབ་མཚམས་བཞག  ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ནས་ནར་སོན་པའི་ཧྲིན་ཟི་ཆོན་ལ་མཚོན་ན། གནས་འདིའི་དྲོད་གྲང་རྟག་པར་གོར་ཐིག་མན་གྱི་ཏུའུ་བཅུ་ཡས་མས་ཡིནཔས།  གྲང་ངར་ཆེ་བའི་མགོ་སྒང་གི་ནམ་ཟླ་འདི་དངོས་གནས་ལུས་པོར་མི་འཚམ་པ་རེད། རྨ་ཆེན་རྫོང་དུ་ཡོང་ནས་ཟླ་བཞི་འགོར་སོང་། ཁོས་མཚོ་སྔོན་དུ་རོགས་སྐྱོར་བྱེད་པར་ཡོང་བའི་ཚུན་ལ། མི་ཚེ་འདིར་བརྒྱུད་མྱོང་བའི་གྲང་ངར་གྱི་དགུན་ཁ་དང་པོ་ཕར་བསྐྱལ།

མཁའ་དབུགས་ཀྱི་ནང་རྡོ་སོལ་གྱི་དུད་དྲིས་ཁྱབ་ཡོད་པས་དངོས་གནས་བཟོད་དཀའ། དེ་ནི་དྲོད་ཐབ་ཀྱིས་དྲོད་རླངས་འདོན་པ་ལས་བཟོས་པ་ཡིན་ཞིང་། དགུན་ཁར་མཐོ་སྒང་དུ་གྲང་ངར་ཆེས་ཆེ་བས། དྲོད་རླངས་ནི་མི་རྣམས་ལ་མཚོན་ན་དྲོད་སྲུང་གི་བྱེད་ཐབས་གལ་ཆེན་ཞིག་ཡིན་མོད།  འོན་ཀྱང་གནས་འདི་ནི་མཛེས་སྡུག་གི་གཙང་གསུམ་འབྱུང་ཡུལ་ཡིན་པས། ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་དེ་འང་ཧ་ཅང་གལ་ཆེ། དེར་བརྟེན།  ཚྭ་འདམ་གཞོང་གི་རང་བྱུང་སོལ་རླངས་དེ་གནས་འདིར་དྲངས་ནས་རྡོ་སོལ་གྱི་དྲོད་ཐབ་དེ་རང་བྱུང་སོལ་རླངས་ཀྱི་དྲོད་ཐབ་ཏུ་བསྒྱུར་ཐུབ་མིན་ནི་ཁོའི་སེམས་སུ་ཡུན་རིང་ཉར་བའི་དོན་དག་གལ་ཆེན་ཞིག་ཡིན། འདི་ལྟར་བྱེད་ཐུབ་ཚེ། རྨ་ཆེན་རྫོང་གི་དགུན་ཁའི་མཁའ་དབྱིངས་སྔར་ལས་སྔོ་ཞིང་མཁའ་དབུགས་སྔར་ལས་དྭངས་གཙང་དུ་འགྱུར་ཐུབ། ཡིན་ནའང་འདི་འདྲའི་བཟོ་སྐྲུན་ཅིག་གནས་འདིར་མཚོན་ན་ཧ་ཅང་དཀའ་ཚེགས་ཆེ་བའི་བཟོ་སྐྲུན་ཅིག་ཡིན་པ་དེ་ཁོས་ཤེས་ཐུབ།  ནམ་ཟླ་ཆེས་འཁྱག་པས་རྟ་བོ་རྩྭ་ཐང་གི་རྩྭ་ཡང་སྐམ་ཡོད་པ་རེད། འདི་འདྲའི་གྲང་ངར་ཆེ་བའི་དགུན་ཁར།   དེ་སྔོན་ཅན་ཧྥིན་དང་འགྲོགས་ནས་རྟ་བོ་ཞོལ་མ་ཞང་གི་དཀའ་ཁག་ཆེ་བའི་འབྲོག་པ་མང་ཚོགས་དེ་དག་ལ་བལྟ་རུ་ཕྱིན་པ་དང་། ཁོ་ཚོས་གྲང་ངར་ཆེ་བའི་དགུན་ཁ་འདི་ཇི་ལྟར་ཕར་བསྐྱེལ་བ་ཡིན་ནམ། དགུན་ཁར་ཕྱུགས་ཟོག་ལ་འཚོ་རྩྭ་འདང་ངམ།  ཧྲང་ཧེའི་ཧོང་ཁུག་གིས་རོགས་སྐྱོར་འཛུགས་སྐྲུན་བྱས་པའི་ལམ་སྒྲོན་ལ་སྲུང་སྐྱོབ་ལེགས་པོ་བྱས་ཡོད་མེད་སོགས་ཀྱི་གནད་དོན་དེ་དག་འཕེལ་རྒྱས་བཅོས་སྒྱུར་ཅུའི་ཅུའུ་ཀྲང་ལིས་ལགས་ལ་ཞུས་ནས་སྐུལ་འདེད་བྱེད་དུ་འཇུག་རྒྱུ་དང་། མགོ་ལོག་ཁུལ་རྟ་བྲག་ཕན་བདེ་སློབ་གྲྭའི་དཀའ་ཁག་ཆེ་བའི་སློབ་མ་ལྔ་བཅུ་མི་རེར་གཟི་བརྗིད་ལས་དོན་གྱི་སྒོར་སྟོང་གཅིག་གི་སློབ་ཞུགས་རོགས་དངུལ་ཐོབ་པ་དེ་དག་བྱིན་ཡོད་མེད་སོགས་རྒྱུན་པར་ཁོའི་སེམས་ལ་ཐོགས་ཡོད།

དགུན་ཁ་ནི་མི་རྣམས་བརྗེད་དཀའ་བའི་དུས་ཚིགས་ཤིག་ཡིན་ལ། ཁ་བའི་གཡོགས་པའི་རྩ་ཐང་ལ་ལྟ་ཞོར་ཁོའི་སེམས་ངོར་ཕ་ཡུལ་དང་ཁྱིམ་མི་འཁོར་ཡོང་ལ། ད་དུང་ཁོའི་ཕ་ཡུལ་གཉིས་པ་སྟེ་གཅེས་སུ་འོས་པའི་རྨ་ཆེན་དང་རྨ་ཆེན་གྱི་ཡུལ་མི་ཚོའང་སེམས་ལ་འཁོར་ཡོང་།

ལོ་ཙཱ།སྒྲོལ་མ་སྐྱིད།