ཞིན་ཧེ་རྫོང་གི་བྱིས་པའི་སློབ་གསོར་རེ་བའི་མྱུ་གུ་འབུས་པ།
2019.09.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 21

བྱིས་པའི་སློབ་གསོ་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། བྱིས་པའི་སློབ་གསོའི་སྤུས་ཚད་ནི་མིའི་རིགས་སྤྱི་ཚོགས་ཀྱི་སྐྱེ་འཕེལ་དང་རྒྱུན་སྐྱོང་བར་འབྲེལ་བ་དམ་པོ་ཡོད། ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གིས་སློབ་སྔོན་སློབ་གསོའི་ཕྱོགས་ལ་ཤུགས་ཆེན་པོ་བརྒྱབ་སྟེ་གྲུབ་འབྲས་མངོན་གསལ་བླངས་ཡོད་པའི་སྙན་པའི་གྲགས་པ་ཞིང་ཆེན་ཕྱི་ནང་ཀུན་ཏུ་ཁྱབ།

རྒྱུས་ལོན་པ་ལྟར་ན། ཞིན་ཧེ་རྫོང་ཡོངས་སུ་བྱིས་སྐྱོང་ཁང་ང་གཉིས་ཡོད་པའི་ནང་རྫོང་མཁར་དུ་བྱིས་སྐྱོང་ཁང་བཞི་ཡོད་ལ། རྫོང་གིས་རང་ས་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི“ཞིན་ཧེའི་ཐབས་ལམ”ཞེས་པའི་བྱིས་པའི་སློབ་གསོའི་ཐབས་ལམ་ཞིག་གསར་གཏོད་བྱས་ཡོད་པར། ཞིང་ཆེན་དང་ཁུལ། རྫོང་རིམ་པའི་བྱིས་སྐྱོང་ཁང་གི་མགོ་ཁྲིད་རྣམས་གཅིག་རྗེས་གཉིས་མཐུད་དུ་ལྟ་ཞིབ་དང་སློབ་སྦྱོང་བྱེད་དུ་ཡོང་གིན་ཡོད་པར་མ་ཟད། བསྟོད་པའི་མཐེ་བོང་སྒྲེང་མཁན་མི་གཅིག་མིན་ཞེས་ཚང་མས་གདེང་འཇོག་ཚད་མཐོན་པོ་གནང་བཞིན་ཡོད་པ་ཐོས་འཕྲལ། ངེད་བཅར་འདྲི་ཚན་ཆུང་གོམ་ཁ་བྲེལ་སྟབས་ཀྱིས་ཞིན་ཧེ་རྫོང་མཁར་ལྷོ་བྱིས་སྐྱོང་ཁང་དུ་བཅར་འདྲིར་ཕྱིན་པ་ཡིན།

སློབ་རའི་སྒོ་ཁར་ཐོན་མ་ཐག་བྱིས་པ་ཚོའི་ཀི་སྒྲ་དང་དགོད་སྒྲ་ལྷང་ལྷང་དུ་གྲག་བཞིན་པ་ང་ཚོའི་རྣ་ལམ་དུ་མཆེད་ཅིང་། ཉི་འོད་ལམ་ལམ་གྱི་འོག་ཏུ་སྐར་ལྔའི་དར་དམར་དང་གློ་ལྗང་མདོག་གཉིས་ཀྱིས་གཙོས་པའི་སློབ་ཁྲིད་ཐོག་ཁང་ནི་སྣུམ་ཚོན་རི་མོ་ཞིག་དང་འདྲ་བར་ཡིད་གར་འོང་པ་ཞིག་དུ་སྣང་། སྐབས་དེར་བཞིན་མདངས་དཀར་ལ་སྨྲ་བ་འཇམ་པའི་བུད་མེད་ཅིག་གིས་ང་ཚོའི་མདུན་ནས་བསུས་བྱུང་། མ་གཞི་མོ་ནི་ཞིན་ཧེ་རྫོང་མཁར་ལྷོ་བྱིས་སྐྱོང་ཁང་གི་གླིང་གཙོ་བཀྲ་ཤིས་མཚོ་མོ་ཡིན་འདུག ཉིས་སྟོང་བཅོ་ལྔ་ལོའི་ཟླ་དགུ་པར་བྱིས་སྐྱོང་ཁང་འདི་བཙུགས་པ་ནས་བཟུང་མོས་གླིང་གཙོའི་འགན་བཞེས་ཤིང་། ད་ལྟའི་བར་དུ་བསྟུད་མར་ལོ་བཞི་ཡི་རིང་ལ་རྫོང་རིམ་པའི་ཕུལ་བྱུང་གླིང་གཙོ་རུ་བདམས་མྱོང་བ་རེད། མོས་ང་ཚོར“ངེད་བྱིས་སྐྱོང་ཁང་གིས་ཐོག་མཐའ་བར་གསུམ་དུ་ཡུལ་སྲོལ་རྨང་། བྱིས་པ་གཞི། ཆོས་ཉིད་སྲོག་ཅེས་པ་གཞི་རྩའི་དགོངས་དོན་དུ་བཟུང་ཞིང་། བྱིས་པ་ཚོ་བདེ་ཞིང་སྐྱིད་པའི་སློབ་ར་ཞིག་ནས་བདེ་ཐང་ངང་འཚར་ལོངས་བྱུང་དུ་འཇུག་རྒྱུ་ནི་ང་ཚོའི་དམིགས་བྱ་གཙོ་བོ་ཡིན”ཞེས་བཤད།

རྒྱུས་ལོན་པ་ལྟར་ན་བྱིས་སྐྱོང་ཁང་འདིར་ད་སྔ་འཛིན་གྲྭ་གོང་འོག་བར་གསུམ་དགུ་ཡོད་པར་བསྡོམས་པས་བྱིས་པ་སུམ་བརྒྱ་དང་ང་བཞི་ཡོད་ལ། དགེ་རྒན་ཉེར་གསུམ་དང་མཁོ་སྒྲུབ་མི་སྣ་བཅོ་ལྔ་ཡོད་པ་དང་། འཛིན་གྲྭ་རེ་རེར་དགེ་རྒན་གཉིས་དང་བདག་སྲུང་པ་གཅིག་རེ་བཀོད་སྒྲིག་བྱས་ཡོད་པས། རྒྱལ་ཁབ་ཀྱིས་སློབ་སྔོན་སློབ་གསོའི་གཏན་འཁེལ་ཚད་ཐིག་དང་མཐུན། སློབ་རའི་ནང་དུ་ཁང་བརྩེགས2ཡོད་པ་ལས་མདུན་ཕྱོགས་ཀྱི་ཁང་བརྩེགས་ནི་གཙོ་བོ་བྱིས་པའི་བྱ་འགུལ་ཁང་དང་། རྒྱབ་ཕྱོགས་ཀྱི་ཁང་བརྩེགས་ནི་གཙོ་བོ་བྱིས་པ་ཚོའི་མལ་ཁང་རེད། བྱིས་སྐྱོང་ཁང་འདིས་རང་ས་གནས་ཀྱིས་གསར་གཏོད་བྱས་ཤིང་ས་ཆ་གཞན་ཀུན་ལ་མིང་དུ་གྲགས་ཡོད་པའི“ཞིན་ཧེའི་ཐབས་ལམ”ཞེས་པའི་བྱིས་པའི་སློབ་གསོའི་ཐབས་ལམ་འདི་སྤྱོད་བཞིན་ཡོད་པ་རེད།

གླིང་གཙོ་བཀྲ་ཤིས་མཚོ་མོས་ང་ཚོར་བཤད་རྒྱུར། “ཞིན་ཧེའི་ཐབས་ལམ”ཞེས་པའི་མིང་འདིའང་ས་གནས་ཀྱི་མིང་ཐབས་ལམ་ལ་སྦྱར་ནས་བཏགས་པ་ཡིན་ཞིང་། འདི་ནི་དབྱི་ཐ་ལེའི་རུའེ་ཅི་ཨོའུ་སློབ་གསོའི་མ་ལག་གི་མིང་འདོགས་ཚུལ་ལ་དཔེར་བལྟས་པར་བཤད།“ཞིན་ཧེའི་ཐབས་ལམ”ཞེས་པ་ནི《ལོ3ནས6བར་གྱི་བྱིས་པའི་སློབ་སྦྱོང་དང་འཕེལ་རྒྱས་ཕྱོགས་སྟོན》ཞེས་པའི་ཁྲོད་ཀྱི་ཁྱབ་ཁོངས་ཆེན་པོ་ལྔ་ནང་དོན་དུ་བྱས་པ་དང“6+2”ལས་བགོས་ཅན་གྱི་ནུས་པ་ཁང་གཞིར་བཟུང་ནས། སློབ་ཁྲིད་བྱེད་སྟངས་གསར་གཏོད་དང་འཛུགས་སྐྱོང་གི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་ཏེ། བྱིས་པ་སོ་སོའི་གཤིས་ཀ་དང་དགའ་ཕྱོགས། ཁྱིམ་ཚང་གི་རྒྱབ་ལྗོངས་སོགས་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ནས་བྱིས་པའི་འཕེལ་རིམ་དང་མཐུན་ཞིང་ས་གནས་ཀྱི་ཁོར་ཡུག་དང་འཚམས་པའི་བྱིས་པའི་སློབ་གསོའི་ཐབས་ལམ་ཞིག་ཡིན་ཟེར། དེ་ཡང་ཁྱབ་ཁོངས་ཆེན་པོ་ལྔ་ནི་སྐད་བརྡ་དང་སྒྱུ་རྩལ། བདེ་ཐང་། ཚན་རིག་དང་སྤྱི་ཚོགས་བཅས་ནང་དོན་དུ་བྱེད་པ་ཡིན་ལ། “6+2”ལས་བགོས་ཅན་གྱི་ནུས་པ་ཁང་ཞེས་པ་ནི་སྐད་བརྡ་ཁང་དང་བསམ་གཞིག་ཁང་། སྲོལ་རྒྱུན་ཁང་། ཕྱོགས་འདུས་ཁང་། ཚན་རིག་ཁང་དང་འགུལ་ཉམས་ཁང་བཅས་དྲུག་པོའི་སྟེང་། འཚོ་བའི་ཐད་ཀྱི་འཚོ་བཅུད་ཁང་དང་མལ་ཁང་གཉིས་བསྣན་ནས། ནུས་པ་ཁང་སོ་སོར་ཐུན་མིན་གྱི་བྱེད་ནུས་འདོན་དུ་བཅུག་སྟེ། བྱིས་པ་ཚོའི་འབྲེལ་འདྲིས་ཀྱི་ནུས་པ་དང་བསམ་གཞིག་གི་ནུས་པ། སྲོལ་བཟང་དར་སྤེལ་གྱི་ནུས་པ། ལག་ལེན་གྱི་ནུས་པ། འཚོལ་རྟོགས་ཀྱི་ནུས་པ་དང་མཛེས་དཔྱོད་ཀྱི་ནུས་པ་སོགས་སློབ་སྔོན་སློབ་གསོའི་སྐབས་ནས་བཟུང་སྐྱེད་སྲིང་བྱེད་ཀྱིན་ཡོད་པར་མ་ཟད། ཟ་མར་གཅེས་སྤྲས་བྱེད་ཤེས་པ་དང་སྒྲིག་སྲོལ་ཡོད་པའི་སྒོ་ནས་འཚོ་བ་རོལ་བའི་འདུ་ཤེས་ཆགས་སུ་འཇུག་པའི་ཐད་ལ་གཞོལ་བའི་སློབ་གསོའི་ཐབས་ལམ་ཐུན་མོང་མ་ཡིན་པ་ཞིག་རེད།

བྱིས་སྐྱོང་ཁང་འདིས་སྤྱིའི་ཆ་ནས“ཞིན་ཧེའི་ཐབས་ལམ”གྱི་སློབ་གསོའི་བྱེད་ཐབས་ལག་ལེན་དུ་བསྟར་གྱིན་ཡོད་ལ། བྱེ་བྲག་ཏུ་བྱིས་སྐྱོང་ཁང་རང་གི་ཁྱད་ཆོས“གུས་ལུགས”དང“སྐད་བརྡ”གཉིས་ཀྱང་བྱ་ཡི་གཤོག་ཟུང་ཇི་བཞིན་གཙིགས་སུ་བཟུང་ཡོད། བྱིས་པ་ཕལ་ཆེ་བ་འབྲོག་ཁུལ་ནས་ཡོང་བ་ཡིན་ཕྱིར་རྒྱའི་སྤྱི་སྐད་བཤད་པའི་ཕྱོགས་སུ་ཅུང་ཞན་པའི་གནས་བབ་ལ་ཁ་གཏད་དེ། རྒྱུན་ལྡན་གྱི་སྐད་བརྡ་ཁང་ལ་གཞོགས་འདེགས་ཀྱི་ཚུལ་དུ་ནངས་མོའི་སློབ་ཐུན་མ་འཚོགས་སྔོན་དང་ཕྱི་དྲོའི་སློབ་གྲྭ་མ་གྲོལ་སྔོན་ལ་རྒྱ་སྐད་བཤད་པའི་དུས་ཚོད་ཐུང་ངུ་ཞིག་ཆེད་དུ་བཀོད་སྒྲིག་བྱས་ཏེ།སྤྱི་སྐད་ཀྱི་ཕྱོགས་ལ་ཤུགས་རྒྱག་བཞིན་ཡོད་པ་དང་། གུས་ལུགས་ཀྱི་ཐད་ནས་སློབ་ཁྲིད་ཀྱི་ནང་དོན་དང་སྦྲེལ་ཏེ་སློབ་ཁང་གི་གྱང་ངོས་ཀྱི་རི་མོ་སོགས་ཇུས་འགོད་ལ་བརྟེན་ནས་རྒྱུན་ལྡན་འཚོ་བའི་ཁྲོད་ཚོར་རྟོགས་བྱེད་དུ་བཅུག་སྟེ། ངང་ངམ་ཤུགས་ཀྱིས་བྱིས་པའི་རྒྱུད་ལ་གུས་བཀུར་གྱི་འདུ་ཤེས་འབྱོར་བར་བྱེད་ཀྱིན་ཡོད། དེ་ལས་གཞན་ནུས་པ་ཁང་ཚང་མ་སོ་སོར་དགར་བའི་རྨང་གཞིའི་སྟེང་། སློབ་ཁྲིད་དམ་བྱ་འགུལ་གང་ཡིན་ཡང་བྱིས་པ་ཚོའི་གོ་བདེ་ཞིང་ཤེས་སླ་བའི་རོལ་རྩེད་དང་སྦྲགས་ནས་སྤེལ་བཞིན་ཡོད་ཅིང་། འཛིན་གྲྭ་རེ་རེ་སློབ་ཁྲིད་ཀྱི་རེའུ་མིག་ལྟར་སློབ་ཐུན་རེ་རེར་ནུས་པ་ཁང་སོ་སོའི་ནང་རེས་མོས་སུ་འཁོར་སྐྱོད་བྱེད་བཞིན་ཡོད་ལ། ཕལ་ཆེར་འཛིན་གྲྭ་གཅིག་ཉིན་གཅིག་ལ་ནུས་པ་ཁང4ཡི་ནང་དུ་འགྲོ་ཐུབ་ཀྱིན་ཡོད་པས། བྱིས་པ་ཚོ་སློབ་ཁྲིད་ལ་སུན་སྣང་སྐྱེ་བར་སྔོན་འགོག་ནུས་ལྡན་བྱས་ཡོད། ལྷག་པར་དུ་བྱིས་པ་ཚོའི་ལུས་པོ་བདེ་ཐང་དང་འཚོ་བཅུད་ཀྱི་ཐད་ལའང་དོ་སྣང་ཆེན་པོ་བྱས་ཏེ། གཟའ་འཁོར་གཉིས་ཀྱི་རིང་ལ་ཉིན་རེར་ཟས་སྣ་གཅིག་རེ་བརྗེ་བཞིན་ཡོད་པར་མ་ཟད། ཕྱི་དྲོའི་མཚམས་སུ་སིལ་ཏོག་ཟ་བའི་དུས་ཚོད་ཅིག་ཀྱང་གཏན་འཁེལ་བྱས་ཡོད་པར་བྱིས་པ་ཡོངས་དང་རྒྱ་ཆེའི་ཁྱིམ་བདག་རྣམས་ཀྱིས་དགའ་བསུ་ཆེན་པོ་གནང་བཞིན་ཡོད་པ་རེད།

གོང་རིམ་སྲིད་གཞུང་གི་རྒྱབ་སྐྱོར་དང་མང་ཚོགས་ཀྱི་ཁས་ལེན་འོག འོ་མ་ལྟ་བུའི་བྱིས་པ་དང་རུ་མ་ལྟ་བུའི་སློབ་གསོ་གཉིས་ཀ་ལྷན་དུ་འཛོམས་པར་བརྟེན། བདེ་སྐྱིད་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་ལྡན་པའི་སྤྱི་ཚོགས་འཚོ་བ་ཞིག་ཞོ་ལྟར་ཆགས་ངེས་ལ། མ་འོངས་པའི་ལོ་ངོ70ཡང་སྔར་ལས་ལྷག་པར་འཚར་སྡུག་འོད་སྟོང་ལྡན་པ་ཞིག་ཏུ་འཕེལ་འགྲོ་བར་ཡིད་ཆེས་བརྟན་པོ་ཡོད།
                                                                                                                                   རྩོམ་སྒྲིག་པ།  སྐར་མ་མཚོ།