ལོ་རབས་བརྒྱད་ཅུའི་རྗེས་ཀྱི་བོད་རིགས་བུ་མོ་ཞིག་གི་གཙགས་དྲུབ་ལམ་བུ།
2019.07.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 39

མཚོ་ལྷོའི་གཙགས་དྲུབ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་ཤིག་སྟེ། 2010ལོར་མཚོ་སྔོན་གྱི་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་གྲས་སུ་ཚུད་ཅིང་། ད་ལྟ་མཚོ་སྔོན་གྱི་གནས་སྐོར་ཐོན་རྫས་ཁྲོད་ཆེས་ཁྱད་ཆོས་ལྡན་པའི་ཐོན་རྫས་སུ་གྱུར་ཡོད།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འགོར་བའི་རིང་གི་འགྱུར་ལྡོག་རབས་དང་རིམ་པ་ལས་ཀྱང་འགྱུར་ལྡོག་ཆེས་ཆེ་བ་ནི་སྔོན་ཆད་ཀྱི་ལག་རྩལ་ཡོད་དོ་ཅོག་ད་ལྟ་འཕྲུལ་ཆས་ཅན་དུ་གྱུར་ཡོད་པ་དེ་རེད།

ཟླ6པའི་ཚེས27ཉིན། གསར་འགོད་པ་མཚོ་ལྷོ་ཁུལ་ཞིན་ཧེ་རྫོང་ཀེ་ལ་ཤ་གཙགས་དྲུབ་ཚད་ཡོད་ཀུང་སིར་བཅར་འདྲིར་ཕྱིན་པ་དང་། དེའི་འགན་འཛིན་པ་ཡེ་ཤེས་མཚོ་ནི་ད་ལོ་ལོ33ཡིན་ཞིང་། མོ་རང་སློབ་ཆེན་ནས་མཐར་ཕྱིན་རྗེས་གླ་ཕོགས་ལ་ལོ་རེར་སྒོར་ཁྲི་བཅུ་ལྷག་ཡོད་པའི་ལས་ཀ་གཡུགས་ཏེ་མི་རིགས་ཀྱི་གཙགས་དྲུབ་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་མཁན་གྱི་བུད་མེད་ཁེ་ལས་པ་ཞིག་ཏུ་གྱུར་པར་མ་ཟད། བོད་ཀྱི་གཙགས་དྲུབ་རིག་གནས་ལག་པའི་རྩལ་གྱིས་བཟོ་བ་ལས་དེང་རབས་འཕྲུལ་ཆས་ལ་བརྟེན་ནས་བཟོ་བའི་ལག་རྩལ་ཁྱད་པར་བ་བོད་ཁུལ་དུ་འདྲེན་མཁན་ཡང་རེད། ཀེ་ལ་ཤ་གཙགས་དྲུབ་ཚད་ཡོད་ཀུང་སིས་ད་སྔ་ཐོན་སྐྱེད་བྱེད་ཀྱིན་པའི་གཙགས་དྲུབ་ཀྱི་རིགས་ལ་བོད་ཀྱི་ཁྱད་ཆོས་ལྡན་པའི་གནས་སྐོར་ཐོན་རྫས་སྣ་ཚོགས་དང་། ཞྭ་མོ། ལྷམ། ཆས་གོས། འདོགས་ཆ་དང་ཐང་ག་སོགས་འདུག ཀེ་ལ་ཤ་གཙགས་དྲུབ་ཚད་ཡོད་ཀུང་སི་ནི2015ལོའི་ཟླ8པར་བཙུགས་ཤིང་། དེ་ནི་ཇུས་འགོད་དང་ཐོན་སྐྱེད། ཉོ་ཚོང་སོགས་གཞི་གཅིག་ཏུ་འདྲེས་ཡོད་པའི་དེང་རབས་ཀྱི་སྒེར་གཉེར་ཁེ་ལས་ཤིག་སྟེ། དེ་རུ་ལག་རྩལ་ཕུལ་དུ་བྱུང་བའི་ཇུས་འགོད་པ་སྐོར་ཞིག་འཛོམས་ཡོད་པར་མ་ཟད། ཆེད་ལས་ལག་རྩལ་གྱི་རྐང་འཛིན་པ་སྐོར་ཞིག་ཀྱང་འཛོམས་ཡོད། རྒྱུས་ལོན་པ་ལྟར་ན། ཀུང་སིའི་ཐོན་རྫས་དག་ཞིང་ཆེན་ཕྱི་ནང་ལས་གཞན་ད་དུང་བལ་བོ་དང་འབྲུག་ཡུལ་དུའང་འཚོང་གིན་ཡོད་པ་དང་། ན་ནིང་དོ་ཚིགས་ལ་བལ་བོ་དང་འབྲུག་ཡུལ་དུ་ཡན་ལག་ཀུང་སིའང་བཙུགས་ཡོད་ཅིང་། ཟླ་འགའི་རིང་དུ་སྔོན་ལ་མངགས་ཉོ་བྱེད་མཁན་གྱི་ཁ་གྲངས་ཨ་སྒོར་ས་ཡ་གཅིག་དང་འབུམ་གཉིས་ལ་སླེབས་འདུག ཀུང་སི་བཙུགས་པ་ནས་ན་ནིང་གི་ལོ་མཇུག་བར་དུ་བོད་རིགས་བུ་མོ་ཚོའི་རྒྱན་ཆ་སྟེ་སྐྲ་ལུང་ལྔ་སྟོང་ཙམ་གཙགས་ནས་བཙོངས་པའི་ཡོང་སྒོ་སྒོར་མོ་ས་ཡ་གཅིག་དང་འབུམ་བརྒྱད་དང་། ཐང་ག་རིགས་མི་འདྲ་བ་སྣ་ཚོགས་གཙགས་ཏེ་བཙོངས་པའི་ཡོང་སྒོ་སྒོར་མོ་ས་ཡ་གཅིག་དང་འབུམ་ལྔ་ལྷག་ཡོད་ལ། གནས་སྐོར་ཐོན་རྫས་ཆུང་ངུ་སྟོང་གསུམ་ཙམ་གཙགས་ཏེ་བཙོངས་པའི་ཡོང་སྒོ་སྒོར་མོ་འབུམ་དྲུག་ལ་སླེབས།

གསར་འགོད་པས་མོ་ལ་བློ་བསྐྱེད་ཅི་ཞིག་གི་དབང་གིས་ལས་ཀ་འདིར་ཞུགས་པའི་རྒྱུ་རྐྱེན་འདྲི་དུས། “2013ལོར་སློབ་གྲོགས་དང་མཉམ་དུ་ནང་ལོགས་ས་ཁུལ་དུ་སོང་བ་ན། ས་དེའི་མི་རྣམས་བོད་ཀྱི་གཙགས་དྲུབ་ལ་སྤྲོ་བ་ཡོད་པ་ཤེས། འོན་ཀྱང་བོད་ཀྱི་གཙགས་དྲུབ་བཟོ་དུས་དུས་ཚོད་མང་པོ་དགོས་པ་དང་། རིན་གོང་མཐོ་དྲགས་པ་སོགས་ཀྱི་དབང་གིས་འཛད་སྤྱོད་པའི་འདོད་བློ་སྐོང་ཐུབ་ཀྱིན་མེད་པ་རྒྱུས་ལོན་བྱུང་བས། སྐབས་དེར་རང་གིས་ནང་ལོག་དང་ཉི་ཧོང་ནས་དགེ་རྒན་གདན་འདྲེན་བྱས་ཏེ་དེང་རབས་འཕྲུལ་ཆས་ལ་བརྟེན་ནས་གཙགས་དྲུབ་བཟོ་བའི་ལག་རྩལ་སློབ་སྦྱོང་བྱས་ཏེ་ཆ་རྒྱུས་ཡོད་པར་བྱས་རྗེས། རིམ་གྱིས་ལག་རྩལ་འདི་རྒྱ་ཆེར་སྤེལ་ཏེ་ཀུང་སི་བཙུགས་ནས་མཚོ་ལྷོ་ས་ཁུལ་གྱི་བོད་ཀྱི་གཙགས་དྲུབ་རིག་གནས་ནང་ལོག་དང་ཕྱིའི་རྒྱལ་ཁབ་ཏུ་ཕྱིར་འཚོང་བྱས་པ་ཡིན”ཟེར།

ཀེ་ལ་ཤ་གཙགས་དྲུབ་ཁང་དུ་ལས་བཟོ་པ་སོ་བདུན་ཡོད་ཅིང་། དེ་ལས་གདན་འདྲེན་བྱས་པའི་ནང་ལོག་གི་དགེ་རྒན་མ་གཏོགས་གཞན་དག་ནི་ས་གནས་དེ་གའི་ཆ་རྐྱེན་ཅུང་ཞན་པའི་དབུལ་ཕོངས་ཁྱིམ་ཚང་ནས་འོང་པའི་རོང་འབྲོག་མང་ཚོགས་ཡིན་ཞིང་། གླ་ཕོགས་ལ་ཟླ་རེར་ཆེས་མཐོ་བར་སྒོར་མོ་ཁྲི་གཉིས་དང་སྟོང་བརྒྱད་རེ་ཡོད་པ་དང་ཆེས་དམའ་བར་སྒོར་མོ་སྟོང་དྲུག་ཡོད། གཞན་ད་དུང་སློབ་མ་ཉེར་བརྒྱད་གཙགས་དྲུབ་ཁང་དུ་ཡོང་ནས་རིན་མེད་སྒོས་གཙགས་དྲུབ་བཟོ་ཐབས་སློབ་སྦྱོང་བྱེད་བཞིན་ཡོད་པ་དང་། དེའི་ནང་གཙགས་དྲུབ་ཇུས་འགོད་དང་གློག་ཀླད་ལ་བརྟེན་ནས་གཙགས་དྲུབ་ཀྱི་ལག་རྩལ་ལ་བྱང་ཆ་ལྡན་པའི་སློབ་མ་སྐོར་ཞིག་ཀེ་ལ་ཤ་གཙགས་དྲུབ་བཟོ་གྲྭའི་ལས་བཟོ་པར་བསྡུ་ལེན་བྱས་པས། མཐར་ཕྱིན་སློབ་མ་མང་པོ་ཞིག་གི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པས་ས་གནས་སྲིད་གཞུང་དང་མང་ཚོགས་ཀྱི་དགའ་བསུ་ཐོབ་ཡོད།

ད་ལོ་ལོ་ཞེ་བརྒྱད་ལ་སོན་ཡོད་པའི་ཐང་ནག་ཞང་ཀྱལ་ཕུག་སྡེ་བའི་ཨ་མ་ལྷ་མོ་སྐྱིད་ནི་ཀེ་ལ་ཤ་གཙགས་དྲུབ་ཀུང་སིའི་ལས་བཟོ་པ་ཞིག་ཡིན་ལ། མོས“ང་ལ་ལོ་གཅིག་གི་ནང་དུ་སྒོར་ཁྲི་ལྔ་ལྷག་གི་ཡོང་སྒོ་ཡོད། ད་བར་དུ་འདི་འདྲའི་སྒོར་མོ་མང་པོ་ཞིག་རིག་ཀྱང་མ་མྱོང་། འདི་ནས་ལས་ཀ་ལས་ན་ཡུལ་དང་ཐག་ཉེ་བས་ཡུལ་གྱི་རྒན་པ་དང་བྱིས་པར་བདག་སྐྱོང་བྱེད་ཐུབ་པར་མ་ཟད་ཁྱིམ་ཚང་གི་ཁ་གསོ་བར་ཡང་བཟའ་ཟླ་གཅིག་པུར་བརྟེན་མི་དགོས”ཞེས་ཡིད་ཚིམ་པའི་སྒོ་ནས་བཤད།

རྩིས་འཁོར་གྱི་སྟེང་ནས་ཇུས་འགོད་དང་འཕྲུལ་ཆས་ཀྱི་ལམ་ནས་གཙགས་དྲུབ་བྱེད་པ་ནི་ཀེ་ལ་ཤ་གཙགས་དྲུབ་ཚད་ཡོད་ཀུང་སིའི་ཆེད་ལས་རང་བཞིན་དང་ལག་རྩལ་རང་བཞིན། གློག་ནུས་ཅན་གྱི་གཞན་ལས་ཁྱད་དུ་འཕགས་པའི་ཁྱད་ཆོས་ཤིག་ཡིན་ཞིང་། ཉེ་བའི་ལོ་འགའི་རིང་། གནས་སྐོར་ཐོན་རྫས་འཕེལ་རྒྱས་སུ་སོང་བ་དང་བསྟུན། ཀུང་སིས་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་ཞིག་བསྣན་ཡོད་དེ། བོད་ལུགས་མགྲོན་ཁང་དང་བོད་ཟས་ཁང་སོགས་མི་རིགས་ཐོན་ལས་ཀྱང་ཡུན་གྱིས་དར་བཞིན་པའི་སྒང་འདིར། ཀེ་ལ་ཤ་གཙགས་དྲུབ་ཚད་ཡོད་ཀུང་སིས་ཚོང་ར་ན་བོད་ལུགས་གཙགས་དྲུབ་ཀྱི་རྒྱན་ཆ་ཉུང་བ་དང་། ལྷག་པར་དུ་མགྲོན་ཁང་སོགས་སུ་བཀོལ་ཆོག་པའི་གཙགས་དྲུབ་ཐོན་རྫས་ཉུང་དྲགས་པར་དམིགས་ཏེ། ཀེ་ལ་ཤ་ཀུང་སིས་ནུས་ཤུགས་ཡོད་རྒུ་བཏོན་ཏེ་བོད་ཀྱི་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་མུ་མཐུད་དུ་ཇུས་འགོད་དང་གཙགས་དྲུབ་རྒྱ་བསྐྱེད་རྩིས་ཡོད་ཅིང་། ད་ལྟ་དབྱིན་ཇི་རུ་ཡན་ལག་ཀུང་སི་འཛུགས་པར་གྲ་སྒྲིག་བྱེད་ཀྱིན་པའི་སྒང་ཡིན་ལ། མ་འོངས་པ་ན་མུ་མཐུད་དུ་འཛམ་གླིང་ཅན་དུ་ཁ་ཕྱོགས་པར་ཤུགས་རྒྱག་བཞིན་པའི་སྒང་རེད།

                                                                                                རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།