སློབ་མ་གཅིག་ཀྱང་སློབ་འཐེན་བྱ་མི་རུང་།
2019.08.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 47

ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་བིས་མདོ་བོད་རིགས་ཞང་ལྕང་སྐྱ་སློབ་ཆུང་ནི་བིས་མདོ་བོད་རིགས་ཞང་ལྕང་སྐྱ་སྡེ་བར་ཆགས་ཡོད་པ་དང་།  སྡེ་བ་དེ་ནི་རྒྱང་རིང་ལུང་ཁུག་ཏུ་ཡོད་སྟབས་འགྲིམ་འགྲུལ་སོགས་ཀྱང་སྟབས་དེ་འདྲ་བདེ་མོ་མིན།

ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གཉིས་པའི་ཚེས་ཉེར་བརྒྱད་ཉིན་ནི་སྤྱིར་ན་སློབ་གྲྭ་དེའི་སློབ་མ་རྣམས་ཀྱིས་མིང་ཐོ་འགོད་པའི་ཉིན་མོ་ཡིན། ཡིན་ནའང་ལོ་རིམ་གཉིས་པའི་སློབ་མ་ཕག་མོ་ཚེ་བརྟན་དུས་ལྟར་སློབ་གྲྭར་ཐོན་མི་འདུག  དེ་བས་འཛིན་གྲྭའི་བདག་པོ་རྡོ་རྗེ་དོན་འགྲུབ་ཀྱིས་སློབ་མ་ཕག་མོ་ཚེ་བརྟན་གྱི་ཁྱིམ་དུ་ཁ་པར་ཐེངས་མང་བཏང་ནའང་གོ་ཅི་ཡང་མ་ཆོད། དེ་བས་ཁོ་རང་བསམ་གཟས་ནས་ཁོའི་སློབ་མ་ཕག་མོ་ཚེ་བརྟན་ཚང་གི་ཁྱིམ་དུ་སོང་ནས་གནས་ཚུལ་ཅི་ཞིག་བྱུང་བར་རྒྱུས་ལོན་བྱེད་རྒྱུའི་སེམས་ཐག་བཅད།

ཟླ་གསུམ་པའི་ཚེས་གཅིག་ཉིན། དགེ་རྒན་རྡོ་རྗེ་དོན་འགྲུབ་ཕག་མོ་ཚེ་བརྟན་ཚང་གི་ཁྱིམ་དུ་ཐོན་དུས། ཐོག་མར་ཁོའི་མིག་མདུན་དུ་སྣང་བྱུང་བ་ནི་ལོ་ན་དྲུག་ཅུ་ཡོལ་ཞིང་ལུས་སྟོབས་དང་མིག་མདང་ཉམས་པའི་རྒན་པོ་ཞིག་དང་ལོ་ན་སུམ་ཅུའི་ཡས་མས་སུ་ཡོད་པའི་སྐྱེས་པ་དར་མ་དེ་གཉིས་རེད། སྐབས་དེར་ལོ་ན་སུམ་ཅུའི་ཡས་མས་ཀྱི་སྐྱེས་པ་དེས་ཁྱིམ་དུ་མི་ཡོང་བ་ཤེས་ནས་ཁང་པ་ལས་ཕྱིར་ཐོན་ཞིང་། རང་གི་བྱིས་པའི་དགེ་རྒན་ཡིན་པ་ཤེས་རྗེས།  གདོང་ལ་འཛུམ་ཞིག་ལངས་ནས་ཡང་དང་བསྐྱར་དུ“དགེ་རྒན་བདེ་མོ་ཡིན་ནམ།  དགེ་རྒན་བདེ་མོ་ཡིན་ནམ”ཞེས་དྲིས་བྱུང་།

ཁོ་ཚོས་ཕན་ཚུན་ཁ་བརྡ་བྱས་པ་བརྒྱུད། དགེ་རྒན་རྡོ་རྗེ་དོན་འགྲུབ་ཀྱིས་ད་གཟོད་ཁོའི་སློབ་མ་ཕག་མོ་ཚེ་བརྟན་གྱི་ཨ་མ་སྤྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་བཅུ་གཉིས་པར་ནད་ཀྱི་དབང་གིས་ཚེ་ལས་འདས་པ་དང་ནད་པར་སྨན་བཅོས་བྱེད་པའི་དུས་སྐབས་སུ་ཁྱིམ་གྱི་གསོག་དངུལ་ཡོད་ཚད་བཀོལ་ཚར་བར་མ་ཟད།  ད་དུང་སྐྱིས་དངུལ་ཡང་ཡོད་པའི་གནས་ཚུལ་ཤེས།  ཁོ་ཚང་གི་ཁྱིམ་དུ་ཕག་མོ་ཚེ་བརྟན་ལས་གཞན་ད་དུང་བྱིས་པ་གཉིས་ཡོད་པ་དང་།  དེ་ལས་ཅིག་ཤོས་ནི་ད་དུང་ནུ་མ་ལྡུད་དགོས་པའི་བྱིས་པ་ཆུང་ཆུང་ཞིག་རེད། དེའི་སྟབས་ཀྱིས་ལོ་ན་གཞོན་པའི་ཁོ་ཚོའི་ཨ་ཕ་གནམ་ལྷ་རྒྱལ་གྱིས་འཚོ་བའི་དཀའ་སྡུག་དང་གནོན་ཤུགས་ཀྱི་འོག་ཏུ་ཕག་མོ་ཚེ་བརྟན་ཕྱིར་སློབ་འཐེན་བྱེད་རྒྱུའི་བསམ་བློ་བཅངས་ཡོད་པ་རེད། གནས་ཚུལ་དེའི་མགོ་རྔ་བར་གསུམ་ཞིབ་མོར་ཤེས་རྗེས་སུ་དགེ་རྒན་རྡོ་རྗེ་དོན་འགྲུབ་ཀྱིས་གནམ་ལྷ་རྒྱལ་ལ་སློབ་མ་སློབ་བྱོལ་བྱེད་མི་རུང་བའི་སྐོར་གྱི་སྲིད་ཇུས་དང་། དེ་མིན་འོས་འགན་སློབ་གསོའི་གལ་ཆེན་རང་བཞིན་སོགས་གཅིག་གཅིག་གཉིས་གཉིས་བྱས་ནས་ཞིབ་ཏུ་བཤད།

ད་དུང་དགེ་རྒན་རྡོ་རྗེ་དོན་འགྲུབ་ཕྱིར་ལོག་ཁར་ཡང་དང་བསྐྱར་དུ་བྱིས་པ་དུས་ལྟར་སློབ་གྲྭར་བསྐྱལ་དགོས་པ་ནན་བཤད་བྱས། ཡིན་ནའང་ཟླ་བ་གསུམ་པར་བསླེབས་བྱུང་ནའང་ཕག་མོ་ཚེ་བརྟན་སློབ་གྲྭར་ཐོན་རྒྱུ་མ་བྱུང་བས་དགེ་རྒན་རྡོ་རྗེ་དོན་འགྲུབ་ཀྱི་སེམས་སུ་བྲེལ་བ་ཆེན་པོ་ལངས་ཤིང་། ཁོ་རང་ཡང་བསྐྱར་གནམ་ལྷ་རྒྱལ་ཚང་གི་ཁྱིམ་དུ་སོང་ནས་སློབ་མ་སློབ་གྲྭར་ཞུགས་ན་རྗེས་ཕྱོགས་ཀྱི་མདུན་ལམ་ཡག་ཚུལ་སོགས་དང་འབྲེལ་ནས་སློབ་ཞུགས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་སྣ་ཚོགས་བཤད། དེ་བས་གནམ་ལྷ་རྒྱལ་གྱིས་ཀྱང་སེམས་ཀྱི་སྒོ་མོ་ཡངས་པོར་ཕྱེས་ནས་དགེ་རྒན་ལ་བཤད་རྒྱུར། “སྤྱིར་ན་ངས་ཀྱང་བྱིས་པ་སློབ་གྲྭར་བསྐྱལ་ན་འདོད། ཡིན་ནའང་ཁྱིམ་གྱི་འཚོ་བར་དཀའ་ཁག་ཤིན་ཏུ་ཆེ་བས་ང་ལའང་བྱ་ཐབས་ཡོངས་སུ་ཟད་པས་ད་གཟོད་བྱིས་པ་སློབ་འཐེན་བྱེད་རྒྱུའི་བསམ་འདུན་སྐྱེས་པ་ཡིན”ཟེར།

དེ་ལྟར་ཁྱིམ་བདག་གི་བསམ་འདུན་ལ་འགྱུར་བ་ཅུང་ཙམ་ཡོད་པ་དང་། ཞིག་རལ་དུ་སོང་བའི་ཁང་པའི་ར་སྐོར་དང་ལོ་མང་རིང་ཆར་ཆུའི་ཐིགས་པས་རལ་བའི་ཁང་རྙིང་དེ་དག་མཐོང་དུས། དགེ་རྒན་རྡོ་རྗེ་དོན་འགྲུབ་ཀྱིས་ཅིས་ཀྱང་ཁོ་ཚང་ལ་རོགས་སྐྱོར་བྱས་ནས་བྱིས་པ་སློབ་ཞུགས་བྱེད་དུ་འཇུག་དགོས་པའི་སེམས་ཐག་བཅད། དེའི་རྗེས་སུ་རྡོ་རྗེ་དོན་འགྲུབ་ཆེད་དུ་སྡེ་དམངས་ཨུ་ཡོན་ལྷན་ཁང་དུ་སོང་ནས་གནམ་ལྷ་རྒྱལ་ཚང་གི་ཁྱིམ་གྱི་གནས་ཚུལ་སྐོར་ཞིབ་ཅིང་ཕྲ་བའི་སྒོ་ནས་ཡར་ཞུ་བྱས་པར་མ་ཟད། དོན་དངོས་གནད་དོན་དེ་ཐག་གཅོད་བྱས་ཏེ་བྱིས་པ་སློབ་གྲྭར་ཞུགས་པར་རོགས་སྐྱོར་བྱེད་དགོས་པའི་རེ་ཞུ་བྱས།

དགེ་རྒན་རྡོ་རྗེ་དོན་འགྲུབ་ཀྱིས་བསྒྲུབས་པའི་དོན་བཟང་དེ་ལ་གནམ་ལྷ་རྒྱལ་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད་རྒྱུར།“འདི་འདྲའི་སྲིད་ཇུས་བཟང་བོ་ཞིག་ཡོད་པས་ཕྱིས་སུ་ང་རང་དཀའ་ཁག་ཅི་ཞིག་ལ་འཕྲད་ཀྱང་དེར་ཁ་ཡ་མི་བྱེད། ངས་སང་ཉིན་བྱིས་པ་སློབ་གྲྭར་བསྐྱལ་ཡོང”ཟེར།

ཉིན་གཉིས་པར།  ཏག་ཏག་སློབ་མར་སློབ་ཁྲིད་བྱེད་བཞིན་པའི་དགེ་རྒན་རྡོ་རྗེ་དོན་འགྲུབ་ཀྱིས་གློ་བུར་དུ་རང་ཉིད་ཡུན་རིང་མ་འཕྲད་པའི་སློབ་མ་ཕག་མོ་ཚེ་བརྟན་སློབ་ཁང་གི་སྒོ་འགྲམ་ན་ལངས་ནས་བསྡད་ཡོད་པ་མཐོང་བྱུང་།  སྐབས་དེར་འཛིན་གྲྭ་དེའི་སློབ་གྲོགས་ཆུང་ཆུང་རྣམས་ཀྱིས་ཁོ་ཚོའི་སློབ་གྲོགས་ཕག་མོ་ཚེ་བརྟན་ཕྱིར་ཡོང་བ་མཐོང་སྟེ། ཕག་མོ་ཚེ་བརྟན་ཕ་བུ་གཉིས་ཀྱི་གམ་དུ་རུབ་ནས་རེ་རེའི་གདོང་ལ་འཛུམ་གྱིས་ཁེངས་ནས་འདུག

དགེ་རྒན་རྡོ་རྗེ་དོན་འགྲུབ་ཀྱིས་བཤད་རྒྱུར། “སློབ་མ་རྣམས་ཀྱིས་མུ་མཐུད་དུ་སློབ་གསོ་ཡག་པོ་ཞིག་མྱོང་ཐུབ་རྒྱུ་དང་། ཁོ་ཚོའི་མ་འོངས་མི་ཚེ་ཡི་ཕུགས་འདུན་གྱི་གཤོག་རུ་རིང་མོ་དེ་སློབ་གྲྭ་འདི་ནས་རིང་དུ་བརྐྱང་ཐུབ་པའི་ཆེད་དུ་ངས་དཀའ་བ་ཅི་ཡང་ཁུར་དུ་ལེན་ཐུབ”ཟེར།

                                                                             ལོ་ཙཱ་བ། གཡང་འབུམ་རྒྱལ།