མགོ་ལོག གེ་སར་རིག་གནས་ཀྱི་ཕ་ས་དྲོན་མོ་།
2019.09.09 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 37

སྒྲུང་པས་སྒྲུང་འཆད་བཞིན་པ།

གེ་སར་རྟ་འཆམ།

སྒྲུང་གིས་རང་རེའི་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་གོ་གནས་འགངས་ཆེན་ཟིན་ཡོད་པ་བསྙོན་དུ་མེད་དེ། སྲིད་པ་རྒན་པོའི་གཏམ་དཔེར་ཡང་བོད་མི་རེའི་ཁ་ན་སྒྲུང་རེ་ཟེར། ལྷག་ཏུ་མགོ་ལོག་ལྟ་བུར་མཚོན་ན། གེ་སར་གྱི་སྒྲུང་ནི་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཡོད་དེ། མགོ་ལོག་གི་རི་བོ་རེ་ལ་གེ་སར་སྒྲུང་དང་འབྲེལ་བའི་གཏམ་རྒྱུད་སྙན་མོ་རེ་ཡོད་ལ། མགོ་ལོག་གི་ཆུ་བོ་རེ་ལ་གེ་སར་སྒྲུང་དང་འབྲེལ་བའི་ངག་རྒྱུན་རིང་མོ་རེ་མཆིས། དེ་བཞིན་དུ་མགོ་ལོག་རྩྭ་ཐང་དང་ཁོ་ར་ཁོར་ཡུག་ཀུན་ཡང་དེ་ལས་མ་འདས་སོ།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་སུ་ཡོད་ལ། ཁུལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི་བདུན་དང་སྟོང་དྲུག་སུམ་བརྒྱ་བཅུ་གཉིས་ཡོད། མགོ་ལོག་ཁུལ་གྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་ཏེ། རྔམ་བརྗིད་ལྡན་པའི་ཨ་མྱེས་རྨ་ཆེན་དང་། ཡིད་དུ་འོང་བའི་གཉན་པོ་གཡུ་རྩེ། རྨ་ཆུའི་མགོ་ཁུངས་ཀྱི་ལྕམ་སྲིང་དུ་འབོད་པའི་མཚོ་སྐྱ་རེངས་དང་སྔོ་རེངས་སོགས་རང་བྱུང་མཛེས་ལྗོངས་བགྲང་གིས་མི་ལངས་པས། མགོ་ལོག་ལ་རི་ཆུའི་མེས་པོ་དང་རྨ་ཆུའི་འབྱུང་ཁུངས། ནོར་གནག་གི་ཕ་ས་ཞེས་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་རེད། གཞན་ཡང་མགོ་ལོག་ནི་མཚོ་བོད་མཐོ་སྒང་གི་ཤེས་རིག་བསྐྱེད་སའི་གནས་མཆོག་གལ་ཆེན་གྱི་ཡ་གྱལ་ཞིག་ཀྱང་ཡིན། སྒོས་སུ“བཤད་ནས་མི་ཚར་ཞིང་། བླངས་ནས་མི་ཚར། བྲིས་ནས་མི་ཚར་བའི”གེ་སར་རིག་གནས་ནི་ཡུལ་འདིའི་མི་རྣམས་ཀྱི་ཡིད་ལ་སྣུམ་གྱིས་གོས་ཟིན་པ་ལྟར་ཁྱབ་ཡོད་པར་མ་ཟད། རང་བྱུང་གི་བཀོད་པ་དང་གཞི་གཅིག་ཏུ་འདྲེས་ཡོད་པས། དེ་ནི་མགོ་ལོག་རྩྭ་ཐང་གི་ཐུན་མོང་མ་ཡིན་པའི་རིག་གནས་ཤིག་ཏུ་གྲུབ་ཡོད་ལ། ཟད་མཐའ་བྲལ་བའི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཏུ་ཡང་གྱུར་ཡོད། ཉེ་བའི་ལོ་འགའི་རིང་། མགོ་ལོག་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་། ཀྲུང་དབྱང་གིས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་རྒྱབ་སྐྱོར་བླ་ལྷག་བྱེད་པ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ། ཁ་གཏད་རོགས་སྐྱོར། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་དམིགས་བསལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་། ཁྱད་ལྡན་དཔལ་འབྱོར་གསོ་སྐྱོང་། གྲོང་རྡལ་ཅན་ལ་སྐུལ་འདེད། དམངས་ཚིས་ལེགས་བཅོས། དབུལ་སྐྱོར་འགག་སྒྲོལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་སོགས་སྤྱི་ཚོགས་ལས་དོན་སོ་སོ་ཤུགས་གང་ཡོད་བཏོན་ནས་སྤེལ་བས། མགོ་ལོག་ཁུལ་གྱི་སྤྱི་ཚོགས་དང་དཔལ་འབྱོར་སོགས་ཕྱོགས་གང་ཐད་ནས་འཕེལ་རྒྱས་བྱུང་ཡོད་པ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་དངོས་པོ་དང་རིག་གནས་ཆུ་ཚད་མཐོར་འདེགས་ཆེན་པོ་བྱུང་ཡོད།

《མདོ་སྨད་ཆོས་འབྱུང》དུ་ཡང་མགོ་ལོག་དང་གེ་སར་བར་གྱི་འབྲེལ་བ་དེ། སྔོན་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་ལ་གླིང་རྗེ་གེ་སར་རྒྱལ་པོས་དབང་བསྒྱུར། དེ་ཉིད་ཀྱི་འཁྲུངས་ལོ་ལྕགས་བྱི་དང་ཆུ་སྦྲུལ་ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཡང་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེར་གཏོགས་ལ། རླང་བྱང་ཆུབ་འདྲེ་བཀོལ་དང་སྨྲྀ་ཏིཛྙཱ་ན་ཀི་རྟི་སྤྱན་དྲངས་ཏེ་ཆོས་ཞུས་པ་དང་། གཙུག་ལག་ཁང་བཞེངས་པར་བཤད་པས་ཀྱང་ཤེས་ནུས། འཁྲུངས་ས་ཡང་ཚབ་ཚོ་དགོན་གྱི་ཉེ་འདབས་རྫ་སྲིབ་ངོས་རྫ་ཆུའི་རྒྱུད་མཚོ་གོར་ཁ་ཡིན་ཟེར་བ་དང་། རྒྱུ་དར་གྱི་དར་ས་ནག་ལ་ལུང་ཡིན་ཡང་ཟེར། གང་ལྟར་འདིའི་ལོ་རྒྱུས་ལ་འདྲ་མིན་སྣ་ཚོགས་སྣང་ངོ་། ། ད་ལྟ་ས་འདི་ཕལ་ཆེར་མགོ་ལོག་གིས་བཟུང་། དེ་ཡང་བར་ཁམས་ལྷོ་མགོ་ལོག་གི་ཡུལ་ནས་འབྲུ་རིགས་ཀྱི་དཔོན་ཞིག་འོངས་ཏེ་དཔོན་རབས་མང་པོའི་བར་དུ་འགུ་ཁོའི་ལུང་བར་བསྡད་པའི་དཔོན་ཆེན་ཞིག་བསྟན་པ་སྔ་དར་གྱི་དུས་ནས་ཡོད། བར་སྐབས་ཤིག་འབྲུ་ལྷ་རྒྱལ་ཞེས་པ་བྱུང་། དེའི་བུ་ཨ་འབུམ། དེས་ཀ་ཐོག་བླ་མ་དང་བོན་པོ་འགའ་ཞིག་ལ་ཆོས་ཞུས་པས་སྔགས་བོན་གྱི་ཆོས་གཉིས་ཆར་སྤྱོད་པའི་སྔགས་པ་གཉན་པོར་བརྩི། ཡུལ་དཔོན་གླིང་རྗེ་དང་འགལ་ནས་ཡུལ་བུད་ཅེས་གསུང་ཡོད། གླིང་ཡུལ་གྱི་མཚོན་རྟགས་ཆེན་མོ་རྣམ་གཉིས་ཏེ། རྨ་ཀླུང་གསེར་ལྡན་ཕྱུག་མོ་དང་རྨ་རྒྱལ་སྦོམ་ར་གཉིས་ནི《ཧོར་གླིང་གཡུལ་འགྱེད》ཀྱི་འབྱུང་ཁུངས་འཁྲུལ་མེད་ཅིག་ཡིན་ལ། མིང་གྲགས་ཅན་གྱི་ལོ་རྒྱུས་གཏམ་རྒྱུད་ཧྲིལ་བོ་དེ་རྨ་ཆུ་དང་རྨ་ཆེན་གཉིས་གཞིར་བཟུང་སྟེ་སྤྲོས་པ་ཤིན་ཏུ་གསལ་ལོ། གཞན་ད་དུང་ལོ་རྒྱུས་དེབ་ཐེར《རླངས་ཀྱི་པོ་ཏི་བསེ་རུ》སོགས་སུའང་སྔོན་རྨ་ཆེན་སྦོམ་རའི་ཉེ་འཁོར་དག་གླིང་གི་ས་ཡིན་པར་གསུངས་པ་བཞིན། རྨ་ཀླུང་ཕྱུག་མོ་ནི་མགོ་ལོག་ནས་ཤར་དུ་བཞུར་ཞིང་སླར་ཡང་ཡུལ་དེའི་མཛེས་པ་བློས་མི་ཐོངས་པ་ལྟར་ཁ་ནུབ་ཕྱོགས་ལ་གཏད་དེ་མགོ་ལོག་ལ་ཡང་བསྐྱར་བསྐོར་བ་ལན་གཅིག་བརྒྱབ་ཅིང་། རྨ་རྒྱལ་སྦོམ་ར་ནི་གནམ་འདེགས་ཀ་བ་ཞིག་དང་མཚུངས་པར་མགོ་ལོག་ཁུལ་རྨ་ཆེན་རྫོང་གངས་རི་ཡུལ་ཚོའི་ཁོངས་སུ་ཀྲོང་ངེར་འགྱིང་།

གེ་སར་རྒྱལ་པོའི་སྒྲུང་ངམ་གེ་སར་རིག་གནས་ནི་བོད་མི་རིགས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ལས་འཁྲུངས་པའི་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཡིན་ལ། 2006ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གེ་སར་སྒྲུང་འདི་ཉིད་རྒྱལ་ཁབ་རིམ་པའི་ཐེངས་དང་པོའི་གཟུགས་འདས་རིག་གནས་ཤུལ་བཞག་གི་གྲས་སུ་བཀོད། གེ་སར་སྒྲུང་ནི་བྱུང་རིམ་ཀྱག་ཀྱོག་ཆེ་ཞིང་སྣང་བརྙན་གསོན་ཉམས་ལྡན་ལ། ནང་དོན་ཕུན་སུམ་ཚོགས་པ་ཞིག་ཡིན་པས། བོད་མི་རིགས་མ་ཟད་ཀྲུང་ཧྭའི་རིག་གནས་ཀྱི་གཏེར་མཛོད་ཆེན་པོ་ཞིག་ཏུ་གྲུབ་ཡོད་ཅེས་སྨྲས་ཀྱང་འགལ་བ་མེད། འདིར་རིག་གཞུང་རིན་ཐང་དང་སྒྱུ་རྩལ་རིན་ཐང་ཆེན་པོ་ལྡན་པས། བོད་ཀྱི་གནའ་བོའི་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་པའི་སྒོ་མོ་ལྟ་བུར་ཡང་མཁས་མང་གིས་ཁས་འཆེས་པ་རེད། རྒྱལ་སྤྱིའི་རིག་གཞུང་ཞིབ་འཇུག་གི་སྡེ་རུ་ཡང་གེ་སར་སྒྲུང་འདིར“ཤར་ཕྱོགས་ཀྱི་ཧི་མའི་ལོ་རྒྱུས་སྙན་རྩོམ་རིང་མོ”ཞེས་པའི་མཚན་སྙན་གསོལ་ཡོད་མོད། དོན་དུ་གེ་སར་སྒྲུང་ནི་ཀེ་རི་སིའི་ལོ་རྒྱུས་སྙན་རྩོམ《ཧི་མ》དང་རྒྱ་གར་གྱི་ལོ་རྒྱུས་སྙན་རྩོམ《ར་མ་ཎ》དང《མ་ཧ་བྷ་ར་ཏ》 ཕིན་ལན་གྱི་ལོ་རྒྱུས་སྙན་རྩོམ《ཁེ་ལེའུ་བོས་ལ》སོགས་ལས་ཀྱང་ཤིན་ཏུ་རིང་བར་མ་ཟད། ད་དུང་རྒྱུན་མ་ཆད་པར་བྱུང་དང་འབྱུང་བཞིན་པའི་ལོ་རྒྱུས་སྙན་རྩོམ་གསོན་པོ་དེ་ཡང་ཡིན་ནོ། །

དེ་ཡང2014ལོའི་ཟླ་བརྒྱད་པར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དུ། རིག་གནས་པུའུ་གཞུང་སྒྲུབ་ཐིན་གྱིས“གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོད་ལྟ་ཁུལ”འཛུགས་པར་དངོས་སུ་ཆོག་མཆན་གནང་བར་མ་ཟད། འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ནན་ཏན་གྱིས་ཚན་རིག་དང་མཐུན་པའི་སྒོ་ནས་སྲུང་སྐྱོབ་འཆར་གཞི་དང་ལག་བསྟར་བྱེད་ཐབས། སྲུང་སྐྱོབ་བྱེད་ཐབས་སྣ་ཚོགས་དངོས་འབེབས་བྱེད་པ་སོགས་ཀྱི་ཐད་ནས་བྱེ་བྲག་གི་བླང་བྱ་གང་མང་བཏོན། ཚོད་ལྟའི་ས་ཁུལ་བཙུགས་པ་དེས་གེ་སར་རིག་གནས་དང་དེའི་མངའ་ཁོངས་ཀྱི་རང་བྱུང་ཁོར་ཡུག་དང་ལོ་རྒྱུས་ཤུལ་བཞག་སྲུང་སྐྱོབ་དང་མྱུར་སྐྱོབ་ཐད་ལའང་ནུས་པ་གལ་ཆེན་ཐོན་ཡོད། ཡང་གཅིག་བཤད་ན། མགོ་ལོག་ཁུལ་ནི་རྒྱལ་ཡོངས་སུ་གེ་སར་རིག་གནས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། གེ་སར་སྒྲུང་པ་ཆེས་མང་བ། ཆེས་གདོད་ཉམས་ལྡན་པ། སྒྲུང་གི་བཤད་ཐབས་ཆེས་ཐུན་མོང་མ་ཡིན་པ། ཤུགས་རྐྱེན་ཆེས་ཆེ་བའི་ས་ཁུལ་ཞིག་ཡིན་པས། གནས་དེ་ལ་ཀུན་གྱིས“གེ་སར་རིག་གནས་ཀྱི་ཕ་ས་དྲོན་མོ”ཞེས་པའི་མཚན་སྙན་བཏགས་ཡོད་པ་རེད། ཧྥ་རན་སིའི་མིང་དུ་གྲགས་པའི་གེ་སར་ཞིབ་འཇུག་པ་ཆེན་མོ་ཧྲི་ཐེ་ཨན་གྱིས་རྨ་ཡུལ་དང་སྨར་གྱི་བར་ལ་རྙོག་དྲ་བཟོས་པའི་མཇུག་འབྲས་ནི་གླིང་གི་ཡུལ་དེ་ལྷོ་ཕྱོགས་སུ་ངེས་གཏན་བྱས་སོ་ཞེས་གསུངས་ལ། དེ་ནི་སྤྱིར་གླིང་གི་ཡུལ་ཞེས་པ་རྨ་ཡུལ་དུ་ཡོད་པ་སྨར་དང་སྒྲ་གདངས་འཁྲུལ་ཏེ་ལྷོ་བྱང་བརྗེས་པའི་ནོར་འཁྲུལ་བྱུང་ངོ་ཞེས་གསལ་བོར་བསྟན་ལ། གེ་སར་ཞིབ་འཇུག་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོས་ཀྱང་མགོ་ལོག་ནི་གེ་སར་དར་ཁྱབ་ཆེས་ཆེ་བའི་ཡུལ་གྲུ་ཞིག་རེད་ལ། གནས་དེའི་རི་ཀླུང་ཐམས་ཅད་གེ་སར་ལོ་རྒྱུས་སྙན་ངག་རིང་མོ་དང་འབྲེལ་བ་ཟབ་མོ་མཆིས་ཞེས་གསུངས་སོ།

གསར་འགོད་པས་མགོ་ལོག་ཁུལ་རིག་གནས་སྒྱུ་རྩལ་ཁང་གི་མགོ་གཙོ་ལོ་བ་ཚེ་རིང་ལ་བཅར་འདྲི་ཞུ་དུས། ཁོས“མགོ་ལོག་གི་དམངས་ཁྲོད་ཀྱི་རིག་གནས་སྒྱུ་རྩལ་ཧ་ཅང་ཕུན་སུམ་ཚོགས་པོ་ཡིན། རྒ་རྒས་དང་བྱིས་པ་སུ་ཡིན་ཡང་གེ་སར་སྒྲུང་བཤད་མི་ཤེས་ཀྱང་ཉན་མ་མྱོང་མཁན་ཞིག་མེད”ཟེར། ཁོས་ངོ་སྤྲོད་བྱས་པ་ལྟར་ན། ཡུལ་འདིར་གླིང་གི་སྐྱེས་རབས་རྣམ་ཐར་ལ་སྔོན་གནས་རྗེས་དྲན་གྱི་འབྲས་རྟགས་མངོན་པའི་སྒྲུང་མཁན་གྲགས་ཅན་མང་པོ་བྱོན་མྱོང་བས་དམངས་ཁྲོད་དུ་སྒྲུང་བཤད་ལེན་གྱི་ཤུགས་རྐྱེན་ཤིན་ཏུ་ཟབ་མོ་ཐེབས་ཡོད་ལ། ཁྱད་པར་མགོ་ལོག་ཏུ་ངག་དབང་རིག་འཛིན་དང་། གུ་རུ་རྒྱལ་མཚན་སོགས་བྱོན་ཞིང་། ཁོ་ཚོས་མཚོན་པའི་ཕུལ་དུ་བྱུང་བའི་གེ་སར་སྒྲུང་བ་དག་གིས་གཏེར་སྒྲུང་དང་། བབས་སྒྲུང་། བརྒྱུད་སྒྲུང་གང་རུང་གི་རྣམ་པ་ལ་བརྟེན་ནས་གེ་སར་སྒྲུང་གི་རིག་གནས་གསོན་ཉམས་དང་བཅས་བརྒྱུད་སྒྲོག་བྱས་པ་རེད། གུ་རུ་རྒྱལ་མཚན་ཁོ་ནར་མཚོན་ན། ཁོས་གེ་སར་རྒྱལ་པོའི་རྣམ་ཐར་ལས་རྫོང་ཁག་བརྒྱ་དང་ཉི་ཤུ་ལྷག་ཅིག་ཕབ་ཐུབ་ལ། ཁོང་གི་སྒྲུང་ལ་མི་སྣ་མང་ཞིང་། རྒྱན་གོས་སོ་སོའི་བརྗོད་པ་ཞིབ་ཕྲ་ཡིན་པ། ཚིག་ལ་བྱང་ཆ་ལྡན་ཞིང་མི་སྣ་འབྲི་བཞེངས་བྱས་པ་གསོན་ཉམས་ལྡན་པ་བཅས་ཀྱི་ཁྱད་ཆོས་ཚང་། 1991ལོར་ཁོར“བྲིས་ནས་འཛད་མཐའ་མེད་པའི་གེ་སར་སྒྲུང་གི་སྒྱུ་རྩལ་པ”ཞེས་པའི་མཚན་གྱིས་གཟེངས་སུ་བསྔགས། མགོ་ལོག་གི་གེ་སར་སྒྲུང་ལ་ད་དུང་ཁྱད་ཆོས་གཞན་མང་པོ་མཆིས་ཏེ། གེ་སར་རྟ་འཆམ་དང་། དམར་འཆམ། ཁྲོ་འཆམ། ཝེར་མ་བཅུ་གསུམ་གྱི་འཆམ་སོགས་འཁྲབ་སྟོན་གྱི་རྣམ་གྲངས་མང་ཞིང་། ཕོ་བྲང་སེང་འབྲུག་སྟག་རྩེ་ཡིས་མཚོན་པའི་རིག་གནས་རྟེན་གཞི་མང་པོ་བཙུགས་ཡོད་པའང་ས་གནས་རང་གི་རིག་གནས་ཁྱད་ཆོས་མངོན་པར་གསལ་ལ། དེ་ཡང་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུའི་སྐུ་འདྲ། ཐང་ག་བཞེངས་པ། འབག་སྐུ་དང་ཟངས་སྐུ་བཞེངས་པ་སོགས་མཆིས་ལ། གེ་སར་དངོས་མང་བཤམས་སྟོན་ཁང་སོགས་སུ་དེ་འབྲེལ་གྱི་རིག་རྫས་ཉར་སྡུད་བྱས་པའང་མང་པོ་ཡོད། དེ་བཞིན་དུ་རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་རྒྱུན་འཛིན་པའི་གྲས་སུ་འཁོད་པའི་སྒྲུང་པ་མིང་གྲགས་ཅན་གུ་རུ་རྒྱལ་མཚན་དང་ཚེ་གྲུབ། ཚེ་རིང་དཔལ་ལྡན་བཅས་དང་། ཞིང་ཆེན་རིམ་པའི་གཟུགས་འདས་རིག་གནས་རྒྱུན་འཛིན་པ་དར་ཆོས་དང་མགོན་ལྷ། ད་རུང་སྒྲུང་པ་ཆེ་མ་ཆུང་གསུམ་མང་པོ་ཡོད་པས། དེ་དག་གིས་མགོ་ལོག་གི་གེ་སར་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཐད་བྱས་རྗེས་བཞག་དང་འཇོག་མུས་སུ་ཡོད་ལ། དེ་དག་ཀུན་ཡང་འཛམ་གླིང་གེ་སར་རྒྱལ་པོའི་རིག་གནས་ལ་རྗེས་དྲན་དང་དེ་ཉིད་ཞིབ་འཇུག་བྱེད་པ་གཙོ་བོར་འཛིན་པ་འབའ་ཞིག་གོ

མདོར་ན། མགོ་ལོག་ཁུལ་དུ“གེ་སར་རིག་གནས(མགོ་ལོག)སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོད་ལྟ་ཁུལ”བཙུགས་པ་དེས། མགོ་ལོག་ས་ཁུལ་གྱི་གེ་སར་རིག་གནས་རྒྱུན་འཛིན་དང་དར་སྤེལ་སོགས་ལ་སྔར་བས་ནུས་པ་ཆེན་པོ་ཐོན་སྲིད་པ་གདོན་མི་ཟ་ཞིང་། མགོ་ལོག་ཁུལ་ལ“གེ་སར་རིག་གནས་ཀྱི་ཕ་ས་དྲོན་མོ”ཞེས་པ་ནི་མིང་དོན་དང་མཚུངས་པ་ར་སྤྲད་བྱས་ཡོད་དོ།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།