ཐོག་མའི་བསམ་འདུན་མི་བསྒྱུར་བར། ཡིད་སེམས་དཀར་པོ་ཏང་ལ་ཕྱོགས།
2019.08.05 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 41

—ནུབ་རྒྱུད་དམག་ཁུལ་སྐམ་དམག་མདའ་དཔུང་ག་གེ་མོའི་ཡུལ་ཤུལ་སྒེར་ཚུགས་སྐྱ་དམག་བརྒྱ་དཔུང་གི་བརྒྱ་དཔོན་ངེས་དོན་མཐར་ཕྱིན་གྱི་ཁྱིམ་དེའི་མི་རབས་བཞི་ཡིས་ཏང་གི་རྗེས་སུ་འབྲངས་པའི་གནས་ཚུལ་དངོས་བྲིས།

ནུབ་རྒྱུད་དམག་ཁུལ་གྱི་སྐམ་དམག་མདའ་དཔུང་ག་གེ་མོའི་ཡུལ་ཤུལ་སྒེར་ཚུགས་སྐྱ་དམག་བརྒྱ་དཔུང་གི་བརྒྱ་དཔོན་ངེས་དོན་མཐར་ཕྱིན(དཀྱིལ)གྱིས་བརྒྱ་དཔུང་གི“རྟ་ཐོག་སྒྲོག་འགྲེལ་རུ་ཁག”ཁྲིད།

ལོ་ངོ70སྔོན་ལ། ཀྲུང་ཧྭའི་བུ་ཕྲུག་གསོས་ཤིང“ཀྲུང་ཧྭ་ཆུ་མཛོད”ཅེས་པའི་མཚན་སྙན་ལྡན་པའི་གཙང་པོའི་མགོ་ཁུངས་ས་ཁུལ་འདིར། ནུབ་རྒྱུད་དམག་ཁུལ་སྐམ་དམག་མདའ་དཔུང་ག་གེ་མོའི་ཡུལ་ཤུལ་སྒེར་ཚུགས་སྐྱ་དམག་བརྒྱ་དཔུང་གི་བརྒྱ་དཔོན་ངེས་དོན་མཐར་ཕྱིན་གྱི་ཡང་མེས་ཐུབ་བསྟན་མགོན་པོས་ནང་ཆེན་ས་ཁུལ་གྱི་སྐར་ལྔའི་དར་དམར་ཨང་དང་པོ་ཕྱིར་ཁྱེར་ནས་ཡོང་ཞིང་ཡར་བསྒྲེངས། སྲོག་དབུགས་ཆད་ལ་ཁད་ཀྱི་དུས་སུ་ནམ་ཡང་ཏང་གི་རྗེས་སུ་འབྲང་རྒྱུ་ཡིན་པའི་ཞལ་ཆེམས་བཞག དེའི་རྗེས་ནས། ཐོག་མའི་བསམ་འདུན་འདི་ཉིད་ཀྱི་སྣེ་འདྲེན་འོག་ཏུ། ངེས་དོན་མཐར་ཕྱིན་གྱི་སྤོ་བོ་ཕུན་ཚོགས་དབང་གྲགས་ཀྱིས་ཐོག་མར་ཡུལ་ཤུལ་ས་ཁུལ་དུ“ཁམས་པའི་དཔོན་རྒྱུད”ཕྱི་མ་ཏང་ལ་ཞུགས་པའི་ལམ་སྲོལ་ཐོག་མར་ཕྱེས་པ་དང་། ཕ་རྒན་སྡོམ་པ་ཨ་བྷོ་ཡིས་དུས་ཡུན་རིང་པོར་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པའི་ཐད་ལ་འབད་པས་གཞོལ་བ་དང་། དེ་ནས་ངེས་དོན་མཐར་ཕྱིན་གྱིས་གསར་བརྗེའི་ཁྱིམ་སྲོལ་གྱི་ཤུགས་རྐྱེན་ཟབ་མོ་ཐེབས་པའི་དབང་གིས། སོམ་ཉི་མེད་པར་བློ་ཐག་ཆོད་པོའི་ངང་དམག་ལ་ཞུགས་ནས་རྒྱལ་ཁབ་ལ་དྲིན་ལན་གུས་འཇལ་ཞུས།

གསར་བརྗེའི་ལས་དོན་གྱི་ཐོག་མའི་བསམ་འདུན་མི་རབས་བཞི་ལ་རྒྱུད་འཛིན་བྱས།

ཞོགས་པར། དགུང་ལོ་དོན་བཞི་བཞེས་པའི་བོད་རིགས་རྒན་པོ་རྟ་མགྲིན་མགོན་པོ་རྐང་ཐང་དུ་རང་ཁྱིམ་ནས་ཕལ་ཆེར་སྤྱི་ལེ་གསུམ་ཙམ་ཡོད་པའི་སྡོམ་པ་ཁྱིམ་རྒྱུད་ཀྱི་གཞིས་ཤག་རྙིང་པའི་ནང་དུ་སླེབས་བྱུང་། འདི་ནས་ནང་ཆེན་རྫོང་མཁར་བར་དུ་སྤྱི་ལེ་བརྒྱ་དང་ཉེར་བརྒྱད་ཀྱི་བར་ཐག་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པའི་ཡར་སྔོན་དུ། ལོ་ངོ་དྲུག་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་ཁམས་པའི་སྐུ་དྲག་ཁྱིམ་ཚང“སྡོམ་པ་བེ་ཧུ”བརྒྱ་དཔོན་ཚང་ཡང་འདི་ནས་བསྡད་པ་རེད།

མིག་མདུན་གྱི་ས་ཁང་ཉིས་ཐོག་ཅན་དེ་བརྗིད་ཉམས་ལྡན་པའི་ས་འཛིན་གྱིས་བསྐོར་ནས་པང་དུ་བླངས་ཡོད་ལ། ཁང་པའི་མདུན་ཕྱོགས་ལ་ཚོན་མདོག་དམར་པོ་བྱུགས་ཡོད།

“འདི་ནི་ངེད་ཚང་གི་གཞིས་ཤག་རྙིང་པ་རེད།”སྡོམ་པ་ཁྱིམ་རྒྱུད་ཀྱི་མི་རབས་རྗེས་མ་སྟེ་ཕོ་ལོ་ཉེར་དྲུག་ལ་སོན་པའི་ངེས་དོན་མཐར་ཕྱིན་གྱིས་དེ་ལྟར་བཤད། ཁང་རྙིང་ནང་དུ་སྔོན་ཞིག་ནས་མི་བསྡད་མེད། ད་ལྟ་རྟ་མགྲིན་མགོན་པོ་ཡིས་འགན་བླངས་ནས་ལྟ་སྲུང་བྱེད་ཀྱིན་ཡོད། ཡུལ་ཤུལ་ནས་ཀྲུང་གོ་གསར་པ་དབུ་བརྙེས་པའི་ཡར་སྔོན་དུ་སྔར་བཞིན་སྟོང་དཔོན་བརྒྱ་དཔོན་གྱི་ལམ་ལུགས་རྒྱུན་འཛིན་བྱེད་ཀྱིན་མཆིས། ངེས་དོན་མཐར་ཕྱིན་ཡོད་སའི་སྡོམ་པ་ཁྱིམ་རྒྱུད་དེ་ནི། ཆིང་རྒྱལ་རབས་ཀྱི་སྲིད་གཞུང་ནས་དཔོན་གནས་ཆོ་ལོ་བསྩལ་པའི་རྒྱུད་འཛིན་ཡིན་པ་དང་། སྟོང་དཔོན་ནང་ཆེན་དཔོན་པོའི་དབང་བསྒྱུར་འོག་ཏུ་འབྲོག་ཁྱིམ་དུད་ཁ་བརྒྱ་ལས་བརྒལ་བའི་འབྲོག་པ་དང་གྲྭ་བཙུན་ཏེ་སེར་སྐྱ་མང་པོར་བདག་སྐྱོང་དོ་དམ་བྱེད་པའི“བརྒྱ་དཔོན”ཞིག་ཡིན།

1949ལོར། ངེས་དོན་མཐར་ཕྱིན་གྱི་ཡང་མེས་ཐུབ་བསྟན་མགོན་པོས་ནང་ཆེན་དཔོན་པོ་དང་མཉམ་དུ་བསྡོངས་ནས་རྟ་མཆོག་སྟོང་དང་རི་དྭགས་ཀྱི་པགས་པ་རྩ་ཆེན་འབོར་ཆེན་ཁྱེར་ནས། ཟི་ལིང་དུ་མཱ་པུའུ་ཧྥང་ལ་གསོལ་རས་སུ་འབུལ་བསམས་ཀྱང་། མཚོ་སྔོན་གུང་ཧོ་རྫོང་གི་མངའ་ཁོངས་སུ་སླེབས་སྐབས། ཟི་ལིང་བཅིངས་འགྲོལ་བྱས་ཟིན་པ་གོ་ཐོས་བྱུང་། དེའི་སྐབས་སུ། རྟ་རྣམས་ཕྱིར་ཡུལ་ཤུལ་ལ་འདེད་དམ། བཅིངས་འགྲོལ་དམག་ལ་འབུལ་ཚན་དུ་སྤྲོད་དགོས་སོམ་ཉི་སྐྱེས་ཏེ། སྟོང་དཔོན་དང་ཐུབ་བསྟན་མགོན་པོ་སོགས་རྟ་སྐྱེལ་འབུལ་དུ་ཕྱིན་པའི་བརྒྱ་དཔོན་རྣམས་ཀྱིས་ཡང་ཡང་གྲོས་མོལ་བྱས་མཐར། མཐའ་མཇུག་རྟ་མཆོག་སྟོང་ལྷག་ཟི་ལིང་དུ་བསྐྱལ་ཏེ་མི་དམངས་བཅིངས་འགྲོལ་དམག་ལ་དགའ་གུས་ཀྱིས་འབུལ་ཚན་དུ་སྤྲད་པ་རེད།

“གུང་ཁྲན་ཏང་གིས་ཐུབ་བསྟན་མགོན་པོ་ལ་སྐར་ལྔའི་དར་དམར་ཞིག་ལག་རྟགས་སུ་ཕུལ། མང་ཚོགས་རྣམས་ཀྱིས་བཤད་ན་འདི་ནི་གུང་ཁྲན་ཏང་གི‘ཆོས་དར་དམར་པོ’རེད་ཟེར།”སྡོམ་པ་ཁྱིམ་རྒྱུད་ཀྱི་ལོ་ན་དོན་ལྔ་ལ་སོན་པའི་དེ་སྔའི་མངའ་འབངས་སྐལ་ལྡན་ཚེ་རིང་ཟེར་བ་དེས་རང་ཉིད་ཀྱི་ཡབ་མེས་གོང་མའི་བཤད་པ་གོ་ཐོས་དག་བརྗོད་རྒྱུར། ཐུབ་བསྟན་མགོན་པོ་ཕྱིར་ཡུལ་ཤུལ་ལ་ལོག་རྗེས། རང་ཁྱིམ་གྱི་ཐོག་ཁང་གི་མདུན་ནས་དར་ཆ་འདི་བསྒྲེངས་པ་རེད། འདི་ནི་ཡུལ་ཤུལ་ནང་ཆེན་གྱིས་བསྒྲེངས་པའི་སྐར་ལྔའི་དར་དམར་ཨང་དང་པོ་དེ་རེད།

1953ལོར། ཐུབ་བསྟན་མགོན་པོ་འཆི་ཁར་དབུགས་ཆད་ལ་ཉེ་དུས་འདི་ལྟར་ཞལ་ཆེམས་བཞག “ལར་སྡོམ་པ་ཁྱིམ་རྒྱུད་ཀྱི་མི་རྣམས་ངེས་པར་ཏང་གི་རྗེས་སུ་འབྲངས་པ་ལས་བློ་རྩེ་ཉིས་འགེལ་གཏན་ནས་བྱ་མི་རུང་།”

ཡབ་མེས་གོང་མའི་ཐོག་མའི་བསམ་འདུན་གྱིས་སྣེ་དྲངས་ཏེ་མི་རབས་རྗེས་མ་རྣམས་མུ་མཐུད་དུ་མདུན་ལ་བསྐྱོད་དགོས། ཐུབ་བསྟན་མགོན་པོའི་བུ་ཆུང་དང་ངེས་དོན་མཐར་ཕྱིན་གྱི་སྤོ་བོ་ཕུན་ཚོགས་དབང་གྲགས་ལོ་བཅོ་ལྔའི་སྟེང་གསར་བརྗེ་ལ་ཞུགས། 1958ལོར་ནུབ་བྱང་ཐང་འཐབ་དམག་གི་སྐྱ་དམག་ཚོགས་པ་ནས་ལོ་ཙཱ་བྱེད་པའི་དུས་སུ། ཁོས་གུང་ཁྲན་ཏང་གི་གནས་ཚུལ་སྔར་ལས་གཏིང་ཟབ་ཀྱིས་ངོས་ཟིན་བྱུང་ནས། བློ་ཐག་ཆོད་པོས་ཏང་རྩ་འཛུགས་ལ་ཉེ་བར་བརྟེན་ན་ཡང་། ལོ་རབས་དེའི་ནང“བརྒྱ་དཔོན”ཞིག་ཏང་ལ་ཞུགས་པའི་སྲོལ་ནི་མེད། ཏང་རྩ་འཛུགས་ཀྱིས་ལོ་གཅིག་ལྷག་གི་རིང་ལ་རྟོག་ཞིབ་བྱས་པར་མ་ཟད་ཀྲུང་གུང་ཀྲུང་དབྱང་ནུབ་བྱང་ཅུས་ཀྱིས་ཆོག་མཆན་བཀོད་པ་བརྒྱུད་ནས། ཕུན་ཚོགས་དབང་གྲགས1960ལོར་གཟི་བརྗིད་ཀྱི་ངང་ཏང་ནང་ལ་ཞུགས།

“ཕ་རྒན་ཏང་ལ་ཞུགས་པ་དེས་སྐབས་ཐོག་དེའི་བོད་ཀྱི་ལས་རིགས་ཁག་གི་མི་སྣའི་ཁྲོད་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས། ངའི་སེམས་ནས་ཧ་ཅང་གསལ་པོ་རེད། ཕ་རྒན་གྱིས་བཤད་རྒྱུར།‘ལམ་འདི་ཉིད་བདམས་ཟིན་པས། ངེས་པར་དུ་གཞུང་སེམས་རྣམ་དག་ཡིན་དགོས’”ངེས་དོན་མཐར་ཕྱིན་གྱི་ཕ་རྒན་སྡོམ་པ་ཨ་བྷོ་ཡིས་དེ་ལྟར་ཕྱིར་དྲན་བྱས་ནས་བཤད།

“ཡབ་མེས་གོང་མ་རྣམས་ཀྱིས་བདག་ལ་མི་ཞིག་བྱེད་ན་གཞུང་དྲང་ཚུལ་ལྡན་ཞིག་བྱེད་དགོས་ཞེས་བསླབས། ཏང་གིས་ང་རང་སྐྱེད་སྲིང་བྱས་ནས་སློབ་གྲྭར་བརྫངས་པ་དང་། ང་རང་མགོ་ཁྲིད་ལས་བྱེད་པར་སྐྱེད་སྲིང་བྱས་པས། ཏང་ལ་དྲིན་ལན་འཇལ་བའི་གོ་སྐབས་ལྡན་བྱུང་།”2010ལོར། ཡུལ་ཤུལ་ལ་ས་འགུལ་ཆེན་པོ་བྱུང་། སྐབས་དེར་ཡུལ་ཤུལ་ཁུལ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་འཁུར་བཞིན་པའི་སྡོམ་པ་ཨ་བྷོ་ཡིས་རྒྱལ་ཡོངས་ནས་ཕེབས་པའི་ཉེན་ཁ་མྱུར་སེལ་དམག་དཔུང་གི་མཐུན་སྦྱོར་དང་བཀོད་གཏོང་ལ་འགན་ཁུར། ཁོས་རང་གི་ཁྲག་ཤེད་མཐོ་བའི་ནད་ཚབས་ཆེན་ལ་མ་འཛེམས་པར། སྨན་ཁང་ནས་ཕྱིར་ཡོང་སྟེ། བསྟུད་མར་ཉིན་ཞག་དྲུག་ལ་འབད་འཐབ་བྱས་པས་གནོད་སྐྱོབ་ཡུལ་དངོས་སུ་ཁོ་རང་མགོ་ཡུ་འཁོར་ཏེ་སར་འགྱེལ་སོང་ལ།“ཞིང་ཆེན་ཡོངས་ཀྱི་ཡོམ་འགོག་གནོད་སྐྱོབ་ཀྱི་དཔེ་བཟང་མི་སྣར”བདམས་པ་རེད།

ད་ལོ་ལོ་ན་ཉེར་དྲུག་ལ་སོན་པའི་ངེས་དོན་མཐར་ཕྱིན་གྱིས་གསར་བརྗེའི་ཞལ་གདམས་ཡིད་ལ་བཟུང་ནས། སློབ་ཆེན་གྱི་ལོ་རིམ་གསུམ་པའི་སྐབས་སུ་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། མཐར་ཕྱིན་རྗེས། འདུ་འཛི་ཆེ་བའི་གྲོང་ཁྱེར་སྐྱིད་པོ་དང་རྒྱང་རིང་མཐའ་འཁོབ་ཀྱི་ཡུལ་ཤུལ་བོད་ཁུལ་ལ་གདོང་གཏད་ནས། ཁོས་དཔལ་ཐང་རྩྭ་ཐང་དུ་ཕྱིར་ལོག་རྒྱུ་བདམས་ཤིང་།

“གྲོང་ཁྱེར་ཆེན་པོ་ལ་ང་རང་མི་གཅིག་ཆད་པ་མིན། མཐོ་སྒང་ལ་དེ་ལས་ལྷག་པར་ང་རང་དགོས་མཁོ་མཆིས”སྙམ།

“བརྒྱ་དཔོན་ཁོ་རང་བོད་རྒྱ་སྐད་གཉིས་ལ་ཐོགས་པ་མེད་ཅིང་། ས་འདི་གའི་གནས་ཚུལ་ལ་ཡང་རྒྱུས་མངའ་ཆེ།

ཁོས་རྒྱུན་དུ་ཏང་གི་སྲིད་ཇུས་བོད་ཡིག་ལ་བསྒྱུར་ནས། ང་ཚོའི་རུ་དཔུང་གི‘རྟ་ཐོག་དྲིལ་སྒྲོག་རུ་ཁག’ཁྲིད་དེ་སྡེ་བ་རེ་རེ་དང་ཁྱིམ་ཚང་རེ་རེར་ཕྱིན་ནས་འབྲོག་པ་མང་ཚོགས་ལ་ཏང་གི་སྲིད་ཇུས་དྲིལ་སྒྲོག་བྱས་པ་ཡིན”ཞེས་དམག་རྟ་ཞབས་ཕྱི་རུ་ཁག་གི་བཅུ་དཔོན་ཚཱང་ལོ་བརྒྱ་ཚེ་རིང་གིས་དེ་ལྟར་བཤད།

ལོ་ངོ་བདུན་ཅུའི་ཆར་རླུང་ཁྲོད་དུ་འགྱུར་མེད་ཕ་བོང་བཞིན་བརྟན་ཅིང་བརླིང་བས། དཀའ་བ་ཅི་འདྲར་འཕྲད་ཀྱང་ངེས་དོན་མཐར་ཕྱིན་ཚང་གི་མི་རབས་བཞིའི་རིང་ལ་ཏང་ཁོ་ནའི་རྗེས་སུ་འབྲངས་ཏེ་ཕྱིན། དེ་ནི་གུང་ཁྲན་ཏང་གི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་གྱིས་ཁོ་པ་རྣམས་ལ་གཉིས་སྣང་ཐེ་ཚོམ་གཅོད་པའི་སྟོབས་ཤུགས་བསྩལ་པས་རེད།

ནང་ཆེན་སྟོང་དཔོན་གྱིས་ཡུལ་ཤུལ་ལ་མངའ་བསྒྱུར་བའི་དུས་རབས་སུ། བོད་ཀྱི་ཁྱིམ་ཚང་ཕལ་བ་ཚང་མས་སྟོང་དཔོན་དང་བརྒྱ་དཔོན་ལ་ཕྱུགས་ཁྲལ་དང་རྩྭ་ཁྲལ་འབུལ་དགོས། “ཀྲུང་གོ་གསར་པ་མ་བཙུགས་སྔོན་དུ་ངེད་ཚང་ལ་ཆུ་སྐྱོགས་ཤིག་ཡོད་ལ། འབྲོག་པ་རྣམས་ཀྱིས་རྟེན་འབྲེལ་ཙམ་དུ་ནས་ཆུ་སྐྱོགས་གང་དང་མར་རྡོག་པོ་གཅིག་ཕུལ་བས་ཆོག”སྡོམ་པ་ཨ་བྷོས་དེ་ལྟར་བརྗོད།

“སྡོམ་པ་ཚང་ལ་མང་ཚོགས་ཀྱི་བདེ་སྡུག་བསམ་པའི་ལྟ་བ་བབ་ཆགས་ཤིག་གྲུབ་ཡོད་དེ། ཁོ་ཚོ་མང་ཚོགས་ལ་དགའ་བ་དང་མང་ཚོགས་ལ་ཡིད་ཆེས་པ། མང་ཚོགས་ལ་རྒྱབ་རྟེན་བྱེད་པས། ཏང་གི་སྲིད་ཇུས་སླེབས་མ་ཐག ཁོ་ཚོའི་བསམ་བློ་དང་སྟབས་ཀ་གཅིག་ཏུ་འགྲིག དེས་ལྷག་ཏུ་ཁོ་ཚོའི་ཏང་གི་རྗེས་སུ་འབྲང་འདོད་ཀྱི་ཆོད་སེམས་ཇེ་བརྟན་དུ་བཏང་།”ངེས་དོན་མཐར་ཕྱིན་ཡོད་སའི་རུ་དཔུང་དེའི་ཆབ་སྲིད་ལས་དོན་པུའུ་ཡི་ཀྲུའུ་རེན་ཀྲང་ཞིང་གིས་དེ་ལྟར་བརྗོད།

ཡུལ་ཤུལ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཏི་ཅུན་གྱིས་བཤད་ན། ཡུལ་ཤུལ་ཞི་བས་བཅིངས་འགྲོལ་བྱས་རྗེས། ང་ཚོའི་ཏང་གིས་ཡུལ་ཤུལ་ནས་མི་རིགས་འདྲ་མཉམ་དང་མཐུན་སྒྲིལ། ཆོས་ལུགས་དད་མོས་རང་དབང་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱས་པར་མ་ཟད། ས་གནས་དེའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་པར་འབད་པས། ཡུལ་གྱི་དཔོན་འབངས་རྣམས་ཀྱི་བསྟོད་བསྔགས་ཐོབ། “སྡོམ་པ་ཚང་ནི་ཤེས་རྒྱ་ཡངས་ལ་དྲིན་ལ་དྲིན་ལན་ཡོད་པ་ཤ་སྟག་ཡིན་པས། རྒྱལ་ཁབ་དང་མི་རིགས། མི་དམངས་བཅས་ལ་འགན་འཁུར་བའི་བསམ་པ་སྔོན་དུ་སོང་ཐོག རང་མོས་རང་འདུན་ལྟར་ཏང་གི་རྗེས་སུ་འབྲངས།”

ངེས་དོན་མཐར་ཕྱིན་གྱི་སྤོ་བོ་ཕུན་ཚོགས་དབང་གྲགས་ལགས།

ཡུལ་ཤུལ་ཞི་བས་བཅིངས་འགྲོལ་བྱས་རྗེས། ཕུན་ཚོགས་དབང་གྲགས་ནི་ཏང་གི་མི་རིགས་དང་ཆོས་ལུགས་སྲིད་ཇུས་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་ཏུ་གྱུར། “ཁོས་བརྒྱ་དཔོན་གྱི་ཐོབ་ཐང་དོར་བར་མ་ཟད། གཉེན་ཉེ་རྣམས་ལ་སྐུ་དྲག་གི་ཐོབ་ཐང་མཚོན་བྱེད་ཀྱི་ཡིག་ཆ་དང་དར་ཆ་སྤྲོད་དགོས་པར་གདམས།”ཕུན་ཚོགས་དབང་གྲགས་ཀྱི་ཆུང་མ་བཀྲ་ཤིས་གཡང་འཛོམས་ནི་ད་ལོ་ལོ་དོན་ལྔ་ཡིན། མོས་ཕྱིར་དྲན་བྱས་པ་ལྟར་ན། ཕུན་ཚོགས་དབང་གྲགས་ལོ་བཅུ་བདུན་ཡིན་དུས། འབྲོག་པ་འགའ་ཞིག་གིས་གནས་རིའི་སྟེང་གི་དབྱར་རྩྭ་བརྐོས་པར། བརྒྱ་དཔོན་འགན་ཚབ་ཁུར་པའི་ཨ་མས་ཁྱིམ་དུ་བཀག གནས་ཚུལ་དེ་ཤེས་རྗེས་ཁོས་གསང་ཐབས་ཀྱིས་འབྲོག་པ་དེ་ཚོ་ཕྱིར་གློད། གནས་ཚུལ་དེ་ཕྱིར་ཁྱབ་རྗེས་ཁོ་ལ་མང་ཚོགས་དང་ཏང་སྲིད་མགོ་ཁྲིད་ཀྱི་བསྟོད་བསྔགས་ཐོབ།

“གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་ནི་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན། རླབས་ཆེ་བའི་བསམ་འདུན་དེས་ཁྱིམ་རྒྱུད་འདིའི་ཡིད་སེམས་བཀུག་པས། མི་རབས་ནས་མི་རབས་བར་གུང་ཁྲན་ཏང་གི་རྗེས་སུ་འབྲངས། གནས་ཚུལ་དེས་ཀྱང་གུང་ཁྲན་ཏང་གི་ཐོག་མའི་བསམ་འདུན་ནི་ཡང་དག་པ་དང་། ལོ་རྒྱུས་དང་མི་དམངས་ཀྱི་ཉམས་སད་ཐེག་ཐུབ་པ་མཚོན།”ཝུའུ་ཏི་ཅུན་གྱིས་དེ་ལྟར་བརྗོད།

ངེས་དོན་མཐར་ཕྱིན་དང་ཁོའི་ཨ་ཕ་གཉིས་ཀྱི་མཉམ་པར།

“རྩྭ་ཐང་གི་སྐུད་ལམ”ནས་མི་རིགས་མཐུན་སྒྲིལ་གྱི་འབྲེལ་ལམ་བཙུགས།

མཚོ་ངོས་ལས་སྨི་བཞི་སྟོང་ཉིས་བརྒྱ་ཡོད་པའི་དཔལ་ཐང་རྩྭ་ཐང་ནི་གཡུ་མདོག་གི་གདན་ཞིག་དང་འདྲ། ཡུལ་ཤུལ་སྒེར་ཚུགས་སྐྱ་དམག་བརྒྱ་དཔུང་དཔལ་ཐང་ཆེད་སྡོད་དམག་སྦྱོང་ས་ཚུགས་སུ། དཔོན་དམག་བཅུ་ལྷག་གིས་སྟོབས་ཤུགས་ཅི་ཡོད་བཏོན་པས་ད་གཟོད་རྟ་མཆོག་ཅིག་ས་ལ་བསྒྱེལ་ཐུབ་པར་གྱུར་ལ། སྨན་པས་རྟའི་གསུས་པར་ཞིབ་ཏུ་བརྟགས་རྗེས། རྨ་ཁ་ལ་དུག་སེལ་དང་སྨན་འབྱུག་པར་བྱས།

དཔལ་ཐང་ཆེད་སྡོད་དམག་སྦྱོང་ས་ཚུགས་ཀྱིས་གཙོ་བོ་དམག་རྟ་ལ་བདག་སྐྱོང་བྱེད་བཞིན་ཡོད། གནས་དེའི་དབྱང་དབུགས་ཀྱི་ཚད་ནི་ནང་ལོགས་ཀྱི་བརྒྱ་ཆའི་དྲུག་ཅུ་ཙམ་ལས་མེད་ལ། ལོ་གཅིག་ནང་ཟླ་བ་གསུམ་ལ་མ་གཏོགས་ཁ་བ་འབབ་པ་རེད། ངེས་དོན་མཐར་ཕྱིན་ནི་གནས་དེར་རྒྱུན་སྡོད་ཡིན་ལ། སྦྱོང་བརྡར་བྱས་ཚར་རྗེས་ཀྱི་དུས་ཚོད་ལྷག་མའི་ནང་དུ། ཁོས་དུས་ཚོད་མང་ཤོས་ནི་དཔོན་དམག་རྣམས་འབྲོག་ཁུལ་དུ་ཁྲིད་ནས་མང་ཚོགས་ལ་རོགས་རམ་བྱེད་པར་གཏོང་བ་ཡིན།

“ན་ནིང་དབྱར་ཁར། སྡེ་བའི་མི་རྣམས་རི་མགོར་དབྱར་རྩྭ་བརྐོ་རུ་ཕྱིན་རྗེས། སྤྱང་ཀི་འགས་ནོར་གནག་གཅིག་ལ་རྨུགས་པ་རེད།”དཔལ་ཐང་ཞང་ཐལ་རོ་རྒྱུད་སྡེ་བའི་སྡེ་མི་མཐུ་སྟོབས་ཚེ་རིང་གིས་དེ་ལྟར་བཤད་ཅིང་། ཐབས་ཟད་པའི་ཁོ་ཚོས་ངེས་དོན་མཐར་ཕྱིན་ལ་ཁ་པར་བཏང་བ་རེད།

རྨ་ཁ་བཙེམ་པ་དང་སྨན་ཁབ་རྒྱག་པ། དབྱང་དབུགས་རྔུབ་ཏུ་འཇུག་པ། དེ་མིན་ཉིན་གསུམ་རེའི་ནང་ལ་ནོར་གནག་གི་རྨ་ཁ་ཐེངས་རེ་བཀྲུ་བ་སོགས་བྱས་པས། གཟའ་འཁོར་གཉིས་འགོར་རྗེས། རྨས་ཕོག་པའི་ནོར་གནག་དེ་སངས་དྲག་ཏུ་སོང་།

ཐལ་རོ་རྒྱུད་སྡེ་བར་འབྲོག་ཁྱིམ་ཉེར་གཅིག་ཡོད། ལོ་ན་དོན་བདུན་ལ་སོན་པའི་འབྲོག་པ་བསྟན་འཛིན་ཆོས་ཕྱུག་ལ་ལྕགས་དྲ་བསྐོར་རོགས་བྱས་པ་དང་། འབྲོག་ཁྱིམ་གྱི་ནད་བྱུང་བའི་ཕྱུགས་ཟོག་ལ་སྨན་ཁབ་རྒྱག་པ་དང་སྨན་ལྡུད་པ། དབུལ་ཕོངས་ཁྱིམ་ཚང་ཞིག་གི་སློབ་འབྲིང་སློབ་མ་གཅེན་གཅུང་གཉིས་ལ་རོགས་སྐྱོར་བྱས་པ་སོགས་ཀྱིས་ངེས་དོན་མཐར་ཕྱིན་གྱི་ཁ་པར་ནི་དཔལ་ཐང་རྩྭ་ཐང་གི“སྤྱི་གཞུང་སྐུད་ལམ”ཞིག་ཏུ་གྱུར་པ་དང་། འགལ་བ་དང་དཀའ་ངལ་ལ་འཕྲད་ཚེ། ཡུལ་མི་ཚོས་ཐོག་དང་པོར་ཁོ་སེམས་ལ་དྲན་ཡོང་བ་ཞིག་ཏུ་གྱུར།

མང་ཚོགས་རྣམས་ལ་སྐམས་ཤ་ཡོད་དུས་དམག་དཔུང་ལ་ཤ་སྐལ་སྐྱེལ་ཡོང་ལ། དམག་མི་རྣམས་རྟ་འཚོ་བར་འགྲོ་བའི་ལམ་དུ་འབྲོག་ཁྱིམ་ལ་སོང་ནས་ཇ་འཐུང་བར་བྱེད། གཟན་རྩྭ་ཏུན་ཉི་ཤུ་རེ་དམག་སྒར་ལ་སྐྱེལ་ཡོང་དུས། འབྲོག་པ་མང་ཚོགས་རང་མོས་ཀྱིས་རྩྭ་འབེབས་རོགས་སུ་སླེབས་ཡོང་བ་སོགས“དངོས་གནས་ཁྱིམ་ཚང་གཅིག་གི་མི་དང་འདྲ།”འབྲོག་པ་ཝུའུ་ཡུས་ལན་གྱིས་དེ་ལྟར་བརྗོད།

ངེས་དོན་མཐར་ཕྱིན་ཡོད་སའི་དམག་དཔུང་ལ་ཀྲུང་དབྱང་དམག་ཨུས་གནང་བའི“མཐོ་སྒང་གི་མི་རིགས་མཐུན་སྒྲིལ་གྱི་དཔེ་ལེགས་ཤོག་ཁག”གི་མཚན་སྙན་ཐོབ་ཡོད་ལ། ཡབ་མེས་ཀྱི་ཏང་གི་རྗེས་སུ་འབྲང་དགོས་པའི་ཞལ་གདམས་ལྟར། ཁོས་ལྷག་བསམ་ཟོལ་མེད་ངང་འབྲོག་པ་མང་ཚོགས་ལ་རོགས་རམ་དང་། འགལ་རྩོད་ལ་ཞི་འདུམ་བྱེད། དམག་དཔུང་གི་ནང་ནས་སློབ་གསོ་དང་སྦྱོང་བརྡར་ཡང་ཐོབ།

ཡུལ་ཤུལ་ལ་དབྱར་རྩྭ་དགུན་འབུ་མོད་ཅིང་། དེ་ནི་ས་གནས་མང་ཚོགས་ཀྱི་དཔལ་འབྱོར་ཡོང་ཁུངས་གལ་ཆེན་ཞིག་ཡིན། དབྱར་རྩྭ་རྐོ་བའི་དུས་ལ་སླེབས་ཐེངས་རེར། འབྲོག་པ་རྣམས་ཀྱིས་རྩྭ་ས་རྩོད་པའི་གནས་ཚུལ་ཡང་འབྱུང་།

“འགལ་རྩོད་མང་ཤོས་ནི་སྐད་དང་སྲོལ་མི་མཐུན་པ་ལས་སྐྱེད་བཞིན་ཡོད། མི་ལ་ལས་སྲིད་ཇུས་ལ་གོ་བ་ལོན་མེད་པས། ཁེ་ཕན་ལ་ཐུག་དུས་གནད་དོན་བཟོ་སླ།”ངེས་དོན་མཐར་ཕྱིན་གྱིས་དེ་ལྟར་བརྗོད།

དེ་བས་ཁོས་རང་གིས་བོད་སྐད་གོ་ལ་སྲིད་ཇུས་ཀྱང་ཤེས་པའི་ནུས་པ་དེ་འདོན་སྤེལ་བྱས་ནས། དཔོན་དམག་གི་ཁྲོད་ནས་ཏང་གི་མི་རིགས་སྲིད་ཇུས་དང་རྒྱུན་སྤྱོད་བོད་སྐད། མི་རིགས་ཀྱི་གོམས་སྲོལ། འདུམ་སྒྲིག་གི་ཐབས་རྩལ་བཅས་ཁྲིད་ནས། འགལ་རྩོད་ཞི་འདུམ་ལ་འཇོན་པ་མང་པོ་སྐྱེད་སྲིང་བྱས།

ནང་ཆེན་རྫོང་སྡོམ་པ་ཞང་རྒོ་གཞུང་སྡེ་བའི་ལོ་ན་དོན་བཞི་ལ་སོན་པའི་སྡེ་མི་ཐུབ་བསྟན་གྱིས“ད་སྐབས་སྐལ་བ་ཡག་པས། ཏང་གི་སྲིད་ཇུས་ལ་རྒྱུས་ལོན་ཇི་ལྟར་ཆེ་ན། དེ་ལྟར་ཕྲེང་ཐག་གཅིག་ལ་བརྒྱུས་པ་ལྟར་ཏང་གི་ཁ་ལ་མཉན་ནས་ཏང་གི་རྗེས་སུ་འབྲང་དགོས་པའི་བསམ་ཚུལ་སྐྱེས་ཡོང”ཟེར།

མི་རབས་བཞིའི་རིང་ལ། ངེས་དོན་མཐར་ཕྱིན་ཚང་གིས་སེམས་པ་དཀར་པོར་འགྱུར་བ་མེད་པར་ཏང་གི་རྗེས་སུ་འབྲངས་པས། རྩྭ་ཐང་གི་ཁྱོན་དུ་དཔེ་སྟོན་གྱི་ནུས་པ་ཐེབས་ཚད་ཇེ་ཆེ་ནས་ཇེ་ཆེ་རུ་འགྲོ་བཞིན་ཡོད་ལ། ཤན་ཤུགས་ཐེབས་པའི་མི་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།