རྟ་རྫིའི་དཔོན་པོ་བཟང་པོ་ཞིག་བྱེད་དགོས་ཞེས་པ་སྟེ། ངེས་དོན་མཐར་ཕྱིན་ཚང་གི་ཁྱིམ་རྒྱུད་བཞིས་སེམས་རྩེ་གཅིག་གིས་ཏང་ལ་བློ་ཕྱོགས་པའི་གཏམ་རྒྱུད།
2019.07.31 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 41

ཁམས་པའི་ཕོ་རྒོད་ཞིག་ལ་ཆ་མཚོན་ནས་བཤད་ན། རྟ་ལ་ཞོན་རྒྱུ་ཤིན་ཏུ་དགའ་བོ་ཡོད། ཉིས་སྟོང་བཅོ་ལྔ་ལོར། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་སྔོན་ཆད་ཀྱི་ཁུང་མེན་སྐམ་དམག་སློབ་གླིང་ནས་སློབ་མཐར་ཕྱིན་པའི་ངེས་དོན་མཐར་ཕྱིན་རང་གི་སྐྱེས་ས་སྐྱེས་ཡུལ་སྟེ་དཔལ་ཐང་རྩྭ་ཐང་དུ་ཡོང་བ་དང་། ཡུལ་ཤུལ་གྱི་སྒེར་ཚུགས་སྐྱ་དམག་བརྒྱ་ཤོག་རུ་ཡོང་། སྐྱ་དམག་ཞབས་ཞུ་འཛིན་གྲྭའི་ལས་བྱེད་པ་གཅིག་པུ་ཡིན་པའི་ཆ་ནས། རྟ་ལ་གཟན་ཆས་སྟེར་བ་དང་། རྩྭ་ར་ནས་སྔོ་རྩྭ་ཟ་རུ་འཇུག་པ་ནས་ཟ་མ་ལས་པ་དང་། སྐྱ་དམག་ཞབས་ཞུ་འཛིན་གྲྭའི་དཔོན་དམག དམག་རྟ་སོགས་ཀྱི་འབྲེལ་ཡོད་བྱ་བ་ཐམས་ཅད་ཀྱིས་ཕལ་ཆེར་ངེས་དོན་མཐར་ཕྱིན་གྱི་འཚོ་བ་ཧྲིལ་བོ་བཟུང་ཡོད།

སྐྱ་དམག་འཛིན་གྲྭར་ཡོང་ནས་རྟ་མང་པོ་མཐོང་བ་ན་ངེས་དོན་མཐར་ཕྱིན་གྱི་སེམས་པ་ཧ་ཅང་དགའ་ཀྲོག་སེར་གྱུར། སློབ་གྲོགས་མང་པོ་ཞིག་གིས་ང་རང་རྟ་རྫིའི་དཔོན་པོ་ཞིག་རེད་འདོད་ཡོད་ཀྱང་། ང་རང་དཔོན་པོ་འདི་ལ་བསྡད་པར་ཧ་ཅང་དགའ་ཡོད། དུས་ཡུན་རིང་བོ་མ་འགོར་བར་བརྒྱ་ཤོག་གིས་ལོ་རེར་ཐེངས་རེར་ཕྱི་ལ་སོང་ནས་རྟ་ཁ་ལོ་བཏུལ་བའི་འགོ་བརྩམས། བརྒྱ་ཤོག་གིས་ཁོ་ལ་རྟ་རྐྱང་དམར་ཞིག་བགོས།

མྱུར་ཚད་དང་སྟོབས་ཤུགས་གང་གིས་ཆ་ནས་ཀྱང་རྟ་རྐྱང་དམར་དེ་ཨང་རིམ་གསུམ་པའི་སྔོན་དུ་ཡོད། བརྒྱ་ཤོག་གི་ནང་ནས་རྟ་རྐྱང་དམར་དེ་ཁོ་ལ་བགོ་རྒྱུའི་གནས་ཚུལ་གོ་བ་ན། སེམས་ནང་ནས་དགའ་སྤྲོ་ཆེན་པོ་སྐྱེས། རྟ་ཁ་ལོ་བཏུལ་བའི་འགོ་བརྩམས་པ་ན། ངེས་དོན་མཐར་ཕྱིན་གྱིས་རྟ་རྐྱང་དམར་དང་ཅི་ལྟར་འབྲེལ་འདྲིས་བྱེད་དགོས་པ་མ་ཤེས།

མཚན་མོར་མལ་ཁྲིའི་སྟེང་ལོག་ཏེ་ཕར་འཁོར་ཚུར་འཁོར་བྱས་ནས་གཉིད་མ་ཡོང་། ཀླད་པའི་ནང་རང་ཉིད་རྟ་དམག་བརྒྱ་ཤོག་ནང་གི་བཅུ་དཔོན་ཞིག་ཡིན་པའི་ཆ་ནས། རྟ་ཞིག་གི་ཁ་ལོ་ཀྱང་བཏུལ་མ་ཐུབ་ན་མིང་ཅི་ཞིག་ཡོད་དམ། དེ་བས་ངེས་དོན་མཐར་ཕྱིན་གྱིས་བཅུ་དཔོན་རྒན་པ་ནོར་བུ་བན་དེ་ལ་བློ་དྲིས།

དམག་རྟ་ནི་ང་ཚོ་དང་འབྲེལ་འདྲིས་ཆེས་ཟབ་པའི་འཐབ་མོ་བ་ཞིག་ཡིན་པ་དང་། དེར་ཁ་ལོ་བཏུལ་འདོད་ན་དེ་ལ་དགའ་ཞེན་དང་གཅེས་སྐྱོང་བྱེད་དགོས་ཞེས་བཅུ་དཔོན་རྒན་པའི་མཛུབ་སྟོན་ལས་ངེས་དོན་མཐར་ཕྱིན་ལ་བློ་སྐྱེད་ཐེབས།

གང་མགྱོགས་ཀྱིས་རྟ་རྐྱང་དམར་གྱི་རང་གཤིས་ལ་རྒྱུས་ལོན་བྱེད་ཆེད། ཕྱི་ནས་ཐོན་ཐེངས་རེ་རེར་ངེས་དོན་མཐར་ཕྱིན་གྱིས་རྟ་ལ་སིལ་ཏོག་དང་ཞོར་ཟས་ཁྱེར་ཡོང་བཞིན་ཡོད། ནམ་རྒྱུན་དུས་ཚོད་ཁོམ་སྐབས་ཡོད་ཚེ་ཁོས་རྟ་ཁྲིད་དེ་རྩྭ་ཐང་དུ་སོང་ནས་བསྐོར་བ་འགའ་རྒྱག་པ་དང་། རྟའི་ལུས་སྟེང་གི་སྤུ་འབྲེད་པ་དང་། དེ་ལ་སེམས་གཏམ་ཞུ་བཞིན་ཡོད། རིམ་བཞིན་རྟ་རྐྱང་དམར་ཁོ་དང་རང་འགུལ་གྱིས་ཉེ་བར་བཅར་འགོ་བརྩམས།

རྟས་མི་སེམས་ཤེས་པ་དང་། སྐྱ་དམག་བཟང་པོ་ཞིག་བྱེད་ན་རྟ་ལ་གཅེས་དགོས། རྟ་རྐྱང་དམར་དང་འབྲེལ་འདྲིས་བྱེད་པའི་དུས་ཡུན་ཇེ་རིང་དུ་སོང་བ་དང་བསྟུན་ནས། ངེས་དོན་མཐར་ཕྱིན་གྱིས་རྟ་ལ་རྒྱུས་ལོན་དང་རྟ་ལ་གཅེས་པའི་གལ་ཆེན་རང་བཞིན་ཤེས་པར་གྱུར། མྱུར་དུ་བརྒྱ་ཤོག་ཡོངས་ཀྱི་དམག་རྟའི་གཤིས་ཀ་ལ་ཆ་རྒྱུས་ཡོད་པར་བྱེད་ཆེད། ངེས་དོན་མཐར་ཕྱིན་གྱིས་ཉལ་ཐུལ་ཉལ་གདན་སྐྱ་དམག་ཞབས་ཞུའི་འཛིན་གྲྭའི་ནང་སྤར་ནས་འཐབ་མོ་བ་དང་མཉམ་དུ་རྟ་ལུད་ཕུད་པ་དང་། མཚན་མོར་རྟ་ཕྱིར་གཏོང་བ། རྟ་ལ་གཟན་ཆས་སོགས་བྱིན། དམག་རྟ་དང་འབྲེལ་འདྲིས་བྱེད་པའི་དུས་ཡུན་ཇེ་རིང་དུ་སོང་བ་དང་བསྟུན་ནས། ངེས་དོན་མཐར་ཕྱིན་གྱིས་རྟ་རྫིའི་དཔོན་པོ་བཟང་པོ་ཞིག་བྱེད་རྒྱུ་དེ་ནི་ལས་སླ་མོ་ཞིག་མིན་པར་དེའི་ཁྲོད་ཤེས་བྱ་མང་པོ་འདུས་ཡོད་པ་རྟོགས།

ཐེངས་ཤིག་ལ། དམག་རྟ་ཨང་རྟགས་བཅུ་གཅིག་པར་ནད་བྱུང་བ་དང་། ཕོ་བ་སྦོས་ནས་ཆེན་པོར་གྱུར། འདི་ནི་ངེས་དོན་མཐར་ཕྱིན་རྟ་ལ་ནད་ཕོག་པའི་དོན་དག་ལ་འཕྲད་པ་ཐེངས་དང་པོ་ཡིན་ཞིང་། ཁོས་མྱུར་མོར་ཕྱུགས་ཟོག་སྨན་པ་གདན་འདྲེན་བྱས་ནས་གནས་ཚུལ་འདྲི་རྟོགས་བྱས། ཕྱུགས་ཟོག་སྨན་པས་བརྟག་དཔྱད་བྱས་རྗེས་བཤད་རྒྱུར། འདི་ནི་རྒྱུན་ལྡན་གྱི་ནད་ཞིག་སྟེ། ཕོ་བ་སྦོས་པའི་ནད་ཡིན། རྟ་ཡར་ཁྲིད་མར་ཁྲིད་དང་། འཇུ་བྱེད་ཀྱི་སྨན་སྟེ་ཞའོ་མུའུ་ཕེན་སོགས་ལྡུད་པའམ་རྟ་སྦངས་བྲུས་ནས་རྟའི་ཁོག་པ་བྱང་དུ་འཇུག་དགོས་ཟེར།

གཞན་གྱིས་རང་དགར་བྱེད་པའི་སྐད་ཆ་ཡིས་ཉན་མཁན་ལ་ཕན་ཐོགས།

ང་ཚོ་འགྲམ་དུ་ལངས་ནས་ཅི་བྱེད་འདི་བྱེད་མེད་པའི་སྐབས་སུ་ངེས་དོན་མཐར་ཕྱིན་གྱིས་ལག་ཤུབས་གྱོན་ནས་རྟ་སྦངས་བྲུས་བྱུང་ཞེས་བཅུ་དཔོན་དང་པོའི་འཛིན་གྲྭ་གཉིས་པའི་པན་ཀྲང་གིས་དེ་ལྟར་བཤད།

དོན་དེ་ངའི་སེམས་ལ་འཇགས་པར་བྱས་པས། དོན་དག་ཞིག་ལ་འཕྲད་པའམ་ཁོམ་པ་ཞིག་ཡོད་ཚེ། ང་རང་ཨ་པའོ་ཏི་འཚོལ་དུ་སོང་བ་ཡིན་ཞེས་ངེས་དོན་མཐར་ཕྱིན་གྱིས་དེ་ལྟར་བཤད།

ངེས་དོན་མཐར་ཕྱིན་གྱིས་བཤད་པའི་ཨ་པའོ་ཏི་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ཕྱུགས་སྨན་ས་ཚིགས་ཀྱི་འགོ་བ་རེད། ཁོ་དང་སྐྱ་དམག་བརྒྱ་ཤོག་གི་འབྲེལ་བ་དེ་མ་མཐའ་ཡང་ལོ་ཉི་ཤུའི་སྔོན་ནས་གླེང་དགོས། སྐབས་དེ་ནས་བཟུང་། ཁོ་བརྒྱ་ཤོག་གི་དམག་རྟའི་ཆེད་བསྐོས་སྨན་པར་གྱུར།

ཨ་པའོ་ཏི་ཡི་མིག་ནང་དུ། ལོ་ན་གཞོན་པའི་ངེས་དོན་མཐར་ཕྱིན་ཁྱིམ་ཚང་ཕལ་བ་ཞིག་ནས་སྐྱེས་ཀྱང་། ཁོ་རང་གི་སར་ཡོང་ནས་སེམས་ནང་གི་དོགས་པ་འདྲི་སྐབས་ལུས་ཡོངས་སྟོབས་ཤུགས་ཤིག་གིས་ཁེངས་འདུག

ཨ་པའོ་ཏི་ཡིས་བཤད་རྒྱུར། ནམ་རྒྱུན་ཁོ་རང་ཁ་པར་དང་། འཕྲིན་ཕྲན། འཕྲིན་ཐུང་སོགས་ལས་གནད་དོན་གང་ཞིག་ལ་འཕྲད་ཀྱང་ང་ལ་འབྲེལ་འདྲིས་བྱེད་པ་དང་། ད་དུང་རྟ་ལ་རྨས་ཕོག་པ་དང་ནད་བྱུང་ན་ཡང་མྱུར་མོར་ང་ལ་འབྲེལ་འདྲེས་བྱེད་སྲིད། ཡིན་ན་ཡང་། ཐེངས་རེ་རེར་ཁོས་གནད་དོན་གསལ་བོར་དྲིས་ནས་མཐིལ་རྟོགས་པར་བྱས་རྗེས་ད་གཟོད་འདྲི་མཚམས་འཇོག་པ་ཡིན་ཟེར།

ཉིས་སྟོང་བཅུ་དྲུག་ལོར། འཛིན་གྲྭ་བཞི་བའི་པན་ཀྲང་ཀྲའོ་ཞའེ་ཁྲའོ་ཡི་ལོ་བཞི་ཅན་གྱི་རྟ་རྐྱང་ནག་དེ་དམག་རྟའི་ར་བ་ནས་འབའ་ཐང་རྩྭ་ཐང་དུ་ལོག་པའི་སྐབས་སུ། བརྒྱ་ཤོག་ཡོངས་ཀྱི་དཔོན་དམག་དང་ཉེ་འགྲམ་གྱི་འབྲོག་པ་ཚོས་བསྐོར་ཡོང་བ་དང་། རྟ་རྐྱང་ནག་དེའི་གཟུགས་བོངས་ཆེ་ཞིང་། ལུས་སྟོབས་བཟང་ལ། དེ་ནི་རྩྭ་ཐང་སྟེང་གི་བོད་རྟ་ལས་གཟུགས་བོངས་ཧ་ཅང་ཆེ་བ་རེད།

འདི་ནི་དབྱིན་ཇིའི་རྒྱུད་དག་མའི་རྟ་ཞིག་ཡིན་པ་དང་། གཟུགས་རིང་ཞིང་ཤ་ཤེད་རྒྱས་ལ། རང་གཤིས་རྒོད་པོ་ཞིག་རེད་ཅེས་ཀྲའོ་ཞའེ་ཁྲའོ་ཡིས་རྟའི་ཐུར་མདས་བཟུང་ནས་ང་རྒྱལ་དང་བཅས་པའི་སྒོ་ནས་དེ་ལྟར་བཤད།

ཡིན་ཡང་། རྟ་རྐྱང་ནག་གི་གཟུགས་མཐོ་བ་དང་། ཞོན་ན་སྤྱིར་བཏང་གི་བོད་ཀྱི་རྟ་ལས་ལྡབ་གཅིག་གིས་རིང་བས། མཉམ་མ་བཞག་ན་རྟ་ལས་འགྱེལ་བའི་ཉེན་ཁའང་ཤིན་ཏུ་ཆེ།

རྟ་རྐྱང་ནག་གི་ཁ་ལོ་བཏུལ་བའི་ལས་འགན་ལྗིད་མོར་ཁ་གཏད་འཇལ་སྐབས། ངེས་དོན་མཐར་ཕྱིན་གྱིས་རང་འགུལ་གྱིས་རྟ་དེ་བརྒྱ་ཤོག་ཡོངས་ནས་ཆེས་མགྱོགས་པ་དང་ཆེས་བཟང་པོའི་རྟ་ཞིག་ཏུ་སྦྱོང་བརྡར་བྱེད་རྒྱུའི་སེམས་ཐག་བཅད། དེ་བས། ཁོས་ཉིན་རྒྱུན་རྟ་རྐྱང་ནག་དེར་བདག་སྐྱོང་བྱས་པ་དང་། རྫ་དུག་ཕོག་པར་སེམས་ཆུང་བྱས་ནས་རྟ་དང་ཁོང་གཉིས་ལོབས་པར་བྱས་རྗེས་ཁོ་རང་རྟ་དེར་ཞོན།

དང་ཐོག རྟ་རྐྱང་ནག་ལ་ཞོན་ནས་སྦྱོང་བརྡར་བྱེད་སྐབས། ངེས་དོན་མཐར་ཕྱིན་རྟ་ཐོག་ནས་གཡོ་འགུལ་བྱས་ནས་ཐེངས་མང་པོར་སྐྱུག་མེར་ལངས་ཡང་། ཁོས་མུ་མཐུད་དུ་རྒྱུན་འཁྱོངས་བྱས། ཡུན་རིང་བོར་སྦྱོང་བརྡར་བྱས་པ་བརྒྱུད་མི་དང་རྟ་གཉིས་ཤིན་ཏུ་མཐུན་པོ་ཡོང་བ་ཞིག་གསོ་སྐྱོང་བྱས་པ་དང་། རྟ་རྐྱང་ནག་དེ་བརྒྱ་ཤོག་ཡོངས་ཀྱི་ནང་ནས་ཆེས་ཕུལ་དུ་བྱུང་བའི་བཀོད་འདོམས་རྟ་མཆོག་ཅིག་ཏུ་གྱུར།

ཉིས་སྟོང་བཅོ་བརྒྱད་ལོའི་ཉིན་ཞིག་གི་མཚན་མོའི་དུས་ཚོད་གཉིས་ཀྱི་སྐབས་སུ། ཨ་པའོ་ཏི་ཡི་ཁ་པར་གྱི་སྒྲ་གྲགས་བྱུང་། ཁ་པར་ལས་ངེས་དོན་མཐར་ཕྱིན་བྲེལ་འཚུབ་ཀྱི་སྐད་ཅིག་གྲགས་བྱུང་། མ་གཞི་བརྒྱ་ཤོག་ནང་གི་དམག་རྟ་ཞིག་ལ་གློ་བུར་དུ་མི་བདེ་བ་བྱུང་། ངེས་དོན་མཐར་ཕྱིན་གྱིས་བཤད་པ་ལྟར་ན། ཨ་པའོ་ཏི་ཡིས་བརྟག་དཔྱད་བྱས་པ་ལྟར་ན་རྟ་དེར་ཟས་དུག་ཕོག་པ་རེད་ཟེར། ཕལ་ཆེར་ཟས་དུག་ཕོག་པ་ཐག་གིས་བཅད་རྗེས། ང་རང་མྱུར་མོར་སྒོར་སོང་ནས་གླ་གཏོང་རླངས་འཁོར་ཞིག་ལ་བསྡད་དེ་སོང་། དུས་ཚོད་གསུམ་ལྷག་ལ་སྒུག་མཐར་ང་རང་བརྒྱ་ཤོག་གི་ནང་ལ་ཐོན་པ་དང་། ཁོ་ཚོས་ངས་སྔོན་ལ་བཤད་པ་བསྒྲུབས་པས་དོན་དེ་ཐག་གཅོད་བྱས་ཚར་འདུག

རྟའི་ཡ་ཁ་ཡར་བརྫེ་བ་ནི་རྟ་དགའ་བའི་རྟགས་ཡིན་པ་དང་། རྣ་ཅོག་མར་ཕབ་ཡོད་ཚེ། རྟ་དགའ་མེད་པའི་རྟགས་རེད། ཞིབ་ཕྲ་དེ་དག་ངེས་དོན་མཐར་ཕྱིན་སེམས་ལ་ངེས་ཆ་ཤིན་ཏུ་ཆེ། ཐེངས་རེར་གོ་སྐབས་ཡོད་ཚེ། ངེས་དོན་མཐར་ཕྱིན་གྱིས་བརྒྱ་ཤོག་གི་ནང་དུ་ཉམས་མྱོང་ཕུན་སུམ་ཚོགས་པའི་དམག་རྟའི་གཟན་ཆས་སྟེར་མཁན་དང་། ཕྱུགས་ཟོག་སྨན་པ། ཨ་པའོ་ཏི་སོགས་ལ་བློ་འདྲི་བྱེད་བཞིན་ཡོད། ཁོའི་ཟིན་བྲིས་ཀྱི་ཁ་ཕྱེས་པ་ན། དེའི་སྟེང་དུ་དམག་རྟར་ལྟ་སྐྱོང་བྱེད་པར་མཉམ་འཇོག་དགོས་ས་དང་། མཐོ་སྒང་གི་དུས་ཚིགས་བརྗེ་བའི་སྐབས་སུ་རྟར་གཟན་ཆས་སྟེར་བ་དང་། རྟས་གཟས་ཆས་བཟང་པོ་ཟས་ཚར་རྗེས་ཀྱི་ཆུ་འཐུང་བའི་དུས་སྐབས་བཟང་པོ་སོགས་དངོས་བཀོལ་ལག་རྩལ་སོགས་མང་པོ་བྲིས་ཡོད་པ་རེད།

ང་རང་ཐོག་མར་བརྒྱ་ཤོག་རུ་ཡོང་དུས། པན་ཀྲང་རྒན་པས་ང་ལ་རང་གི་འཐབ་མོ་བར་གཅེས་སྐྱོང་བྱེད་པ་ནང་བཞིན་རྟ་ལ་གཅེས་སྐྱོང་བྱེད་དགོས་ཞེས་པའི་སྐད་ཆ་འདི་ངས་ད་བར་དུ་སེམས་ལ་གསལ་བོར་བཟུང་ཡོད་ཅེས་ངེས་དོན་མཐར་ཕྱིན་གྱིས་དེ་ལྟར་བཤད།

                                                                                                              ལོ་ཙཱ། ཚེ་རིང་སྒྲོལ་མ།