ཡུལ་སྐོར་ཐོན་ལས་བསྐྲུན་ནས་མཚོ་སྔོན་ལྗང་མདོག་དུ་འགྱུར་བ་མངོན་འགྱུར་བྱས།
2019.08.07 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 28

དབྱར་གཞུང་གི་མཚོ་སྔོན་ནི་རི་མོ་མཁན་གྱི་པུར་རྩེ་ལས་ཐོན་པ་བཞིན་རི་བོ་སྔོ་ཞིང་ཆུ་མོ་དྭངས་པར་གནས་ལ། ལོག་དཀར་མེ་ཏོག་གི་ཐང་ཆེན་ནི་འབྱམས་ཀླས་པ་ཞིག་ཡིན་པས་མི་རྣམས་ཀྱི་ཡིད་དབང་ཅིག་ཅར་དུ་འཕྲོག་པར་བྱེད། དཀར་བོང་བོང་གི་ཚྭ་ཁ་དང་སྔོ་བསངས་བསངས་ཀྱི་མཚོ་སྔོན་པོ། སྔོ་ལྗང་ལྗང་གི་མདོ་ལ། ད་རུང་ཡུལ་གང་གི་ལམ་གང་དུ་ཞུགས་ནའང་མཐོང་ལམ་དུ་མངོན་པ་ནི་རྩྭ་ཐང་དང་མཚེའུ། གངས་རི་ཡིན་པས་མི་རྣམས་ཀྱི་སེམས་ལ་བདེ་སྣང་དང་སྐྱིད་སྣང་གི་ཚོར་བ་དབང་མེད་དུ་སྟེར་ངེས།

ཟླ7པའི་ཚེས9ཉིན། “རབ་མཛེས་ཀྱི་མཚོ་སྔོན། མེ་ཏོག་གི་མིན་ཡོན”ཞེས་པ་བརྗོད་གཞི་ཡིན་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་གི་ལོག་དཀར་མེ་ཏོག་གི་རིག་གནས་ཡུལ་སྐོར་དུས་ཆེན་ནམ་ཀྲུང་གོའི་མདོ་ལ་རིང་མོའི་ཤོག་བྱ་དུས་ཆེན་དེ་མིན་ཡོན་རྫོང་འཇུ་ལག་གྲོང་རྡལ་ནས་གཟབ་རྒྱས་ངང་བསྡུས། ཟླ7པའི་ཚེས11ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི2019ལོའི་རིག་གནས་ཡུལ་སྐོར་དུས་ཆེན་ནམ་ཚྭ་ཁ“བར་སྣང་ཨང་དང་པོ”ལྗོངས་ཁུལ་སྒོ་ཕྱེ་བའི་མཛད་སྒོ་ཏུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་དུ་སྤེལ། མཚོ་སྔོན་གྱི་ཆེས་མཛེས་པའི་དུས་ཚིགས་སུ་ང་ཚོས་རྒྱལ་ཁབ་ཕྱི་ནང་ངམ་གོ་ལ་ཧྲིལ་པོའི་ཡུལ་སྐོར་པ་རྣམས་བསུས་ཏེ། ཁོ་ཚོར་བརྗིད་ཆགས་མཛེས་སྡུག་གི་རང་བྱུང་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་མིས་བཟོས་རིག་གནས་ཀྱི་འགུག་ཤུགས་ལ་རོལ་མྱོང་བྱེད་དུ་འཇུག་པ་དང་མཚོ་སྔོན་གྱི་སྙན་གྲགས་དང་འགུག་ཤུགས་ཇེ་མཐོར་བཏང་།

མཚོ་སྔོན་གྱི་རིན་ཐང་ཆེས་ཆེ་བ་སྐྱེ་ཁམས་ཡིན་ལ་འགན་འཁྲི་ཆེས་ཆེ་བའང་སྐྱེ་ཁམས་ཡིན་པར་མ་ཟད། སྦས་ཤུགས་ཆེས་ཆེ་བ་དེའང་སྐྱེ་ཁམས་ཡིན། རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་སུ་གནས་པའི་རང་ཞིང་གི་ཡུལ་སྐོར་ལ་མཚོན་ན་ཐུན་མོང་མ་ཡིན་པའི་རང་བཞིན་དང་ཁོ་ན་རང་བཞིན། རྒྱུ་མང་རང་བཞིན་བཅས་ཀྱི་ལེགས་ཆ་ལྡན་ལ། གདོད་མའི་རང་བཞིན་དང་གནས་ཡུལ་རང་བཞིན། རྗེས་འཕེལ་རང་བཞིན་བཅས་ཀྱི་སྦས་ཤུགས་ཀྱང་ལྡན་པ་རེད། ཨ་ཆེན་གངས་རྒྱབ་རང་བྱུང་སྲུང་སྐྱོབ་ཁུལ་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་། མཚོ་སྔོན་པོ་ལྗོངས་ཁུལ། ཁུ་ནུ་རི་བོ། སྐུ་འབུམ་བྱམས་པ་གླིང་བཅས་ནི་མཚོ་སྔོན་ཡུལ་སྐོར་གྱི་མིང་བྱང་ལྟ་བུ་ཡིན་ལ། མགོ་ཁུངས་མཚོ་སྔོན་ཡིན་པའི་གཙང་པོ་ཆེན་པོས་ཕུན་ཚོགས་སྣ་མང་གི་རིག་གནས་བསྐྱངས་པ་དང་། མི་རིགས་སོ་སོ་ཡུལ་གྲུ་ཆེན་པོ་འདི་ནས་བདེ་སྡུག་མཉམ་མྱོང་དང་ཤི་གསོན་མཉམ་གནས་སུ་གནས། རྒྱུ་མང་རིག་གནས་ཡུལ་འདི་ནས་ཕན་ཚུན་དུ་འདྲེས་ནས་འོད་སྟོང་འབར་བ་ལས་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་འགུག་ཤུགས་ལྡན་པའི་མཛེས་ལྗོངས་གྲུབ། མཚོ་སྔོན་ནི་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་ཉམས་ཞན་ཡིན་པའི་ས་ཁུལ་ཡང་ཡིན། ཡུལ་སྐོར་ལས་རིགས་གོང་དུ་སྤེལ་བ་ནི་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ་དང་ལྗང་མདོག་མངོན་འགྱུར་བྱེད་པའི་གདམ་གསེས་ཁོ་ན་ཡིན།

མཚོ་སྔོན་གྱིས་ནམ་ཡང“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དོན་འཁྱོལ་མཐར་ཕྱིན་བྱས་པར་མ་ཟད། ཞིང་ཆེན་གྱི་གནས་ཚུལ་ལ་མུ་མཐུད་དུ་ངོས་འཛིན་གཏིང་ཟབ་ཏུ་བྱས་ཏེ། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་བཏོན་ནས། སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་གཅིག་གྱུར་བཀོད་འདོམས་བྱས་པ་དང་བློ་བརྟན་འགྱུར་མེད་སྒོས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་སྤུས་ཚད་མཐོན་པོའི་འཚོ་བའི་ལམ་དུ་བསྐྱོད། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཁོངས་གཏོགས་ཀྱི་ཡུལ་སྐོར་འཕེལ་རྒྱས་ཆགས་སྟངས་ཐོག་མར་གྲུབ་པས། ཡུལ་སྐོར་མི་གྲངས་དང་སྤྱིའི་ཡོང་སྒོ་མུ་མཐུད་དུ་འཕར་བ་དང་། ཡུལ་སྐོར་ལ་དོ་སྣང་བྱེད་ཚད་བསྟུད་མར་ཇེ་མཐོར་སོང་། ཀྲུང་གོ་ཡུལ་སྐོར་ཞིབ་འཇུག་གླིང་དང་སྦྲང་ཚང་དྲ་ཚིགས་གཉིས་ཀྱིས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ཆེན་པོའི་སྟེགས་བུའི་ལྟ་སྐུལ་ཞིབ་བཤེར་གྱི་གཞི་གྲངས་ལས་ཤེས་པ་ལྟར་ན། མཚོ་སྔོན་གྱི་ཡུལ་སྐོར་ལ་དོ་སྣང་བྱེད་ཚད346%ལ་སླེབས་ཡོད་པ་དེས་ཀྲུང་གོའི་ནུབ་བྱང་གི་ཨང་དང་པོ་ཟིན་ཡོད། ཡུལ་སྐོར་ལས་རིགས་ཀྱིས་རང་ཞིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་གོ་གནས་དང་ནུས་པ་གལ་ཆེན་ལྡན། སྐྱེ་ཁམས་ལ་དམིགས་བསལ་སྲུང་སྐྱོབ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་ཡུལ་སྐོར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་འགག་སྒོ་རུ་བརྩིས་ཏེ། ཡུལ་སྐོར་ཐོན་ལས་བསྐྲུན་ནས་མཚོ་སྔོན་ལྗང་མདོག་ཏུ་ཆགས་པ་མངོན་འགྱུར་བྱས།

ཐོན་རྫས་གསར་སྐྲུན་ལ་ཤུགས་བསྣན་ནས་ཡུལ་སྐོར་མཁོ་འདོན་རྒྱ་བསྐྱེད་པ། ཡུལ་སྐོར་གསར་སྤེལ་བྱེད་པ་གཙོ་ཁྲིད་དུ་བརྩིས་ཏེ། རྒྱལ་ནང་གི་ཡུལ་སྐོར་འཕེལ་རྒྱས་སྔོན་ཐོན་ས་ཁུལ་གྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པའི་བྱ་བ་ཧུར་བརྩོན་གྱིས་བསྒྲུབས། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཁག་གི་རྒྱབ་སྐྱོར་ཧུར་ཐག་སྒོས་བརྩོན་ལེན་བྱས་པ་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ཁུལ་དང་རྒྱལ་ཁབ་ཀྱི་ལྗང་མདོག་ཡུལ་སྐོར་དཔེ་སྟོན་རྟེན་གཞིའི་གསར་སྐྲུན་ལ་བསྟུད་མར་སྐུལ་འདེད་བྱས། རང་བྱུང་སྐྱེ་ཁམས་རང་བཞིན་གྱིAརིམ་པའི་ལྗོངས་ཁུལ་ཚད་གཞི་ཐོག་མར་འཚོལ་སྙེག་བྱེད་པའི་ནང་རྐྱེན་བཙུགས་ནས། ཡུལ་སྐོར་བྱ་ཡུལ་དང་ལྗོངས་ཁུལ་ཁོར་ཡུག་གི་ཤོང་ཚད་ཁྱབ་སྒྲོག་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་། མཛེས་ལྗོངས་བགྲོད་ལམ་གདེང་འཇོག་དཔྱད་འདེམ་བྱེད་པའི་ཚད་གཞི་ལྟར། མཚོ་སྔོན་ཞིང་ཆེན་གྱི་ལྗོངས་ཁུལ་དཔེ་མཚོན་ཡུལ་ཁོངས་བདམས་ནས་ལྗོངས་ཁུལ་གྱི་བགྲོད་ལམ་མ་ལག་འཛུགས་སྐྲུན་བྱས་པས་ཡུལ་སྐོར་ལམ་ཐིག་གི་ཐོན་རྫས་མ་ལག་གྲུབ། སྒེར་འཁོར་ཡུལ་སྐོར་ཐོན་རྫས་ཀྱི་མ་ལག་ཤུགས་ཆེན་གྱིས་བསྐྲུན་ནས་ཡུལ་ཁོངས་ཀྱི་ཡུལ་སྐོར་རྒྱུ་རྐྱེན་གཙོ་བོ་འཛུགས་སྐྲུན་བྱེད་པར་གཅིག་གྱུར་བཀོད་སྒྲིག་བྱས་ཏེ་སྒེར་འཁོར་ཡུལ་སྐོར་མནའ་འབྲེལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་། ཡུལ་སྐོར་ལྗོངས་ཁུལ་རྩེ་གྲས་མུ་མཐུད་དུ་བསྐྲུན།

ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཡུལ་སྐོར་གྱི་ཁྱབ་ཁོངས་གསར་པ་རྒྱ་བསྐྱེད། ཡུལ་སྐོར་དང་སྲོལ་རྒྱུན་བཟོ་ལས་ཀྱི་མཉམ་འདྲེས་ལ་སྐུལ་འདེད་བྱས། ཁྱད་ལྡན་བཟོ་ལས་ཀྱི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་བཟོ་ལས་རྟེན་གཞི་རྙིང་པ་དང་བཟོ་ཁུལ། རྗེས་ཤུལ་སོགས་ལ་སྲུང་སྐྱོབ་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་སྟེ་ཚྭ་ཁའི་ལྟད་མོ་དང་ཉམས་ལེན་སོགས་ཀྱི་ཡུལ་སྐོར་ལས་གཞི་གཏིང་ཟབ་ཏུ་གསར་སྤེལ་བྱས། ཡུལ་སྐོར་དང་ཁྱད་ལྡན་རིག་གནས་མཉམ་འདྲེས་བྱེད་པར་སྐུལ་འདེད་བཏང་བ་དང་། ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་ཕུན་སུམ་ཚོགས་པའི་མིས་བཟོས་རིག་གནས་ཐོན་ཁུངས་ལ་བརྟེན་ནས། ཟི་ལིང་དང་མཚོ་ཤར། མཚོ་ལྷོ་སོགས་ཀྱི་ས་ཆ་མང་པོ་ཞིག་རྒྱལ་ཁབ་ཕྱི་ནང་དུ་མིང་དུ་གྲགས་པའི་རིག་གནས་ཡུལ་སྐོར་བྱ་ཡུལ་དུ་བསྐྲུན་རྒྱུ་རེད། ཡུལ་སྐོར་མཐོ་སྒང་ལུས་རྩལ་དང་འདྲེས་པར་སྐུལ་འདེད་བཏང་སྟེ། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ལུས་རྩལ་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ནས། དེང་རབས་ཀྱི་མཐར་སོན་ལུས་རྩལ་འགུལ་སྐྱོད་སོགས་ཀྱི་མཐོ་སྒང་ལུས་རྩལ་ཡུལ་སྐོར་གྱི་ཐོན་རྫས་ཤུགས་ཡོད་ཀྱིས་གསར་སྤེལ་བྱེད་རྒྱུ་རེད། ཡུལ་སྐོར་དང་མཐོ་སྒང་ཁམས་གསོ་འདྲེས་པར་སྐུལ་འདེད་བཏང་སྟེ་ཞིང་ཆེན་བོད་སྨན་ཁང་སོགས་རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་བདེ་ཐང་ཡུལ་སྐོར་དཔེ་སྟོན་རྟེན་གཞི་ལ་བརྟེན་ནས། ཆུ་ཁོལ་ཡུལ་སྐོར་ཐོན་རྫས་ཤུགས་ཆེན་པོས་གསར་གཏོད་བྱེད་པ་དང་ཟུར་སྣོན་རིན་ཐང་གསར་སྐྲུན་བྱེད་རྒྱུ་རེད།

རྨང་གཞིའི་སྒྲིག་བཀོད་ལ་ཤུགས་བསྣན་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། ཤར་གཏོང་སྟབས་བདེའི་འགྲིམ་འགྲུལ་དྲ་བ་ཞིག་ཆགས་སུ་འཇུག་པ་དང་། ལྕགས་ལམ་དང་མཁའ་འགྲུལ། མྱུར་བགྲོད་གཞུང་ལམ་གྱི་དྲ་རྒྱ་བཅས་འཛུགས་སྐྲུན་བྱས་ཏེ། ལྗོངས་ཁུལ་གྱི་ཡུལ་སྐོར་བགྲོད་ལམ་འཛུགས་སྐྲུན་གྱི་ཤུགས་ཚད་ཇེ་ཆེར་བཏང་། ཚད་ལྡན་ཅན་གྱི་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་བཏང་ནས། རྒྱལ་ཁབ་ཀྱིAརིམ་པའི་ལྗོངས་ཁུལ་འཛུགས་སྐྲུན་བྱེད་པའི་ཚད་གཞི་ལྟར། མཚོ་སྔོན་པོ་དང་སྐུ་འབུམ་བྱམས་པ་གླིང་སོགས་ཀྱི་ལྗོངས་ཁུལ་གྱི་ཞབས་ཞུ་ནུས་པ་དང་ཆུ་ཚད་ཚད་ལྡན་དང་ཇེ་མཐོར་བཏང་། “སྤྱོད་ཁང་གསར་བརྗེ”ལ་སྐུལ་འདེད་བཏང་སྟེ། བྱེད་ཐབས་མང་པོ་མཉམ་དུ་སྤྱད་ནས་མང་ཚོགས་ཀྱི་འཚོ་བའི་རྒྱུ་སྤུས་དང་འབྲེལ་བའི“སྤྱོད་ཁང་བེད་སྤྱོད”ཀྱི་མི་འདང་ས་ཁ་གསབ་བྱས། དྲ་སྦྲེལ་དང་། ཡུལ་སྐོར་འཛུགས་སྐྲུན་ལ་སྐུལ་འདེད་བྱས་ཏེ། ཤུགས་ཆེན་པོས“དྲ་སྦྲེལ”བཟོ་འགོད་ལ་སྐུལ་འདེད་བྱས་པ་དང་ཤེས་རིག་ཡུལ་སྐོར་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་བཏང་། ཡུལ་ཁོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་ནས་སྣེ་ཁྲིད་བྱས་ཏེ། ཡུལ་སྐོར་ཐོན་རྫས་དང་ཞབས་ཞུ་རྒྱུ་སྤུས་ཚད་ལྡན་ཅན་དུ་འཛུགས་སྐྲུན་བྱེད་པར་ཤུགས་ཆེན་པོས་སྐུལ་འདེད་བྱས། ཡུལ་ཁོངས་མཉམ་ལས་འཕེལ་རྒྱས་ལ་ཤུགས་བསྣན་ནས། མཐའ་འཁོར་ཞིང་ཆེན་གྱི་ཡུལ་ཁོངས་མཉམ་འགུལ་ལ་མྱུར་དུ་སྐུལ་འདེད་བཏང་སྟེ། རབ་མཛེས་མཚོ་སྔོན་གྱི་ཚོང་རྟགས་གྲགས་ཅན་གྱི་ཤུགས་རྐྱེན་ནུས་པ་མུ་མཐུད་དུ་ཇེ་མཐོར་བཏང་།

                                                                                                        རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།