ཡངས་ཤིང་རྒྱ་ཆེ་བའི་མཚོ་ནུབ་ཁུལ་དུ་རང་གི་ཡོད་ཚད་ཕུལ་འདོད།
2019.08.28 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 27

ཧུའུ་ཡུས་ཙི་ནི་སྔོན་ཆད་ཝུའུ་ཡུས་གྲོང་ཁྱེར་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་ཉེས་དོན་ཚན་ཁགDNAཞིབ་བཤེར་ཁང་གི་ཉེན་རྟོག་པ་ཞིག་ཡིན་པ་དང་། ད་ལྟ་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་ཉེས་དོན་ཉེན་རྟོག་ཡན་ལག་རུ་ཁག་གི་ཡན་ལག་རུ་དཔོན་གཞོན་པའི་འགན་ཁུར་ཡོད།

2018ལོའི་ཟླ4པའི་ཚེས25ཉིན། གནམ་ཐང་།

མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་ནི་གཏེར་ལེན་ཁ་རུ་ཡོད་པ་དང་། མཚོ་ངོས་ལས་མཐོ་ཚད་ལ་མུས་སྟོང་གསུམ་ཡོད་ལ། མཐོ་སྒང་ས་ཁུལ་དུ་གཏོགས། ང་རང་སྡོད་སའི་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་ནི་གཏེར་ལེན་ཁ་རུ་ཡོད། ཆེས་ཐོག་མར་གཏེར་ལེན་ཁ་རུ་ཐོན་དུས་ཐང་ཆད་པའི་སྣང་བ་ཞིག་ཡོད་པ་དང་། རང་ཉིད་སྡོད་སའི་རྡོ་སྐས་སུ་བགྲོད་ནའང་དབུགས་ཧལ་ཧལ་བྱེད་ལ། བྱ་བའི་མགོ་མ་བརྩམས་གོང་ལ་གཏེར་ལེན་ཁ་གྲོང་ཁྱེར་གྱི་ནམ་ཟླའི་ཁོར་ཡུག་ལ་མི་འཚམ་པའི་སྣང་བ་ཞིག་ཁྱེར་ཡོང་།

མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་སྤྱི་བདེ་ཅུའུ་དམིགས་བསལ་ཉེན་རྟོག་པའི་ཡན་ལག་རུ་ཁག་གིས་ང་ཚོར་ཆེས་བཟང་པོའི་འདུག་ས་བཀོད་སྒྲིག་བྱས་པ་དང་། ང་ཚོས་མཚོ་ནུབ་ཁུལ་གྱི་འཐབ་གྲོགས་ཚོས་ང་ཚོར་སེམས་ཁུར་དང་ལྟ་སྐྱོང་གནང་བ་དངོས་སུ་ཚོར་བྱུང་ལ། རང་ཁྱིམ་དུ་ལོག་པ་ལྟ་བུའི་སྣང་བ་ཞིག་ཀྱང་དབང་མེད་དུ་སྟེར་བར་བྱེད། མཚོ་ནུབ་གྱི་མི་རྣམས་ནི་སེམས་པ་དྭངས་གཙང་དང་བརྩེ་སེམས་ལྡན་པ་དང་། མགྲོན་པོར་བརྩི་ཆེ་ཞིང་། རྣམ་དག་གིས་མི་ལ་འགྲོགས་པ་ཞིག་རེད། རྒྱ་རིགས་དང་། བོད་རིགས། སོག་རིགས། ད་དུང་གྲངས་ཉུང་མི་རིགས་གཞན་བར་གྱི་མཐུན་སྒྲིལ་བཟང་བོ་ནི་ཁྱིམ་ཚང་གཅིག་ལྟ་བུ་ཡིན་པ་རེད།

ཟླ་གཅིག་ཙམ་གྱི་རིང་ལ། ང་དང་ཉེས་དོན་ཉེན་རྟོག་པའི་ཡན་ལག་རུ་ཁག་གི་སྤུན་ཟླ་ཚོས་མཉམ་གཅིག་ཏུ་བྱ་བ་སྒྲུབ་པ་དང་། ཕན་ཚུན་བསམ་བློ་བརྗེ་རེས་བྱས་ནས། མཉམ་དུ་གོང་འཕེལ་ལ་སོང་།

DNAཚོད་ལྟ་ཁང་དུ། ང་དང་ངའི་ལས་གྲོགས་ཚོས་མཉམ་དུ་དོགས་པ་ཟ་བའི་དངོས་པོའི་སྟེང་དངོས་དཔང་བླངས་ཏེ་ཞིབ་བཤེར་དང་། མཉམ་དུ་ཚོད་ལྟ་ཞིབ་མོ་བྱས་ཤིང་། མཉམ་དུ་ཚོད་ལྟའི་མཇུག་འབྲས་ལ་དབྱེ་ཞིབ་དང་གྲོས་སྡུར་བྱས་ཏེ། ཚོད་ལྟ་ཁང་གི་ནུས་པ་མཐོར་འདེགས་གཏོང་བར་རང་གི་སྟོབས་ཤུགས་ཕུལ། ཟླ་གཅིག་གི་རིང་ལ། ཚོད་ལྟ་ཁང་གིས་གྱོད་གཞི་བཅུ་གཅིག་དང་ལེན་བྱས་པ་དང་། རྒྱུ་ཆ་དྲུག་ཅུར་ཞིབ་བཤེར་བྱས། གནའ་བོའི་དུར་ས་ཞིག་ལྐོག་ནས་སློག་པའི་གྱོད་གཞིའི་ཁྲོད། ས་གདན་དམར་པོ་ཞིག་གི་སྟེང་དྲ་མིག་ཅན་གྱི་དངོས་དཔེ་སུམ་ཅུ་བླངས་ཏེ། མཇུག་མཐརDNAཡི་གཞི་གྲངས་ཞིག་ཐོབ།

གཞན་ཡང་། ལིན་ཧུའུ་ས་ཆ་ནས་བེམ་པོ་སྐམ་པོ་ཞིག་རྙེད་པའི་གྱོད་གཞིའི་ཁྲོད། ད་ལྟའི་ཚོད་ལྟའི་ཆ་རྐྱེན་དེ་འདྲ་བཟང་རྒྱུ་མེད་པའི་གནས་ཚུལ་འོག ང་ཚོས་དཀའ་སྤྱད་འབད་བརྩོན་བྱས་ཏེ་ཞིབ་འཇུག་བྱས་པ་དང་། ནམ་ཡང་མི་འདོར་བའི་སྙིང་སྟོབས་ཀྱིས་ཤི་བོའི་སྒལ་ཚིགས་ཀྱི་རུས་པ་དང་མདོ་མོ་རུས་ཀྱི་གནས་སུ་ཡང་དང་བསྐྱར་དུ་དངོས་དཔེ་བླངས་ནས་མཇུག་མཐརDNAཡི་གཞི་གྲངས་ཆ་ཚང་ཞིག་ཐོབ། ཟླ་གཅིག་གི་རིང་ལ། ང་རང་མཐོ་སྒང་གི་ཁོར་ཡུག་ལ་འཚམ་པར་གྱུར་བ་དང་། རིམ་བཞིན་མཚོ་ནུབ་སྤྱི་བདེ་ཡི་ཁྱིམ་ཚང་ཆེན་པོའི་ནང་འདྲེས་ཐུབ་པར་གྱུར། རྗེས་ཀྱི་ཉིན་རེ་རེའི་ནང་དུ། ངས་རང་གི་ནུས་ཚོད་ཀྱིས་མཚོ་ནུབ་སྤྱི་བདེ་ཡི་འཕེལ་རྒྱས་ཐད་ལ་རང་ཉིད་ཀྱི་སྟོབས་ཤུགས་ཕུལ་ཏེ། རང་གི་དཀའ་སྤྱད་ཀྱི་རྔུལ་ཆུ་དེ་ཡངས་ཤིང་རྒྱ་ཆེ་ལ་མཛེས་སྡུག་ལྡན་པའི་མཚོ་ནུབ་རུ་གཏོར་ནས་མཚོ་ནུབ་ཀྱི་ལྷད་མེད་དྭངས་གཙང་དེ་ཕྱིར་རང་གི་ཕ་ཡུལ་དུ་ཁྱེར་འདོད།

                                                                                                                    ལོ་ཙཱ། ཚེ་རིང་སྒྲོལ་མ།