བརྩོན་པ་ལ་བརྟེན་ནས་ཕྱུག་སྒྱུར་གྱི་སྒོ་མོ་ཕྱེ་བ།
2019.08.14 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 31

“སྲིད་ཇུས་བཟང་པོ་ཡོད་པ་དང་མིས་བརྩོན་པ་བྱས་ཚེ། དབུལ་ཐར་ནི་ལས་དཀའ་མོ་ཞིག་མ་རེད།”ཟླ6པའི་ཚེས27ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་རྫོང་སྡེ་བརྒྱད་དེའུ་འབུར་གྲོང་རྡལ་སྡེ་བརྒྱད་དེའུ་འབུར་སྡེ་བའི་མ་ཧའེ་ལིན་གྱིས་གཙང་སྦྲ་ཡག་པོ་བྱས་པའི་ལུག་གསོ་ར་བར་ལྟ་ཞོར། གདོང་གི་རྔུལ་ཆུ་ཕྱི་བ་དང་གདོང་ལ་འཛུམ་གྱིས་ཁེངས་བཞིན་དེ་ལྟར་བཤད།

ལོ་ངོ་གསུམ་གྱི་སྔོན་དུ། མ་ཧའེ་ལིན་གྱིས་རང་གི་ཁྱིམ་ཚང་དབུལ་ཕོངས་ལས་ཐར་ཏེ་བརྟན་འཇགས་ཀྱི་ཡོང་སྒོ་ཡོད་པར་འགྱུར་ཐུབ་པ་སེམས་སུའང་དྲན་མ་མྱོང་། སྲིད་གཞུང་གི་རོགས་རམ་གླེང་ཚེ། མ་ཧའེ་ལིན་གྱིས་སེམས་གཏིང་ནས་བཀའ་དྲིན་རྗེས་སུ་དྲན་བཞིན་ཡོད་དེ། “མ་དངུལ་དཀོན་ཚེ། སྐྱེད་ཀ་སྤྲོད་པའི་དངུལ་བུན་ཡོད་ལ་ད་དུང་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་ཡང་ཡོད། སྲིད་གཞུང་གི་སྲིད་ཇུས་འདི་དག་ཡོད་པས། ང་ཚོས་གཞི་ནས་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཐུབ་སོང་།”

མ་ཧའེ་ལིན་ནི་སྡེ་བརྒྱད་དེའུ་འབུར་སྡེ་བའི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་ཁྱིམ་ཚང་གི་ཡིན་ལ། ཁྱིམ་དུ་ཁྱིམ་མི4ཡོད། མ་ཧའེ་ལིན་ནི་རིམ་པ་གསུམ་པའི་ཡན་ལག་སྐྱོན་ཅན་ཡིན་ཞིང་། ཕྱི་རུ་ཞོར་ལས་ལ་འགྲོ་ཐུབ་ཀྱིན་མེད་ལ། ས་ཞིང་གི་ཡོང་སྒོ་ཉུང་ཙམ་ཡོད་པ་དེ་ལས་གཞན། བཟའ་མི་གང་པོའི་འཚོ་བ་ནི་མ་ཧའེ་ལིན་གྱི་ཆུང་མས་སློབ་གྲྭ་རུ་ཇ་མའི་ལས་ཀ་གཉེར་བཞིན་པ་དེར་བརྟེན་ནས་སྐྱོང་ཐབས་བྱེད་བཞིན་ཡོད། སྔོན་ཞིག་ནས་ངལ་རྩོལ་ནུས་ཤུགས་ཞན་པ་དང་མགོ་རྩོམ་མ་དངུལ་མེད་པ། དེའི་ཁར་རིག་གནས་ཀྱི་བྱང་ཚད་དམའ་བ་བཅས་ཀྱི་རྐྱེན་པས་ཁྱིམ་ཚང་དབུལ་པོར་གྱུར།

2015ལོར། མ་ཧའེ་ལིན་དབུལ་སྐྱོར་བྱ་ཡུལ་གྱི་གྲས་སུ་བཞག་པ་དང་། ས་དེ་གའི་ལས་བྱེད་པས་ཁོར་ཕྱུག་སྒྱུར་གྱི་བྱེད་ཐབས་བཙལ་རོགས་བྱས། ཁོ་ཚང་ལ་ལུག་གསོ་ར་བ་ཡོད་ལ། མ་ཧའེ་ལིན་གྱིས་སྔོན་ཆད་ལུག་གསོས་མྱོང་བས་ཉམས་མྱོང་ཡོད་ཅིང་། ཚང་མས་ཁོར་ཡང་བསྐྱར་སྔོན་ཆད་ཀྱི་གསོ་སྤེལ་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་བསམ་འཆར་བཏོན།

2016ལོར། མ་ཧའེ་ལིན་གྱིས་ཁོ་ཚང་གི་ཐོན་ལས་ཁྱིམ་ཚང་དུ་སླེབས་པའི་འཕེལ་རྒྱས་མ་དངུལ་ཁྱེར་བ་དང་། ཡང་དངུལ་ཁང་དུ་སོང་སྟེ་སྒོར་ཁྲི5ཡི“530”དངུལ་བུན་བླངས་ཏེ། མ་མོ100ཉོས་ནས་གསོ་སྤེལ་བྱས། ལོ་ངོ་གསུམ་གྱི་རིང་དུ། ཁོ་ཚང་གི་ལུག100ནས300རུ་འཕེལ་བ་དང་། གསོ་སྤེལ་གྱི་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་བསྐྱེད་ལ། ཁོ་རང་སྔར་ལས་ལས་བྲེལ་ཆེ་ཞིང་ཡོང་སྒོ་ཡང་སྔར་ལས་ཇེ་མང་དུ་གྱུར།

ན་ནིང་། མ་ཧའེ་ལིན་གྱིས་ལུག་གསོས་པའི་ཡོང་སྒོ་སྒོར་ཁྲི8ལྷག་ཡོད། “ཟླ་གསུམ་གྱི་སྔོན་དུ། ངས་ལྷག་མའི་ལུག་སྐོར་ཞིག་བཙོངས་རྗེས། ཡང་སྒོར་ཁྲི2ཀྱི་ཡོང་སྒོ་ཡོད་པར་གྱུར།”མ་ཧའེ་ལིན་གྱིས་འདི་ནི་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོས་ང་ལ་རོགས་རམ་བྱས་པས་རེད་ཅེས་བཤད་བྱུང་།

མིག་སྔར། མ་ཧའེ་ལིན་ཚང་གི་རིམ་པ་གསར་པའི་གསོ་སྤེལ་ད་དུང་མགོ་བརྩམས་མེད་ལ། མ་ཧའེ་ལིན་གྱིས་ལུག་གསོ་ར་བར་གཙང་སྦྲ་གྲ་དག་ཅིག་བྱས་ཏེ་ཧུར་ཐག་གིས་དོན་ཆེན་ཞིག་སྒྲུབ་རྩིས་འདུག ན་ནིང་ཁོ་ཚང་གིས་ཡོང་སྒོ་མི་དམན་པ་ཞིག་བླངས་པ་ན། མ་ཧའེ་ལིན་གྱི་ཆུང་མས་ཀྱང་ལས་ཀ་ཞིག་གཉེར་བའི་ཚོད་ལྟ་བྱེད་འདོད་མོད། ཡིན་ཡང་ལས་ཀ་ཅི་ཞིག་བསྒྲུབས་ན་བཟང་ངམ། སྐབས་དེར་མོའི་སྲུ་མོ་གཉིས་མོ་རང་བཙལ་དུ་ཡོང་ལ། “ངེད་གསུམ་པོ་མཉམ་འབྲེལ་བྱས་ཏེ་ཚོང་བརྒྱབ་ན་ཅི་འདྲ་རེད།”གཅེན་གཅུང་གི་ཆུང་མ་གསུམ་པོས་གྲོས་མོལ་བྱས་རྗེས། ཁོ་ཚོས་གྲོང་རྡལ་ནས་གོ་རེ་འཚོང་ས་ཞིག་གཉེར་རྒྱུ་ཐག་བཅད།

གོ་རེ་ལས་མི་ཤེས་པས་ཅི་བྱ། དེས་ན་ཕུ་རུང་བརྫེས་ནས་ཡག་པོར་བསླབ་དགོས། མ་ཧའེ་ལིན་གྱི་ཆུང་མ་དང་སྲུ་མོ་ཚོ་རེས་མོས་བྱས་ཏེ་གོ་རེ་འཚོང་ས་རུ་སོང་སྟེ། གོ་རེ་སྣ་ཚོགས་ཀྱི་ལས་ཚུལ་ལ་སློབ་སྦྱོང་བྱས། མ་ཧའེ་ལིན་གྱིས་ཁོ་ཚོར་གོ་རེ་འཚོང་སའི་གནས་བཙལ་རོགས་བྱས་རྗེས། ན་ནིང་གི་ཟླ9པར། གཅེན་གཅུང་གི་ཆུང་མ་གསུམ་པོས་མཉམ་འབྲེལ་གྱིས་གཉེར་བའི་གོ་རེ་འཚོང་ས་དངོས་སུ་ལས་གཉེར་བྱེད་མགོ་བརྩམས།

གོ་རེ་བཙོངས་ཏེ་ད་དུང་ལོ་གཅིག་འགོར་མེད་ནའང་། གོ་རེ་བཙོངས་པའི་ཚོང་ཧ་ཅང་བཟང་བས། ད་ལྟ་གཅེན་གཅུང་གི་ཆུང་མ་གསུམ་པོས་ད་དུང་ཐུག་པ་འཚོང་སའི་ཚོང་ཁང་ཞིག་ཕྱེ་འདུག མ་ཧའེ་ལིན་གྱི་ཁྱིམ་ཚང་གླེང་བ་ན། སྡེ་བརྒྱད་དེའུ་འབུར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་མ་ཅིན་པའོ་ཡིས་བསྟོད་བསྔགས་དང་བཅས་བཤད་རྒྱུར། “ཁོ་ཚོ་གཅེན་གཅུང་གི་ཆུང་མ་གསུམ་པོ་ཧ་ཅང་མཐུན་ཞིང་། ཁོ་ཚོས་དཀའ་སྤྱད་ཀྱང་བྱེད་ཐུབ་པས། ད་ལྟའི་གྲུབ་འབྲས་འདི་འདྲ་ཞིག་ཡོད་སྲིད་པ་རེད། ཁོ་ཚང་ནི་ད་ལྟ་ང་ཚོ་སྡེ་བའི་དབུལ་ཐར་ཕྱུག་སྒྱུར་གྱི་མིག་དཔེ་བཟང་པོ་ཡིན”ཟེར།

ཁོ་བཟའ་ཟླ་གཉིས་ཀྱིས་དཀའ་སྤྱད་ཀྱིས་ངལ་རྩོལ་བྱས་ཏེ་ཡོང་སྒོ་བཙལ་བ་ལས། ཁོ་ཚང་གིས་ད་དུང་ལོ་རེར་ས་དེ་གའི་ཡུལ་སྐོར་དབུལ་སྐྱོར་གྱི་སྒོར་སྟོང་ལྔ་ལྷག་གི་ཁེ་སྤོགས་ལེན་བཞིན་ཡོད། ཡོང་སྒོ་དེ་འདྲ་མང་པོ་ཞིག་ཡོད་པས། མ་ཧའེ་ལིན་ཚང་གི་འཚོ་བ་ཇེ་རྒྱས་ཇེ་ལེགས་ཡིན་པ་དང་། ན་ནིང་བདེ་བླག་ངང་དབུལ་ཕོངས་ཀྱི་ཞྭ་མོ་ཕུད།

                                                                                                              རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།