—ངེས་དོན་མཐར་ཕྱིན་དང་ཁོའི་ཁྱིམ་རྒྱུད་ནམ་ཡང་ཏང་གི་རྗེས་སུ་འབྲངས་པའི་གཏམ་རྒྱུད་གཉིས་པ།
ཟླ7པའི་ཟླ་མགོར། ལས་འཁྱུར་ངལ་གསོ་བྱས་ནས་ཡུན་རིང་འགོར་བའི་སྡོམ་པ་ཨ་བྷོས་བོད་རང་སྐྱོང་ལྗོངས་ནས་ཡོང་བའི་མགྲོན་པོ་ཞིག་སྣེ་ལེན་བྱས་ཤིང་། མགྲོན་པོའི་མིང་ལ་སྐར་མ་ཟེར། ལོ་ངོ20ལྷག་གི་སྔོན་ལ། ཁོ་གཉིས་ཀྱིས་རྩྭ་ས་རྩོད་གླེང་ཐག་གཅོད་བྱེད་སྐབས“འཛིང་རེས་འཁོན་རེས་བྱེད་ཞོར་ཕན་ཚུན་ངོ་ཤེས”སུ་གྱུར།
དུས་རབས་སྔོན་མའི་ལོ་རབས་དགུ་བཅུའི་དུས་དཀྱིལ་དུ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་དང་བོད་ལྗོངས་ནག་ཆུ་ས་ཆ་གཉིས་ཀྱིས་འབྲོག་པའི་རྩྭ་སའི་ས་མཚམས་གཅོད་པར་རྩོད་གླེང་བྱུང་བས། སྡོམ་པ་ཨ་བྷོས་རྫ་སྟོད་རྫོང་གི་རྫོང་དཔོན་ཡིན་པའི་ཆ་ནས་སྐབས་དེའི་ནག་ཆུ་ས་ཆའི་ཆེད་མངགས་མི་སྣ་སྐར་མ་དང་མཉམ་དུ་རྩོད་གླེང་ཐག་གཅོད་བྱས།
“སྐབས་དེར་མོ་ཁོང་ཁྲོ་ཆེན་པོ་ལངས་བཞིན་འདུག་ཅིང་། ངའང་ངར་ཤུགས་ཆེ་བའི་ན་ཚོད་དུ་ཡོད་པས། ཁ་བརྡའི་མགོ་གླེང་དུས་ནས་ཡག་པོ་ཞིག་མ་བྱུང་།”སྡོམ་པ་ཨ་བྷོས་བཤད་རྒྱུར“རྗེས་སུ་ཐེངས་གང་མང་ལ་གྲོས་མོལ་བྱས་པ་བརྒྱུད། ང་ཚོ་མཐའ་མཇུག་གྲོས་ཐོག་གཅིག་ལ་ཡོང་སྟེ། ཁྱོད་ས་མཚམས་ལས་མ་བརྒལ། ངའང་ས་མཚམས་ལས་མི་བརྒལ། གལ་ཏེ་ང་སར་ཁངས་སྐྱོན་བྱུང་ཚེ་ངས་ནོར་ལུག་དེད་དེ་ཁྱོད་སར་ཡོང་ནས་རྩྭ་བཟའ། ཁྱོད་ཀྱང་དེ་བཞིན་ཡིན། ང་ཚོས“མཐུན་སྒྲིལ་གྱི་རྩྭ”བཟའ། “མཐུན་སྒྲིལ་གྱི་ཆུ”འཐུང་།”
འདི་ནི་སྡོམ་པ་ཨ་བྷོས་ཡུལ་ཤུལ་གྱི་མཐུན་སྒྲིལ་བརྟན་འཇགས་ལ་སྲུང་སྐྱོང་བྱས་པའི་དཔེ་མཚོན་ཆུང་ཆུང་ཞིག་རེད། ངེས་དོན་མཐར་ཕྱིན་གྱི་ཡང་མེས་ཐུབ་བསྟན་མགོན་པོ་ནས་སྤོ་བོ་ཕུན་ཚོགས་དབང་གྲགས་དང་། ཕ་སྡོམ་པ་ཨ་བྷོ་བཅས་ངེས་དོན་མཐར་ཕྱིན་ཚང་གི་མི་རབས་བཞི་ཡིས་བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲངས་པ་དང་། འབྲོག་པ་མང་ཚོགས་དང་བརྩེ་འདང་ཟབ་ལ། ཡུལ་ཤུལ་ས་ཆའི་མཐུན་སྒྲིལ་བརྟན་འཇགས་ལ་རང་གི་བྱས་རྗེས་བཞག
མང་ཚོགས་ཀྱི་སེམས་སུ་སྡོམ་པ་ཨ་བྷོ་ཚང་གི་སྙན་གྲགས་ཆེ། “མང་ཚོགས་དང་ལྷག་པར་དུ་རོང་འབྲོག་མང་ཚོགས་ཀྱིས་ཕུན་ཚོགས་དབང་གྲགས་ལ་ཡིད་རྟོན་ཆེན་པོ་བྱེད། མང་ཚོགས་ལ་དཀའ་ངལ་ཡོད་ཚེ་ངོ་ཤེས་རུང་མི་ཤེས་རུང་ཁོས་འབྲེལ་ཡོད་སྡེ་ཁག་ལ་འབྲེལ་བ་བྱེད་པ་དང་རང་ཉིད་དངོས་སུ་སོང་ནས་གནད་དོན་ཐག་གིས་གཅོད་ངེས།”ཡུལ་ཤུལ་ཁུལ་དམངས་འཐུས་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཟུར་པ་ངག་སྐལ་གྱིས་དེ་ལྟར་བཤད་བྱུང་།
དུས་རབས་སྔོན་མའི་ལོ་རབས་དྲུག་ཅུའི་དུས་དཀྱིལ་དུ་འཚོ་བར་ད་དུང་ཅུང་དཀའ་སྡུག་ཆེ། “ཨ་ཕའི་ཟླ་གཅིག་རིང་གི་གླ་ཕོགས་ཀྱང་མང་རྒྱུ་མེད། ཁོས་གླ་ཕོགས་ཁྲོད་ཀྱི་ཆ་ཤས་ཁྱིམ་གྱི་འཚོ་བའི་གྲོན་དངུལ་དུ་བཞག་རྗེས། འཕྲོ་མ་ཡོངས་རྫོགས་ཅུང་དབུལ་བའི་མི་དེ་དག་ལ་སྟེར་ངེས།”སྡོམ་པ་ཨ་བྷོས་བཤད་རྒྱུར། “ཨ་ཕས་ཐ་ན་རང་གི་ལྭ་བ་ཡང་ཕུད་དེ་གཞན་ལ་སྟེར་ངེས། ཕྱི་ལ་ཐེངས་གཅིག་སོང་ནས་ཡོང་དུས་ཕྱི་གོས་མེད་པའི་སྐབས་ཀྱང་འདུག”
1989ལོའི་ཟླ4པའི་ཚེས20ཉིན། ཕུན་ཚོགས་དབང་གྲགས་ཀྱིས་དཀའ་ཚེགས་གང་མང་མྱངས་བས་གློ་བུར་དུ་སྙིང་ནད་བྱུང་ནས་རང་གི་གཞུང་ལས་ཅོག་ཙེའི་མདུན་དུ་ཚེ་ལས་འདས་ཤིང་། ལོ51ལ་སོན་པ་ཙམ་རེད།
“ཨ་ཕ་ཚེ་ལས་འདས་རྗེས། ཁུལ་ཐོག་གི་ཡུལ་ལ་ལོག་གྲབས་ཀྱི་ལས་བྱེད་པ་རྣམས་ཀྱང་མ་སོང་བར་མྱ་ངན་ཚོགས་འདུར་ཞུགས”སྡོམ་པ་ཨ་བྷོས་དེ་ལྟར་བརྗོད།
ཨ་ཕའི་སློབ་གསོ་དང་ཤུགས་རྐྱེན་ཐེབས་པས། སྡོམ་པ་ཨ་བྷོ་ཡང་བོད་ཁུལ་གྱི་མང་ཚོགས་ལ་བརྩེ་འདང་ཟབ་མོས་ཁེངས་ཡོད། ཡུལ་ཤུལ་ཁུལ་དམངས་འཐུས་ཚོགས་ཆེན་གྱི་ཀྲུའུ་རེན་གཞོན་པ་ལི་དབྱི་སྔོན་ཆད་སྡོམ་པ་ཨ་བྷོ་དང་ལོ་གང་མང་རིང་གི་ཁྱིམ་མཚེས་ཡིན་པ་དང་། ཁོས་ཕྱིར་དྲན་བྱས་པ་ལྟར་ན། སྡོམ་པ་ཨ་བྷོ་ཚང་ནི་ཁུལ་ཡོངས་སུ་མིང་དུ་གྲགས་པའི“འབྲོག་པའི་སྣེ་ལེན་ཁང”ཡིན་པ་དང་། ཕལ་ཆེར་ཉིན་རྒྱུན་དུ་ཁུལ་ཐོག་ཏུ་ཡོང་ནས་ནད་གསོ་བ་དང་ལས་ཀ་སྒྲུབ་པའི་འབྲོག་པ་མང་ཚོགས་ཁྱིམ་དུ་སྡོད་མཁན་ཡོད།
“འགྲུལ་བ་ཧ་ཅང་མང་བས་སྡོམ་པ་ཨ་བྷོས་ད་དུང་ར་སྐོར་གྱི་ལྷོ་ཕྱོགས་སུ་ཁང་བ་གྲལ་གཅིག་ལས་ཏེ་ཁོ་ཚོ་སྡོད་དུ་བཅུག དགུན་ཁར་དྲོད་ལེན་པའི་སྐབས་སུ། ང་ཚོས་ཨོང་བ་འདྲུད་ཐེངས་རེར་ཁུག་མ་ཉི་ཤུ་ནས་སུམ་ཅུ་དྲུད་པས་ཆོག་མོད། ཁོ་ཚང་ལ་མི་མང་བས་རྒྱུན་དུ་རླངས་འཁོར་གང་རེ་གང་རེ་བྱས་ནས་ཨོང་བ་འདྲུད་ཀྱིན་འདུག ཁོ་ཚོས་ཕ་ཡུལ་གྱི་ཡུལ་མི་རྣམས་ལ་རང་གི་གཉེན་ཉེ་ལྟར་བྱེད་ཅིང་། ཟ་འཐུང་གི་འགན་ཁུར་པར་མ་ཟད། སྐབས་རེར་ཐ་ན་སྨན་ཡོན་ཡང་འགན་འཁུར་བཞིན་ཡོད”ཅེས་ལི་དབྱིས་དེ་ལྟར་བཤད་བྱུང་།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།