མཚོ་སྔོན་ཙོང་ཁ་བཀའ་བསྟན་གསེར་བྲིས་གླིང་གི་སྦྱིན་བདག་བརྩོན་འགྲུས་ནི་སྔོན་ཆད་ནས་ཚོང་ལས་སྣ་ཚོགས་གཉེར་བ་དང་སྒྱུ་རྩལ་འཁྲབ་སྟོན།སྲོལ་རྒྱུན་ཡིག་གཟུགས་རྒྱུན་འཛིན་སོགས་ལ་སྤྲོ་བས་ཁེངས་པའི་དགའ་ཕྱོགས་སྣ་མང་ཅན་ཞིག་ཡིན་པ་ཤེས་བྱུང་།ཁོས་ལོ་གང་མང་རིང་ལ་ས་ཆ་མང་པོ་ནས་ཚོང་ལས་སྣ་ཚོགས་གཉེར་བས་དེའི་ཕྱོགས་ནས་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན། ཁོ་ནི་རང་མི་རིགས་ཀྱི་སྲོལ་རྒྱུན་གསེར་བྲིས་ཡིག་གཟུགས་ཀྱི་འཛིན་སྐྱོང་སྤེལ་གསུམ་ལ་དོ་སྣང་ཆེན་པོ་བྱེད་མཁན་ཞིག་ཀྱང་ཡིན་སྟབས། བོད་ཁམས་སུ་གནའ་ནས་དར་མྱོང་བའི་གསུང་རབ་གསེར་གྱིས་བཞེངས་པའི་ལུགས་སྲོལ་དེ་ཉམས་རྒུད་དུ་འགྲོ་བཞིན་པ་སེམས་ཀྱིས་མ་བཟོད་པར་སྲོལ་རྒྱུན་བཟང་པོ་དེ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཆེད་དུ་སློབ་བུ་གང་མང་སྐྱེད་སྲིང་བྱས་ཤིང་མཁས་པ་གང་མང་ལ་དྲི་གཏུག་ཡང་ཡང་བྱས་ཏེ།སྤྱི་ལོ2012ལོ་ནས་གསེར་བྲིས་ཡིག་གཟུགས་འབྲི་སྦྱོང་མགོ་བརྩམས་ཤིང་།ཐོ་འགོད་མ་དངུལ་ཁྲི་སྟོང་ཕྲག་གསུམ་བཏང་སྟེ།སྤྱིལོ2016ལོའི་ཟླ3པའི་ཚེས3ཉིན་སྤྱི་གཉེར་ཁང་དངོས་སུ་དབུ་བརྙེས།རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་རྒྱལ་ཡོངས་སུ་ཁེ་ལས་ཀྱི་ཚུལ་དུ་བཙུགས་པའི་བཀའ་བསྟན་གསེར་བྲིས་སྤྱི་གཉེར་ཁང་ཐོག་མར་གྱུར་ཡོད།
གཞིས་ཁུལ་གསར་པའི་བཀའ་བསྟན་གསེར་བྲིས་གླིང་ནི་གསུང་རབ་ཞུ་དག་གླིང་དང་།བོད་ཤོག་ལས་སྣོན་གླིང་།གསེར་དངུལ་འདུལ་སྦྱོང་གླིང་།ལྷ་རིས་སྒྱུ་རྩལ་གླིང་བཅས་གླིང་བཞིས་གྲུབ་ཡོད་ལ།གླིང་རེ་རེའི་ལས་མི་རྣམས་ཀྱིས་རང་གི་དགའ་ཕྱོགས་དང་རྩལ་ནུས་ལྟར་ལས་གནས་བདམས་པ་ཡིན་པས།ཁོ་ཚོ་རང་གི་ད་ལྟའི་ལས་ཀ་ལ་སྤྲོ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད།
མིག་སྔར།བཀའ་བསྟན་གསེར་བྲིས་གླིང་དུ་ལས་བཟོ་པ་བརྒྱད་བཅུ་ལྷག་ཡོད་ལ།ཁོ་ཚང་གི་ལས་བཟོ་པའི་ཁྲོད་དུ་ལོ་ན་ཆེ་བ་ལོ་ན་ལྔ་བཅུ་ཅན་ཡོད་ལ་ཆུང་བ་ལོ་ན་བཅུ་དྲུག་ཅན་ཡང་ཡོད་ཅིང་།ལས་བཟོ་པ་སྡུད་ལེན་བྱེད་སྐབས། མ་མཐའི་ཆ་རྐྱེན་དེ་ལག་པ་བདེ་མོ་ཞིག་དང་མིག་ཟུང་རྣོ་པོ་ཞིག་ཡོད་ཕྱིན། ཕོ་མོའི་དབྱེ་བ་མེད་པ་དང་གྲུབ་མཐའ་རིས་མེད་ཀྱི་སྒོ་ནས་བཀའ་བསྟན་གསེར་བྲིས་གླིང་དུ་སྡུད་ལེན་བྱས་ཏེ། ཁོ་ཚོར་བོད་ཀྱི་གསེར་བྲིས་ཡིག་གཟུགས་འབྲི་བའི་ལག་རྩལ་ཁྲིད་དེ། སྲོལ་རྒྱུན་གསེར་བྲིས་ཡིག་གཟུགས་རྒྱུན་འཛིན་དང་དེ་ལ་བརྟེན་ནས་རང་གི་དཔལ་འབྱོར་ཡོང་སྒོ་ཡང་འཚོལ་ཐུབ་པའི་གར་སྟེགས་ཆེན་པོ་བསྐྲུན།སྤྱི་གཉེར་ཁང་གི་ལས་བཟོ་པའི་སྒྲིག་ཁོངས་ལ་དངོས་སུ་ཚུད་རྗེས་མི་རེས་ཟླ་རེར་ཆ་སྙོམས་ཀྱིས་ཡོང་སྒོ་མ་མཐའ་ཡང་སྒོར་སྟོང་གསུམ་ཡས་མས་ལེན་ཐུབ་བཞིན་ཡོད་ལ།ལས་བཟོ་པ་ཞིག་གིས་ལོ་གཅིག་རིང་ཆ་སྙོམས་ཀྱིས་ཡོང་སྒོ་སྒོར་ཁྲི་བཞི་ལ་ཉེ་བ་འཚོལ་ཐུབ་པས།སྡོད་ཁང་དང་ཟ་ཁང་སོགས་ཀྱང་བཀོད་སྒྲིག་བྱས་ཏེ་ལས་བཟོ་པ་རྣམས་ལ་འཚོ་བའི་མཐུན་རྐྱེན་སྦྱོར་བཞིན་ཡོད་པས། དེ་ནི་འཚོ་བ་དཀའ་ཚེགས་ཅན་གྱི་དུད་ཁྱིམ་རྣམས་ལ་མཚོན་ན་ཡོང་སྒོ་འཚོལ་ཡུལ་ལེགས་པོ་ཞིག་ཏུ་གྱུར་ཡོད་པ་སྨོས་མ་དགོས།
ཁེ་ལས་གང་ཞིག་གཉེར་ཡང་ས་དེའི་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་ཐོབ་རྒྱུ་ནི་ཆེས་ནུས་ཤུགས་ལྡན་པའི་འགན་སྲུང་ཞིག་ཡིན་སྟབས། བཀའ་བསྟན་གསེར་བྲིས་སྤྱི་གཉེར་ཁང་གི་སྦྱིན་བདག་བརྩོན་འགྲུས་ཀྱིས་ཀྱང་སྤྱི་ལོ2018ལོ་ནས་བཟུང་གཅན་ཚ་རྫོང་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་ལ་ཁོའི་སྤྱི་གཉེར་ཁང་གི་གནས་ཚུལ་མཐའ་དག་ཡར་ཞུ་ཕུལ་བས།འབྲེལ་ཡོད་མགོ་ཁྲིད་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱས་ཏེ་ཁས་ལེན་དང་གདེང་འཇོག་ཆེན་པོ་བྱས།གཅན་ཚ་རྫོང་དང་ཞང་གི་དབུལ་ཐར་འགག་སྒྲོལ་ལ་སྔར་ལས་སྐུལ་འདེད་གཏོང་ཆེད། གཅན་ཚ་ཐང་ཞང་དང་མཚོ་སྔོན་ཙོང་ཁ་རིག་གནས་ཐོན་ལས་ཚད་ཡོད་སྤྱི་གཉེར་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་དུད་ཚང་དབུལ་པོ་ཕྱུག་བསྒྱུར་གྱི་ཕྱོགས་ལ་ནུས་ཤུགས་གང་ཡོད་བཏོན་ཏེ། སྤྱི་ཚོགས་ཀྱི་ཞབས་ཞུ་ཡག་པོ་བསྒྲུབས་མྱོང་།
དེ་ལས་གཞན་རྫོང་དབུལ་སྐྱོར་ཅུས་དང་མཉམ་འབྲེལ་སྒོས་གཅན་ཚ་རྫོང་གི་དབུལ་ཁྱིམ་གང་མང་ནས་ཀྱང་ངལ་རྩོལ་ནུས་ཤུགས་ཅན་གྱི་མི་སྣ་སུམ་བཅུ་ལ་ཉེ་བ་ཞིག་སྡུད་ལེན་བྱས་ཏེ།ཁོ་ཚོར་སྤྱི་གཉེར་ཁང་ནས་བཀའ་བསྟན་གསེར་བྲིས་ཀྱི་ཡིག་གཟུགས་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྲད་དེ།ལག་རྩལ་ངེས་ཅན་ལ་བྱང་རྗེས།སྤྱི་གཉེར་ཁང་དང་ངལ་རྩོལ་གན་རྒྱ་བཞག་སྟེ། གང་ལ་གང་འཚམས་ཀྱི་ལས་གནས་སུ་བཀོད་སྒྲིག་བྱས་ཤིང་།སོ་སོའི་ལག་རྩལ་ལས་ཐོན་པའི་ཐོན་རྫས་ཀྱི་སྤུས་ཀ་དང་འགྲོས་ཚད་ལྟར་ངལ་རྩོལ་ལས་གླ་བྱིན་ཏེ།རང་གི་འཚོ་བ་སྔར་ལས་ཇེ་ཕྱུག་ཏུ་བཏང་དང་གཏོང་བཞིན་ཡོད།
སྤྱི་གཉེར་ཁང་འདི་གས་ས་ཕྱོགས་སོ་སོའི་སྦྱིན་བདག་དང་དད་ལྡན་མང་ཚོགས་ཀྱི་རེ་འདོད་ལྟར།བཀའ་བསྟན་གཙོ་བྱས་པའི་གྲུབ་མཐའ་རིས་མེད་ཀྱི་གསུང་རབ་སྣ་ཚོགས་གསེར་གྱིས་བྲིས་ཏེ།བོད་མདོ་དབུས་ཁམས་གསུམ་དང་།པེ་ཅིང་།ཐེན་ཅིན། ཧྲང་ཧའེ། ནང་སོག ཞང་ཀང་སོགས་སུ་གསུང་རབ་གསེར་བྲིས་མ་འཚོང་གིན་ཡོད་པས།ཉེ་བའི་ལོ་འདི་དག་གི་ཡོང་སྒོ་རྐྱང་བ་མ་དངུལ་སྒོར་ཁྲི་བརྒྱ་དང་ལྔ་བཅུ་ལྷག་ལ་སླེབས་ཡོད། ལོ་རེ་བཞིན་གསུང་འབུམ་གསེར་བྲིས་མངག་ཉོ་བྱེད་མཁན་རིམ་གྱིས་ཇེ་མང་དུ་འགྲོ་བཞིན་འདུག
ད་ལྟའི་བར་དུ་གསེར་ཡིག་གི་ལམ་ནས་རྗེའི་གསུང་འབུམ་དུམ་པ་བཅུ་བཞི་བྲིས་ཚར་བ་དང་།ཨ་ལག་ཤ་ངག་དབང་བསྟན་དར་ལྷ་རམས་པའི་གསུང་འབུམ་དུམ་པ3པོ་གསེར་ཡིག་གིས་བྲིས་ཚར།དེ་ལས་གཞན་དཔེ་ཆ་སྣ་ཁ་བརྒྱ་ལྷག་བྲིས་ཏེ།བོད་ཁུལ་གཙོ་བྱས་པའི་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་བཙོངས་དང་འཚོང་གིན་ཡོད་པས་བཀའ་བསྟན་གསེར་བྲིས་གླིང་གི་མཚན་སྙན་ཡང་སྔར་ལས་ཆེས་ཆེར་རྒྱས་བཞིན་ཡོད་ལ།གནས་དེ་ནས་སྐྱེད་སྲིང་བྱས་པའི་སློབ་མ་ཚོ་གང་དུ་སོང་ན་དེ་རུ་གསེར་བྲིས་ཡིག་གཟུགས་ཀྱི་ཐོན་རྫས་ཡོད་པས་ཁྱབ་པ་ལྟ་བུ་ཞིག་ཏུ་འགྱུར་བཞིན་ཡོད།
ད་ལོ་ལོ་ཉི་ཤུ་ལ་བུད་པའི་ཀླུ་མཚོ་བྱམས་ནི་གཅན་ཚ་ས་ཆའི་སློབ་ཆེན་ལས་སྒུག་པ་ཞིག་ཡིན་ལ།མོ་ཡང་གནས་དེར་ཡོང་སྟེ།སློབ་ཆེན་སྐབས་ཀྱི་རི་མོའི་ཆེད་ལས་སྔར་ལས་གཏིང་ཟབ་ཏུ་སྦྱངས་ཏེ།རི་མོ་དང་ཡིག་གཟུགས་གཉིས་ཀྱི་ལམ་ནས་བཀའ་བསྟན་གསེར་བྲིས་གླིང་ན་རང་གི་མི་ཚེའི་ཕུགས་བསམ་གྱི་རྒྱུན་སྐྱོང་བཞིན་ཡོད།མོས་བཤད་རྒྱུར།སློབ་ཆེན་པ་སུ་ཞིག་ཡིན་རུང་ལས་རིགས་ཀྱི་བཟང་ངན་ཁོ་ན་བདམས་ནས་གོ་སྐབས་ཡག་པོ་འཆོར་དུ་མི་འཇུག་པར་གང་ན་གར་སྟེགས་ཡོད་ན་དེ་རུ་བསྐྱོད་དེ་རང་གི་མི་ཚེའི་ཕུགས་བསམ་འཚོལ་སྙེག་བྱ་འོས།
ད་ལོ་ལོ་ན་ལྔ་བཅུ་ལ་བུད་པའི་ས་དེའི་ལུག་རྫི་ཆོས་འཕེལ་ཟེར་བ་ཞིག་ཀྱང་སྤྱི་གཉེར་ཁང་དེ་རུ་ཡོང་སྟེ། གསེར་བྲིས་ཡིག་གཟུགས་འབྲི་སྦྱོང་ལ་འབད་པ་ལྷོད་མེད་བྱེད་བཞིན་ཡོད་ལ། ཁོས་གནས་འདི་ནས་གསེར་བྲིས་ཡིག་གཟུགས་ལེགས་པོ་ཞིག་བསླབས་རྗེས་ཁོས་ཀྱང་རང་གིས་བསླབས་པའི་ཡིག་གཟུགས་ལག་རྩལ་ལ་བརྟེན་ནས་ཟླ་ཕོགས་ལེན་རྒྱུ་ཡིན་ཞེས་ཡིད་ཆེས་དང་ལྡན་པའི་སྒོ་ནས་བཤད།
བཀའ་བསྟན་གསེར་བྲིས་གླིང་གི་སྦྱིན་བདག་བརྩོན་འགྲུས་ལ་ཁྱོད་ཀྱི་སྤྱི་གཉེར་ཁང་གིས་སྤྱི་ཕན་བྱ་འགུལ་གང་དག་བསྒྲུབས་མྱོང་ཞེས་དྲིས་པ་ན།ཁོས་བཤད་དོན།ང་ཚོ་སྤྱི་གཉེར་ཁང་གིས་སྤྱི་ཚོགས་ཀྱི་ལས་རིགས་སམ་མི་ཚོགས་ག་གེ་མོ་ཞིག་ལ་སྒོར་ཁྲི་ཕྲག་འགས་རོགས་སྐྱོར་བྱས་ཀྱང་། དེ་ནི་གནས་སྐབས་ཀྱི་གནད་དོན་ཐག་བཅད་པ་ཙམ་ལས་མ་འདས་པས། གལ་ཏེ་མི་ཞིག་ལ་ལག་རྩལ་ཡག་པོ་ཞིག་བསླབས་ཏེ།རང་གི་ལག་ཟུང་ལ་བརྟེན་ནས་ཡོང་སྒོ་འཚོལ་བའི་ནུས་པ་ཡོད་པ་ཅན་ཞིག་ཏུ་སྐྱེད་སྲིང་བྱ་ཐུབ་ཚེ་དེ་ནི་ད་གཟོད་ཆེས་དོན་སྙིང་ལྡན་པའི་བྱ་བ་ཞིག་ཡིན་སྙམ་པས།ཁོས་བཀའ་བསྟན་གསེར་བྲིས་གླིང་ལ་ཡིག་གཟུགས་ཆེད་མཁས་པ་གང་མང་གདན་དྲངས་ཏེ།ང་ཚོའི་སྤྱི་གཉེར་ཁང་དུ་ཡོང་མཁན་རྣམས་ལ་ཡིག་གཟུགས་ལག་རྩལ་གསོ་སྦྱོང་བྱས་པ་ཡིན་པས་རང་མི་རིགས་ཀྱི་གསེར་བྲིས་ཡིག་གཟུགས་རིག་གནས་ལ་བརྟེན་ནས་ཡོང་སྒོ་འཚོལ་ཐུབ་མཁན་གང་མང་སྐྱེད་སྲིང་བྱེད་ཐུབ་ཡོད་པ་དེ་ནི་རང་གི་ནུས་པས་རང་གི་ཕ་ཡུལ་དང་། མི་རིགས། རྒྱལ་ཁབ་ལ་བཞག་པའི་ལག་རྗེས་ཆུང་ཆུང་ཞིག་ཏུ་བསམས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིག་གནས་ནི་རྒྱལ་ཁབ་ཅིག་དང་། མི་རིགས་ཤིག་གི་བླ་སྲོག་ཡིན་ལ། རིག་གནས་དར་ན་རྒྱལ་ཁབ་རྒྱས་པ་དང་། རིག་གནས་སྟོབས་དང་ལྡན་ན་མི་རིགས་སྟོབས་དང་ལྡན། ཚད་མཐོ་བའི་རིག་གནས་ཀྱི་རང་རྟོན་མེད་ན། རིག་གནས་དར་ཞིང་རྒྱས་མི་སྲིད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ཡང་ཡོད་མི་སྲིད་ཅེས་གསུངས་པ་ནང་བཞིན། ང་ཚོས་ཀྱང་རང་མི་རིགས་རིག་གནས་ཀྱི་ཡིད་རྟོན་ཇེ་དྲག་དང་། རིག་གནས་ཀྱི་རང་རྟོགས་ལ་ཤུགས་བསྣན་ཏེ། མི་རིགས་ཧྲིལ་པོའི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་རྒྱས་སུ་བཅུག་སྟེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་པའི་ཁྲོད་བྱས་རྗེས་འཇོག་དགོས།
རྩོམ་སྒྲིག་པ། སྐར་མ་མཚོ།