ས་ནག་ཐང་དུ་ལྗང་མདོག་གི་སྔོ་རྩྭས་ཁེབས་པ།
“རྩྭ་ཐང་དུ་ཆེས་མཛེས་སྡུག་ལྡན་པའི་དུས་ཚིགས་སུ། ང་ཁྱོད་དང་མཉམ་དུ་རྩྭ་ཐང་ལ་ལྟད་མོར་ཆས་འགྲོ།”རླངས་འཁོར་ནི་རྨ་ཡུལ་མགོ་ལོག་རྩྭ་ཐང་དུ་ཤར་གྱིས་བསྐྱོད་ཅིང་། 《ཁྱོད་དང་མཉམ་དུ་རྩྭ་ཐང་དུ་ལྟད་མོར་ཆས་འགྲོ》ཞེས་པའི་རླངས་འཁོར་ལས་གྲགས་པའི་གླུ་དབྱངས་སྙན་མོ་ཞིག་གི་གདངས་འགྲོས་ཀྱིས་མི་སེམས་བཟི་བར་བྱེད།
ཟླ་བརྒྱད་པར། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དར་ལག་རྫོང་ལྷོ་ཕྱོགས་ཀྱི་ལམ་འགྲམ་ཀུན་དུ་མིག་ལམ་དུ་མངོན་པ་ནི་རྩྭ་ཐང་གི་མཛེས་པ་ཡིན་ཞིང་། ལྗང་མདོག་གི་རི་བོའི་ལྡེབས་སུ་མིས་བཟོས་རྩྭ་ཐང་ནི་གོས་ལྗང་ས་ལ་བཏིངས་པ་དང་གཉིས་སུ་མ་མཆིས།
“ས་ཆ་འདི་ནི་སྔོན་ཆད་ས་ནག་རྐྱང་རྐྱང་ཡིན་པས་རྩྭ་མཐོ་གང་ཡང་མི་སྐྱེས། རྗེས་སུ་རྩྭ་བཏབ་པས་རིམ་གྱིས་སྐྱེས་བྱུང་། ” མཉམ་དུ་འགྲོ་བཞིན་པའི་དར་ལག་རྫོང་དྲིལ་སྒྲོག་པུའུ་ཡི་ལས་བྱེད་མི་སྣས་དེ་ལྟར་བཤད། ས་ནག་ཐང་དེ་དུས་ཐོག་ཏུ་བཅོས་སྐྱོང་བྱས་པར་བརྟེན། སྔོན་ཆད་རྩྭ་མཐོ་གང་ཡང་མི་སྐྱེས་པའི་ས་ནག་ཐང་དེ་རུ་ད་ལྟ་ལྗང་མདོག་གི་ཚེ་སྲོག་བལྟམས་འདུག
ལོ་འགའི་སྔོན་དུ་རྩྭ་ཐང་དུ་བསྐྱོད་དུས་རྩྭ་ཕྲན་ཐར་ཐོར་ཙམ་དང་ཡང་ན་ས་ནག་ལས་ཅི་ཡང་མཐོང་རྒྱུ་མེད། ས་ནག་ཐང་གི་རྣམ་པ་དེ་ལྟར་ཡོངས་སུ་མངོན་པས་རྩྭ་ཐང་དེ་ནི་ནད་པ་ཞིག་དང་འདྲ་བར་རིམ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། དེ་བས་དུས་ཐོག་ཏུ་བཅོས་སྐྱོང་མ་བྱས་ན་ནད་ཡམས་དེ་རིམ་གྱིས་མཆེད་དེ་ཉེ་འགྲམ་གྱི་རྩྭ་ས་མང་པོར་ཉེན་ཁ་བཟོ་བཞིན་ཡོད།
གཅིག་སྒྲིལ་རྫོང་གི་དཔལ་ཡུལ་ཞང་དུ་རི་ངོས་སུ་རྩྭ་སྐྱེས་པ་ཤིན་ཏུ་ལེགས་ཤིང་ལྗང་མདོག་གིས་ཁེབས་འདུག “སྔོན་ཆད་འདི་ནི་ས་ནག་གིས་ཁེངས་ཡོད། ཨ་པྲའི་གནོད་འཚེ་འགོག་པ་དང་རྩྭ་འདེབས་པ། ལྕགས་ར་བསྐོར་བ་བཅས་ཀྱི་བྱེད་ཐབས་སྣ་མང་སྤྱད་པས་ད་གཟོད་དེ་རིང་གི་རྣམ་པ་འདི་བྱུང་བ་རེད། ” ཅེས་འབྲོག་པ་ཚེ་རིང་རྒྱལ་གྱིས་རི་ངོས་སུ་མཛུབ་མོས་སྟོན་བཞིན་དེ་ལྟར་བཤད།
ཚེ་རིང་རྒྱལ་གྱིས་མཛུབ་མོས་བསྟན་པའི་ཕྱོགས་སུ་རྒྱང་ལྟ་བྱས་ཚེ། རྩྭ་སར་རྩྭ་བཏབ་པའི་རྗེས་ཤུལ་མངོན་འདུག་ལ་རྩྭ་སར་ཡང་ཚད་མི་འདྲ་བའི་ལེགས་བཅོས་ཐོབ་འདུག གནས་ཚུལ་དེ་འདྲ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དང་ཧི་ནན་རྫོང་སོགས་ས་གནས་སུ་ཡང་མཐོང་ཐུབ།
“ལོ་འགའི་རིང་ནས་བཟུང་ཨ་པྲའི་གནོད་འཚེ་ལ་ཚོད་འཛིན་བྱེད་ཐུབ་པ་བྱུང་བས་ས་ནག་གི་རྒྱ་ཁྱོན་ཆེན་པོ་དེ་ཡང་གཞི་ནས་ལྗང་མདོག་གིས་ཁེབས་པར་གྱུར། ”ཞེས་དར་ལག་རྫོང་གི་འབྲོག་པ་རྒྱ་མཚོས་བཤད། ལོ་རེ་བཞིན་གྱི་རྩྭ་འདེབས་འཛུགས་བྱེད་པའི་བྱ་བར་ཁོ་རང་དངོས་སུ་ཞུགས་བཞིན་ཡོད་ཅིང་། ཏག་ཏག་ལོ་འགའི་རིང་ལ་ཁོ་ཚང་གི་སྔོན་ཆད་ས་ནག་ཏུ་གྱུར་བའི་རྩྭ་སའི་སྟེང་དུ་ཡང་རྩྭ་ལྗང་སྐྱེས་མགོ་བརྩམས།
གཙང་གསུམ་འབྱུང་ཁུངས་ས་ཁུལ་དུ་རྨིད་བརྒྱ་ཕྲག་འགའི་མཚམས་སུ་རྨིད་གསུམ་ཙམ་གྱི་མཐོ་ཚད་ཡོད་པའི་གློག་སྡོང་ལྟ་བུ་རེ་བཙུགས་ཡོད་པ་དང་། དེ་ལ་གློག་སྐུད་སོགས་ཅི་ཡང་འཐེན་མེད་ཅིང་དེའི་རྩེ་རུ་ཤིང་སྒམ་ཆུང་ཆུང་རེ་བཏགས་ཡོད་པ་དང་། དེ་ནི་བྱ་གླག་ལ་ཆེད་དུ་བཟོས་པའི་ཚང་རེད། བྱ་གླག་ལ་བརྟེན་ནས་ཨ་པྲའི་གནོད་འཚེ་འགོག་རྒྱུ་ནི་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད།
བྱ་གླག་ལ་ཚང་བཟོས་ཏེ་བྱ་གླག་རང་བྱུང་ཁམས་སུ་ཕྱིར་ལོག་པར་བྱེད་པ་ནི་རང་བྱུང་གི་ཆོས་ཉིད་ལ་བརྩི་སྲུང་བྱེད་པའི་མགོ་ཡག་པོ་ཞིག་བརྩམས་པ་ཡིན་ལ། མིའི་ཐབས་ལ་བརྟེན་ནས་རྩྭ་འདེབས་རྒྱུ་ནི་མཚོ་སྔོན་ཞིང་ཆེན་གྱིས་ཚན་རྩལ་སྟོབས་ཤུགས་ལ་བརྟེན་ནས་ས་ནག་ཐང་བཅོས་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཀྱང་རེད། དེ་སྔ་འདེབས་འཛུགས་བཀག་སྡོམ་ཁུལ་དུ་ངོས་འཛིན་བྱེད་པའི་ས་བབ་མཐོ་བའི་ས་ཁུལ་དུ་ཚན་རྩལ་མི་སྣས་བདག་ཏུ་མ་བཟུང་བའི་སྔ་སྨིན་སྙེ་མ་མིའི་ཐབས་ལ་བརྟེན་ནས་འདེབས་གསོ་བྱས་པ་བརྒྱུད། མཚོ་སྔོན་གྱི་འཁྱགས་སའི་སྔ་མིན་སྙེ་མ་སོགས་གཙང་གསུམ་འབྱུང་ཁུངས་སུ་འདེབས་གསོ་བྱ་རྒྱུར་འཚམ་པའི་ཕྱུག་རྩྭའི་སོན་བཟང་འདེབས་གསོ་བྱས་པ་རེད། ལོ་ངོ་ཁ་ཤས་རིང་གི་ལག་ལེན་བརྒྱུད་གཙང་གསུམ་འབྱུང་ཁུངས་ཀྱི་རྩྭ་ས་ཞན་འགྱུར་གྱི་རྣམ་པ་དེ་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ཡོད།
ས་ནག་ཐང་བཅོས་སྐྱོང་བྱེད་པ་ནི་གཙང་གསུམ་འབྱུང་ཁུངས་ཀྱི་སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་པའི་བཟོ་སྐྲུན་གྱི་བསྡུས་གཟུགས་ཤིག་རེད། སྡོམ་རྩིས་བྱས་པའི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་འབྱུང་ཁུངས་སུ་སྤྱི་ཆིང་བདུན་ཅུ་ལྷག་གི་ས་ནག་ཐང་བཅོས་སྐྱོང་བྱེད་ཐུབ་ཡོད་པ་རེད། བཅོས་སྐྱོང་བྱས་རྗེས་ཀྱི་རྩྭ་སའི་སྔོ་ཁེབས་ཚད་ཆ་སྙོམས་ཀྱིས་བརྒྱ་ཆའི་ལྔ་བཅུ་མཐོ་རུ་ཕྱིན་ནས་རྩྭ་སྐྱེས་ཚད་མངོན་གསལ་སྒོས་ཇེ་ལེགས་སུ་སོང་ཡོད།
རྩ་ཆེའི་རི་སྐྱེས་སྲོག་ཆགས་མང་དུ་འཕེལ་བ།
ད་ལོའི་ཟླ་བདུན་པར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རྫ་སྟོད་རྫོང་མོ་ཡུན་ཞང་གི་ལས་བྱེད་པ་བསོད་ནམས་བསྟན་འཛིན་གྱིས། རྫ་ཆུའི་ཆུ་མགོར་ཁྲུང་ཁྲུང་སྐེ་ནག་གིས་ཕྲུ་གུ་ཁྲིད་དེ་འདམ་རར་རྒུམ་བུ་འཚོལ་བཞིན་པའི་རྣམ་པ་ཞིག་པར་བླངས་ཡོད་པ་རེད། བསོད་ནམས་བསྟན་འཛིན་གྱིས“གཙང་གསུམ་འབྱུང་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ལས་དོན་སྤེལ་བའི་ཚུན་དུ། རྫ་ཆུའི་སྣོད་བཅུད་ཁོར་ཡུལ་རྒྱུན་ཆད་མེད་པར་ཇེ་ལེགས་སུ་ཕྱིན་པ་དང་། ལྷག་པར་དུ་སྣོད་བཅུད་དོ་དམ་པའི་ལམ་ལུགས་ལག་ལེན་དུ་བསྟར་བ་དེས་རི་སྐྱེས་སྲོག་ཆགས་ལ་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཡོད”ཟེར།
བསོད་ནམས་བསྟན་འཛིན་གཞི་རིམ་དུ་བསྐྱོད་པའི་ལམ་བར་དུ་རྒྱུན་དུ་རྒྱལ་ཁབ་ཀྱི་རྩ་ཆེའི་རི་སྐྱེས་སྲོག་ཆགས་སྣ་ཚོགས་མཐོང་བཞིན་ཡོད། ན་ནིང་གི་ཟླ་བརྒྱད་པར་བསོད་ནམས་བསྟན་འཛིན་གཞི་རིམ་དུ་བསྐྱོད་པའི་ལམ་བར་དུ་རྐྱང་ཆུང་ཆུང་ཞིག་འདམ་རྫབ་ནང་ལྷུང་ཡོད་པ་མཐོང་ཞིང་། བསོད་ནམས་བསྟན་འཛིན་གྱིས་ཁོ་དང་མཉམ་དུ་ཡོད་པའི་ལས་གྲོགས་དང་མཉམ་དུ་དུས་ཚོད་ཕྱེད་ཀ་ཙམ་གྱི་རིང་ལ་འབད་བརྩོན་བྱས་མཐར་ད་གཟོད་རྐྱང་ཕྲུག་དེ་འདམ་ལས་སྐྱོབ་ཐུབ་པ་བྱུང་། རྫ་ཆུའི་ཆུ་མགོ་ནི་རི་སྐྱེས་སྲོག་ཆགས་རྣམས་ཀྱི་ཁྱིམ་གཞིས་ལྟ་བུ་ཞིག་ཏུ་གྲུབ་ཡོད་པ་དང་། ནམ་རྒྱུན་གཞི་རིམ་དུ་བསྐྱོད་པའི་ལམ་བར་དུ་གསའ་དང་རྐྱང་། ཁྲུང་ཁྲུང་ནག་པོ། ཤྭ་བ་མཆུ་དཀར་སོགས་རྩ་ཆེ་བའི་རི་སྐྱེས་སྲོག་ཆགས་མང་པོ་མཐོང་རྒྱུ་ཡོད། “འབྲོག་པ་རྣམས་ཀྱིས་སྣོད་བཅུད་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་མཐོར་སོང་བ་དང་བསྟུན་ནས། སྔོན་ཆད་དང་བསྡུར་ན་ད་ལྟ་རི་སྐྱེས་སྲོག་ཆགས་མང་པོ་ཞིག་མཐོང་རྒྱུ་ཡོད”ཅེས་བསོད་ནམས་བསྟན་འཛིན་གྱིས་བཤད།
གཙང་གསུམ་འབྱུང་ཁུངས་ཀྱི་དམེ་ཤུལ་ནགས་ར་ནས་ས་དེའི་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་གྱིས་སྐོར་ཞིབ་བྱེད་སྐབས་སུ་གསའ་དྲུག་གིས་རྩེད་འཇོར་རོལ་བཞིན་པའི་སྣང་ཚུལ་མཐོང་ཞིང་། དེ་ནི་སྔོན་ཆད་གཙང་གསུམ་འབྱུང་ཁུངས་སུ་མཐོང་དཀོན་པ་ཞིག་རེད། གཙང་གསུམ་འབྱུང་ཁུངས་ཀྱི་རྒྱལ་ཁབ་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ནགས་ལས་སྤྱི་བདེ་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། དེ་སྔ་གཙང་གསུམ་འབྱུང་ཁུངས་དབུས་རྒྱུད་ཀྱི་འབྲོག་པ་མང་ཚོགས་ཀྱིས་ཤེས་རྟོགས་བྱུང་བའི་གསའ་ནི་ཁེར་རྐྱང་གིས་འགུལ་སྐྱོད་བྱེད་པ་ཞིག་ཡིན་ཞིང་། གསའ་བཞི་ཙམ་མཉམ་དུ་འདུག་པའི་སྣང་ཚུལ་ནི་ཤིན་ཏུ་མཐོང་དཀོན་པ་ཞིག་ཡིན་ལ་དེས་གཙང་གསུམ་འབྱུང་ཁུངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོབ་ཇེ་ལེགས་སུ་སོང་བ་མངོན་གསལ་སྒོས་མཚོན་ཡོད་པ་རེད།
དམེ་ཤུལ་ནགས་ར་དེ་གཙང་གསུམ་འབྱུང་ཁུངས་ཀྱི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་སྣོད་བཅུད་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་ལྟེ་བའི་ཁུལ་དུ་ཆགས་ཡོད་པ་དང་གཙང་གསུམ་འབྱུང་ཁུངས་ཀྱི་ས་རྒྱ་ཅུང་ཆེ་བའི་གདོད་མའི་ནགས་ཚལ་གྱི་གྲས་ཤིག་ཡིན་པ་དང་། རྙོག་འཛིང་ཆེ་བའི་ས་དབྱིབས་དང་ནགས་ཚལ། རྩྭ་ཐང་གི་སྔོ་ཁེབས་བཅས་ཀྱིས་རི་སྐྱེས་སྲོག་ཆགས་རྣམས་འཚོ་གནས་བྱེད་པར་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་དམེ་ཤུལ་ནགས་ཚལ་ལ་སྲུང་སྐྱོབ་ལེགས་པོ་བྱས་པས་གནའ་བ་དང་འཕྱི་བ། རི་བོང་སོགས་ཀྱི་གྲངས་འབོར་སྔར་ལས་མང་དུ་འཕེལ་བས་གསའ་ཡི་འཚོ་གནས་ལ་ཕུན་སུམ་ཚོགས་པའི་བཟའ་བཅའ་མཁོ་འདོན་བྱས་ཡོད། གཙང་གསུམ་འབྱུང་ཡུལ་གྱི་སྣོད་བཅུད་ཁོར་ཡུག་ཟམ་མི་ཆད་པར་ཇེ་ལེགས་སུ་སོང་བ་དང་བསྟུན་ནས། རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་དེ་ཡང་རིམ་བཞིན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད། གཙང་གསུམ་འབྱུང་ཁུངས་ཀྱི་འབབ་རྒྱུད་ནས་རྫ་ཆུའི་འབབ་རྒྱུད་བར་དང་། དེ་ནས་རྨ་ཆུའི་འབབ་རྒྱུད་ཀྱི་བར་དུ་ང་ཚོས་རྐྱང་དང་གཙོད། འབྲོང་། སྤྱང་ཀི་སོགས་རི་སྐྱེས་སྲོག་ཆགས་མང་པོ་མཐོང་བྱུང་། གཙང་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་པ་ནས་བཟུང་། རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་རྨོ་བསྐྱུར་ནགས་གསོ། རི་རྒྱ་ནགས་གསོ། འདམ་རར་སྲུང་སྐྱོང་། བྱེ་ཐང་ཅན་དུ་འགྱུར་བའི་ས་ཞིང་འགོག་བཅོས་སོགས་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གཞི་ལག་བསྟར་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཁུངས་ཀྱི་ནགས་སའི་རྒྱ་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་པ་དང་འདམ་རྫབ་འདམ་ར་རིམ་བཞིན་སླར་གསོ་ཐུབ་པ། མཚེའུའི་རྒྱ་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་པ་སོགས་རྩྭ་ཐང་གི་རྣམ་པ་ཇེ་ལེགས་སུ་སོང་ནས་རི་སྐྱེས་སྲོག་ཆགས་རྣམས་ལ་སྐྱེ་འཕེལ་གྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན།
“མིག་སྔར་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་མ་ལག་གི་རྣམ་པ་དེ་བརྟན་འཇགས་ཀྱི་ཕྱོགས་སུ་འཕེལ་རྒྱས་སུ་སོང་ཞིང་ཆུ་ཁོངས་དང་འདམ་རའི་རྒྱ་ཁྱོན་ཆེ་རུ་སོང་བ། འདམ་རའི་ཁོར་ཡུག་ཇེ་ལེགས་སུ་སོང་བ་དང་ནགས་ཚལ་དང་སྤང་རྩྭ་ཉུང་དུ་འགྲོ་ཚད་ཇེ་ཉུང་དུ་སོང་བ། རྩྭ་ཐང་གི་སྤང་ཤུན་འཕར་ཤུགས་ཆེ་རུ་འགྲོ་བ། མྱ་ངམ་ཐང་དུ་འགྱུར་ཚུལ་ལ་བཀག་འགོག་བྱས་པ་མངོན་གསལ་ཡིན་པ། མཚོན་བྱེད་རང་བཞིན་ལྡན་པའི་རི་སྐྱེས་སྲོག་ཆགས་ཀྱི་རིགས་ཁྱུའི་གྲངས་འབོར་མང་དུ་སོང་བ། རི་སྐྱེས་སྲོག་ཆགས་ལ་མཁོ་འདོན་བྱེད་པའི་བཟའ་བཅའ་དང་བྱེད་སྒོ་སྤེལ་ཡུལ་ལེགས་བཅོས་ནུས་ལྡན་ཐུབ་ཡོད།”ཅེས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ལིས་ཞའོ་ནན་གྱིས་དེ་ལྟར་བཤད། ལོ་བཅུ་ཕྲག་ལྷག་གི་རིང་ལ་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བྱེད་ཆེད་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་བཟོ་སྐྲུན་དང་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་འཛུགས་སྐྲུན་སོགས་ལ་བརྟེན་པ་དང་། རང་རེའི་ཞིང་ཆེན་གྱིས་ཕྱུགས་བསྐྱུར་རྨོ་འདེབས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་སོགས་ཀྱི་བཟོ་སྐྲུན་བརྒྱུད་ནས་རྨ་འབྲི་རྫ་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་མ་ལག་ཇེ་ལེགས་སུ་སོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་རིམ་བཞིན་སླར་གསོ་བྱུང་བ་རེད།
རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཆེན་པོ་བྱུང་བ།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་རོང་འབྲོག་མང་ཚོགས་ཀྱི་བྱ་གཞག་གསར་གཏོད་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་ཀྱི་རླངས་ཞིག་གསོ་ཁང་དུ་ཉི་མས་ལས་གོས་སྔོན་པོ་ཞིག་གྱོན་ནས་མགོ་སྒུར་ནས་འགྱིག་འཁོར་ཞིག་གསོ་བྱེད་བཞིན་འདུག་ལ་ཅང་མ་འགོར་བར་ཁོས་འཁོར་ལོ་ཞིག་གསོ་བྱས་ཚར་སོང་། ཉི་མ་ད་ལོ་ལོ་བཅུ་དགུ་ཡིན་ལ་དམའ་འབྲིང་མཐར་ཕྱིན་རྗེས་ཕྱིར་ཕ་ཡུལ་དུ་ཕྱུགས་འཚོ་རུ་སོང་། ན་ནིང་རྒྱལ་ཁབ་ཀྱི་ཕྱུགས་འཚོ་མི་ཆོག་པའི་སྲིད་ཇུས་དང་ལེན་བྱས་རྗེས་ཁོ་ཕ་མའི་རྗེས་དེད་ནས་རྫོང་མཁར་གྱི་སྡེ་བ་གསར་བར་ཡོང་། ཉི་མ་ཆུང་དུས་ནས་འབྲོག་ཁུལ་དུ་འཚར་ལོངས་བྱུང་བ་དང་ཕྱུགས་འཚོ་བ་ལས་གཞན་པའི་ལས་ཀ་སྒྲུབ་པར་མི་མཁས། སྡེ་ཁུལ་གྱི་ལས་དོན་མི་སྣའི་སྐུལ་ལྕག་འོག་ཉི་མ་ཆུ་དམར་ལེབ་རྫོང་གི་རོང་འབྲོག་མང་ཚོགས་ཀྱི་བྱ་གཞག་གསར་གཏོད་མཛུབ་ཁྲིད་ཞབས་ཞུའི་ལྟེ་གནས་སུ་ཞུགས་ཡོད། རླངས་འཁོར་ཞིག་གསོ་ཁང་གི་ལག་རྩལ་བ་དག་གི་མཛུབ་སྟོན་འོག་ཉི་མས་རིམ་བཞིན་གཞི་རྩའི་རླངས་འཁོར་ཞིག་གསོ་ལག་རྩལ་ཁོང་དུ་ཆུད་སོང་། “ཉི་མས་སྔོན་ཆད་རླངས་འཁོར་ཞིག་གསོ་བྱེད་རྒྱུར་འབྲེལ་བ་བྱེད་མ་མྱོང་། དགེ་རྒན་གྱིས་ཁོ་ལ་ལག་རྩལ་ཅི་ཡང་མེད་པའི་རིམ་པ་ནས་མགོ་བརྩམས་ཏེ་བསྟུད་མར་ཟླ་གསུམ་གྱི་རིང་ལ་སློབ་ཁྲིད་བྱས་པས་ཁོས་རླངས་འཁོར་ཞིག་གསོ་བྱེད་པའི་གཞི་རྩའི་རྩལ་ནུས་ཁོང་དུ་ཆུད་ཡོད”ཅེས་རླངས་འཁོར་ཞིག་གསོ་བྱེད་མཁན་གྱི་དགེ་རྒན་ཀུན་དགས་བཤད།
དབུལ་ཞིང་ཕོངས་པའི་འབྲོག་པ་མང་ཚོགས་ཀྱི་བུ་ཕྲུག་རྣམས་ལ་རླངས་འཁོར་ཞིག་གསོ་བྱེད་པའི་ལག་རྩལ་ཤེས་སུ་འཇུག་ཕྱིར་ཆུ་དམར་ལེབ་རྫོང་གི་རོང་འབྲོག་མང་ཚོགས་ཀྱི་བྱ་གཞག་གསར་གཏོད་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་ཀྱིས་ཀུན་དགའ་ལག་རྩལ་དགེ་རྒན་དུ་གདན་ཞུ་བྱས་པ་དང་། ཀུན་དགས་ལོ་མང་པོར་རླངས་འཁོར་ཞིག་གསོ་བྱས་པས་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ་རེད། དེར་བརྟེན་ཆུ་དམར་ལེབ་རྫོང་གི་རོང་འབྲོག་མང་ཚོགས་ཀྱི་བྱ་གཞག་གསར་གཏོད་མཛུབ་ཁྲིད་ཞབས་ཞུའི་ལྟེ་གནས་ཀྱིས་ཀུན་དགའ་གདན་ཞུ་བྱས་ཏེ། འབྲོག་པའི་བུ་ཕྲུག་ལ་གླ་རིན་མི་དགོས་པར་རླངས་འཁོར་ཞིག་གསོ་བྱེད་པའི་རྩལ་ནུས་སློབ་ཁྲིད་བྱེད་དུ་བཅུག ཉི་མ་དང་འདྲ་བར་དགེ་འདུན་གྱིས་ཆུ་དམར་ལེབ་རྫོང་གི་རོང་འབྲོག་མང་ཚོགས་ཀྱི་བྱ་གཞག་གསར་གཏོད་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་སུ་རླངས་འཁོར་ཞིག་གསོ་བྱེད་པའི་ལག་རྩལ་སྦྱོང་བཞིན་ཡོད་པ་དང་། གསོ་སྐྱོང་སྦྱོང་བརྡར་བྱས་ཚར་རྗེས་རླངས་འཁོར་ཞིག་གསོ་ཁང་དུ་ལག་རྩལ་པ་བྱས་ནས་ཟླ་རེར་གཏན་འཇགས་ཀྱི་གླ་ཕོགས་ཡོང་འབབ་ལེན་ཐུབ། “སྲོལ་རྒྱུན་གྱི་ཕྱུགས་ལས་ཁོ་ནར་བརྟེན་ན་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་སྐོང་མི་ཐུབ་པས་ཐོན་ལས་བསྒྱུར་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་དག་ཅིག་ཡིན”ཞེས་ཆུ་དམར་ལེབ་རྫོང་གི་རྫོང་དཔོན་ཉི་མ་བཀྲ་ཤིས་ཀྱིས་བཤད། དབུལ་ཐར་ཕྱུག་འགྱུར་བྱེད་རྒྱུ་དེ་རྩྭ་ཐང་ཁོ་ནར་བརྟེན་ན་རྩ་བ་ནས་མི་འགྲིག་པ་དང་། ཐོན་ལས་གཉིས་པ་དང་གསུམ་པ་འཕེལ་རྒྱས་སུ་གཏང་རྒྱུ་གཞི་རྩ་ཡིན།
ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ཐད་འགྱུར་ལྡོག་བྱུང་བ་དང་ཆབས་ཅིག་འབྲོག་ཁུལ་དུའང་གྲོང་ཁྱེར་དང་རྫོང་གཞན་དག་དང་འདྲ་བར་ཆུ་དམར་ལེབ་རྫོང་གི་རླངས་འཁོར་ལའང་འཕར་སྣོན་ཆེན་པོ་བྱུང་ཡོད། དེ་དང་བསྡུར་ན་མངོན་གསལ་དུ་གྲུབ་པ་ཞིག་ནི་ཧ་ཅང་ཆེ་བའི་ཆུ་དམར་ལེབ་རྫོང་མཁར་དུ་རླངས་འཁོར་ཞིག་གསོ་བྱེད་པའི་བཟོ་གྲྭ་ཡག་པོ་ཞིག་མེད། ཉི་མ་བཀྲ་ཤིས་ཀྱིས་ཚོང་ལས་ཀྱི་གོ་སྐབས་ཡག་པོ་དེ་དམ་འཛིན་བྱས་ནས་ཁོས་འབྲོག་ལས་ཀྱི་རྣམ་པ་བསྒྱུར་བའི་ལམ་བར་ནས་ལས་ཀ་བཟང་བོ་ཞིག་རྙེད། ཆུ་དམར་ལེབ་རྫོང་གི་རླངས་འཁོར་བཟོ་གྲྭ་ཨང་དང་པོ་དེ་བཙུགས་རྗེས་ད་ལྟ་ལག་རྩལ་སློབ་སྦྱོང་བྱེད་བཞིན་པའི་འབྲོག་པའི་བུ་ཕྲུག་ཚོའི་ལག་རྩལ་དེ་ཡང་སྤྱོད་སྒོ་ཆེ་རུ་གྱུར་ཡོད། ཉི་མ་བཀྲ་ཤིས་ཀྱིས་བཤད་རྒྱུར། “འདི་ནི་ཆུ་དམར་ལེབ་རྫོང་གི་རོང་འབྲོག་མང་ཚོགས་ཀྱིས་བྱ་གཞག་གསར་གཏོད་བྱེད་པར་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་ཀྱིས་ཁྱད་ལྡན་སྦྱོང་བརྡར་འཛིན་གྲྭ་གཉེར་བའི་ཐོག་མའི་བསམ་འདུན་ཡིན”ཟེར།
འབྲོག་པའི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་དམིགས་ཡུལ་ཡོད་པའི་རྩལ་ནུས་སྦྱོང་བརྡར་བྱེད་རྒྱུ་ནི་ཆུ་དམར་ལེབ་རྫོང་གིས་རོང་འབྲོག་མང་ཚོགས་ལ་དམིགས་ནས་སྦྱོང་བརྡར་བྱས་པའི་ཁྱད་ཆོས་ཆེན་པོ་ཞིག་ཡིན། གསོ་སྦྱོང་བྱེད་སྟངས་གསར་རྐྱང་འདི་རིགས་ལ་སྲིད་གཞུང་གིས་ཁྲིད་སྟོན་དང་ཞབས་ཞུ་བྱས་པ་བརྒྱུད་དེ། རི་མོ་བ་དང་སྐྲ་བཞར་མཁན། ཇ་མ། འཚེམ་བཟོ་མཁན་སོགས་མི་སྣ་ཁག་ཅིག་གསོ་སྐྱོང་བྱས་ཤིང་། ལག་རྩལ་སྦྱོང་བ་དང་ལག་རྩལ་ཤེས་པ། ལག་རྩལ་སྤྱོད་མཁན་བཅས་ཀྱི་སྣེ་ཁྲིད་པ་འདི་དག་གིས་ས་གནས་དེ་གའི་འབྲོག་པའི་ལས་ཞུགས་འདུ་ཤེས་ལ་འགྱུར་ལྡོག་བྱུང་དུ་བཅུག་པ་དང་། དབུལ་ཕོངས་ཁྱིམ་ཚང་མང་པོའི་མི་སྣས་རང་གི་ཆེད་ལས་ལག་རྩལ་ལ་བརྟེན་ནས་འཚོ་བ་སྐྱིད་པོ་རོལ་ཐུབ་ཀྱི་ཡོད་པ་རེད། གཙང་གསུམ་འབྱུང་ཁུངས་སུ་བཅར་འདྲི་བྱེད་པའི་བྱ་བའི་ཁྲོད་དུ། ས་གནས་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་རྗེས་མཐུད་ཐོན་ལས་འཕེལ་རྒྱས་ཀྱི་གལ་ཆེའི་རང་བཞིན་ལ་དོ་སྣང་བྱེད་བཞིན་ཡོད་པར་མ་ཟད། རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ལག་ལེན་ཁྲོད་དགའ་འོས་པའི་གྲུབ་འབྲས་བླངས་ཡོད་པ་དང་གནས་སྤོར་འབྲོག་པ་མང་ཚོགས་ཀྱི་གདེང་འཇོག་མཐོན་པོའང་ཐོབ་ཡོད་པ་དེས་ང་ཚོར་མྱོང་ཚོར་ཟབ་མོ་ཞིག་བྱིན་སོང་།
ལོ་ཙཱ་བ། གཡང་འབུམ་རྒྱལ།