ཉེ་ཆར། ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”ཡི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གིས《“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོ་སྤེལ་སྐབས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་ལ་ནན་ཏན་སྒོས་སློབ་སྦྱོང་བྱེད་དགོས་པའི་སྐོར་གྱི་བརྡ་ཐོ》པར་སྐྲུན་འགྲེམ་སྤེལ་བྱས་ཏེ། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་ནི་བརྗོད་དོན་སློབ་གསོའི་བརྗོད་བྱ་གལ་ཆེན་ཞིག་ཏུ་བརྩིས་ཏེ། རྒྱུན་ཆད་མེད་པར་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བའི་བསམ་སྤྱོད་གཉིས་ཀྱི་རང་རྟོགས་ཇེ་དྲག་ཏུ་གཏོང་དགོས།
བརྡ་ཐོ་ལས་ནན་གྱིས་བསྟན་དོན། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་ལ་སློབ་སྦྱོང་དང་གོ་བ་ལེན་པ་ནི་ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཏེ། ཏང་ཡོན་ལས་བྱེད་པ་རྩ་འཛུགས་དང་ཁྲིད་སྟོན་བྱས་ནས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་ལ་སློབ་སྦྱོང་ནན་ཏན་བྱས་ཏེ། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་ཀྱི་དོན་རྐྱེན་འགངས་ཆེན་དང་། ཚོགས་འདུ་གལ་ཆེན། ཡིག་ཆ་གལ་ཆེན། མི་སྣ་གལ་ཆེན་བཅས་ལ་རྒྱུས་མངའ་ཡོད་པ་དང་། ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་ཚད་མེད་ཀྱིས་འཐབ་རྩོད་བྱས་པའི་ལོ་རྒྱུས་ཀྱི་ལམ་ཚད་ལ་རྒྱུས་མངའ་ཡོད་པ། ཀྲུང་གོའི་ཉེ་རབས་ཚུན་ཆད་ཀྱི་ལོ་ངོ170ལྷག་གི་རིང་ལ་འཐབ་རྩོད་བྱས་པའི་ལོ་རྒྱུས་དང་། ང་ཚོའི་ཏང་གིས་ལོ་ངོ98རིང་ལ་འབད་བརྩོན་བྱས་པའི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་ངོ70ཡི་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་ལ་རྒྱུས་མངའ་ཡོད་པ་དང། ང་ཚོའི་ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་ཉམས་མྱོང་རྩ་ཆེན། གྲུབ་འབྲས་རླབས་ཆེན་བཅས་ལ་རྒྱུས་མངའ་ཡོད་པར་བྱས་ཏེ། སློབ་སྦྱོང་མཐར་ཕྱིན་དང་རྒྱུན་ཆད་མེད་པར་གོ་བ་ལེན་པའི་སྐབས་སུ། ང་ཚོ་གང་ནས་ཆས་པ་དང་། ཕྱོགས་གང་དུ་འགྲོ་བ་གསལ་འབྱེད་བྱེད་དགོས་པ་དང་། དཀའ་སྤྱད་ཚད་མེད་ནི་ཅི་ལྟ་བུ་ཞིག་ཡིན་པ་དང་། ཇི་ལྟར་བྱུང་བ་གསལ་འབྱེད་བྱེད་དགོས་པ་དང་། ལོ་རྒྱུས་ཤེས་པས་ཏང་ལ་དགའ་བ་དང་། ལོ་རྒྱུས་ཤེས་པས་རྒྱལ་ཁབ་ལ་དགའ་ཞེན་ཡོད་པར་བྱས་ཏེ། རྒྱུན་པར་ཏང་ལ་སེམས་ཁུར་དང་། ཏང་ལ་འགན་འཁུར་བ། ཏང་སྟོབས་ལྡན་དུ་གཏོང་བར་ཕུགས་འདུན་ཡོད་པ་བཅས་བྱེད་ཐུབ་དགོས།
བརྡ་ཐོ་ལས་ནན་གྱིས་བསྟན་དོན། ཏང་ཡོན་དང་ལས་བྱེད་པ་རྩ་འཛུགས་ཁྲིད་སྟོན་བྱས་ཏེ་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་བྱེད་པ་དང་། 《ཞི་ཅིན་ཕིང་གི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”རྣམ་བཤད་འགངས་ཆེན་གཅེས་བསྡུས》ལ་སློབ་སྦྱོང་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་དང་གསུང་རྩོམ་གལ་ཆེན་ནང་གི་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་དང་འབྲེལ་བའི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་བྱེད་པ་བཅས་དང་ཟུང་འབྲེལ་བྱས་ཏེ། “ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློར་གསོར་ཤེས་རྟོགས་དང་གོ་བ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། སློབ་སྦྱོང་བྱས་པ་བརྒྱུད། སྔར་ལས་ལྷག་པའི་སྒོ་ནས་ང་ཚོའི་ཏང་གི་སྔོན་ཐོན་གྱི་ཆབ་སྲིད་ཀྱི་ངོ་བོ་དང་། བླ་ན་མེད་པའི་ཆབ་སྲིད་ཀྱི་ཕུགས་འདུན། མཆོག་གྱུར་གྱི་ཆབ་སྲིད་འཚོལ་སྙེག རྣམ་དག་གི་ཆབ་སྲིད་ཀྱི་གཤིས་རྒྱུད་བཅས་ལ་གོ་རྟོགས་ཟབ་མོ་ཡོད་པར་བྱས་ཏེ། དམར་པོའི་གཞི་རྒྱུ་རྒྱུན་འཛིན་དང་། ཕུགས་འདུན་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་ཀྲུང་གོ་ཡར་ལངས་པ་ནས་ཕྱུག་པོར་གྱུར་པ། དེ་ནས་སྟོབས་ལྡན་དུ་གྱུར་པའི་དཀའ་སྤྱད་ཀྱི་འཚོལ་ཞིབ་དང་ལོ་རྒྱུས་ཀྱི་ཆོས་ཉིད་ལ་ཤེས་རྟོགས་གཏིང་ལོན་བྱས་ཏེ། བགྲོད་ལམ་གྱི་གདེང་ཚོད་དང་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་པོར་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་སྲིད་འཛིན་གྱི་ལས་འགན་དང་རྩ་བའི་དགོངས་དོན་ལ་ཤེས་རྟོགས་གཏིང་ལོན་བྱས་ཏེ། ཏང་དང་མི་དམངས་བར་གྱི་ཆུ་དང་ཉ་མོ་ལྟ་བུའི་མཛའ་བརྩེ་ཟབ་མོའི་ཁྲོད་དམངས་ལ་བཅངས་པའི་བརྩེ་སེམས་དམ་སྲུང་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་མི་རབས་གཅིག་ལ་མི་རབས་དེ་ཡིས་འཁུར་དགོས་པའི་འགན་འཁྲི་ཡོད་པའི་ངོ་བོ་དང་གོ་དོན་ཤེས་རྟོགས་གཏིང་ལོན་བྱས་ཏེ། གསར་བརྗེའི་སྙིང་སྟོབས་དང་འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། སྤོབས་པ་ཆེན་པོས་ལོ་རྒྱུས་ཀྱི་འགན་ལྕི་མོ་འཁུར་དགོས་པ། སྔར་ལས་ལྷག་པའི་སྒོ་ནས་ང་ཚོའི་ཏང་གིས་བློ་དཀར་ཟོལ་མེད་ལ་བརྟེན་ནས་ཉམས་སད་ཐེག་ཐུབ་པ་དང་། བློ་དཀར་ཟོལ་མེད་ལ་བརྟེན་ནས་དཀའ་ངལ་ལས་རྒྱལ་བ། བློ་དཀར་ཟོལ་མེད་ལ་བརྟེན་ནས་འཕེལ་རྒྱས་རྒྱ་སྐྱེད་པ་བཅས་ལ་ཤེས་རྟོགས་གཏིང་ལོན་དང་།“འདུ་ཤེས་བཞི”ཇེ་དྲག་དང་། “གདེང་ཚོད་བཞི”ཇེ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད་སྤྱོད་ལམ་གྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་དགོས།
བརྡ་ཐོ་ལས་བསྟན་དོན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བརྗོད་དོན་སློབ་གསོའི་སྐབས་སུ་ཏང་གི་ལོ་རྒྱུས་དང་ཀྲུང་གོའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པར་བྱེ་བྲག་གི་བཀོད་སྒྲིག་བྱེད་དགོས་པ་དང་། 《ཀྲུང་གོ་ཀུང་ཁྲན་ཏང་གི་ལོ་ངོ་དགུ་བཅུ》སོགས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས་དུས་དེབ་བཅས་ནི་ཟུར་ལྟའི་ཀློག་དེབ་བྱེད་ཆོག ཏང་ཡོན་དང་ལས་བྱེད་པ་རྩ་འཛུགས་བྱས་ཏེ་རང་སྦྱོང་བྱེད་པར་དམ་འཛིན་བྱེད་དགོས། ཏང་ཡོན་དང་མགོ་ཁྲིད་ལས་བྱེད་པས་རང་ཉིད་དེའི་ནང་དུ་ཟབ་ཞུགས་བྱས་ཏེ། སློབ་སྦྱོང་དངོས་དང་གཏིང་ལོན་དངོས་བྱེད་དགོས་པ་དང་། ལོ་རྒྱུས་ཀྱི་བསམ་གཞིགས་གཏོང་ཤེས་པ་དང་། ལོ་རྒྱུས་ཀྱི་མིག་རྒྱང་སྐྱེད་སྲིང་བྱས་ཏེ། ལོ་རྒྱུས་ཀྱི་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་བྱེད་ཐབས་འོས་འཚམ་སྤྱད་དེ་སློབ་སྦྱོང་དང་བསམ་བློ་བརྗེ་རེས་བྱེད་དགོས། བརྗོད་དོན་སློབ་གསོ་རྫོགས་རྗེས། ཡུན་ཕན་ནང་རྐྱེན་གྲུབ་ཏུ་བཅུག་སྟེ། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་ནི་ཏང་ཡོན་དང་ལས་བྱེད་པར་ཉིན་རྒྱུན་སློབ་གསོ་དང་གསོ་སྦྱོང་བྱེད་པའི་ནང་དོན་གཙོ་བོར་བརྩིས་ཏེ། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་པའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་རྒྱུན་མཐུད་ངང་དམ་འཛིན་བྱས་ཏེ། དངོས་གནས་ཕན་འབྲས་ཡོད་པར་བྱེད་དགོས། །
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།