ཨ་རྨོག་སྡེ་བས་རྩེ་ཆུའི་འགྲམ་ངོགས་བཅོས་སྐྱོང་བྱས་པ།
2019.09.10 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 34

ཨ་རྨོག་སྡེ་བའི་རྩེ་ཆུའི“ཆུ་བདག”ཡིན་པའི་ཚེ་རིང་དོན་གྲུབ་ཀྱིས་རང་དཔེ་གཞན་སྟོན་བྱས་ནས། སྡེ་བ་ཡོངས་ཀྱི་འབྲོག་དམངས་ཁྲིད་དེ་བྱ་བ་ཆུང་ཆུང་ནས་མགོ་བརྩམས་པ་དང་། ལོ་གཉིས་ཀྱི་རིང་གི་འབད་བརྩོན་བརྒྱུད་རྩེ་ཆུའི་ཁོར་ཡུག་མི་ལེགས་པ་དང་། བཅོས་སྐྱོང་བྱེད་དཀའ་བའི་གནས་བབ་ཐག་བཅད།

ཨ་རྨོག་སྡེ་བར་བསྡོམས་པས་རང་བྱུང་སྡེ་བ4དང་མི་གྲངས1171ཡོད། ས་གནས་ཧོ་ནན་རྫོང་གཡུ་སྒང་ཉིན་གྲོང་རྡལ་རྩེ་ཆུའི་སྟོད་རྒྱུན་དུ་ཆགས་ཡོད་ལ། ཆུ་བོའི་བཞུར་རྒྱུན་དུ་འབྲོག་ཁྱིམ60ཙམ་གཞིས་ཆགས་ཡོད། ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་ཞན་པ་དང་། ཁོར་སྲུང་གི་སྒྲིག་བཀོད་རྨང་གཞི་ཞན་པ་དང་། འབྲོག་དམངས་སྐོར་ཞིག་ཐོན་སྐྱེད་དང་འཚོ་བའི་གད་སྙིགས་ཆུ་ནང་དུ་འཕོ་བར་གོམས་པ་དེ་ནི། ཨ་རྨོག་སྡེ་བའི་ཆུ་ལམ་ཁོར་ཡུག་བཅོས་སྐྱོང་དཀའ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར།

2013ལོར། ཚེ་རིང་དོན་གྲུབ་ཨ་རྨོག་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལ་བདམས་ཐོན་བྱུང་སྟེ་ཆུ་བདག་ཏུ་གྱུར། གསར་དུ་ལས་འགན་ཁུར་བའི་ཁོས་བཅོས་བསྒྱུར་གྱི་མདུང་རྩེ་ཆུ་ལམ་གྱི་གཙང་སྦྲ་མི་བཟང་བའི“རྙིང་པ་དང་ཆེན་པོ་དཀའ་བ་གསུམ”གྱི་གནད་དོན་ལ་གཏད། “སྡེ་དམངས་རྣམས་ལ་གྲལ་དག་མཛེས་སྡུག་གི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་དགོས་ན། རྩེ་ཆུ་དྭངས་མོ་དང་འགྲམ་རྒྱུད་མཛེས་སྡུག་ལྡན་པ་ཞིག་ཡོང་བར་ཁག་ཐེག་བྱ་དགོས་ལ། ཏང་ཡོན་ཞིག་ཡིན་པའི་ངོས་ནས། ང་ཚོ་ངེས་པར་མདུན་ལ་མཆོང་དགོས།” དེ་ནས་བཟུང་། ཆུ་ལམ་དུ། ཚེ་རིང་དོན་གྲུབ་ཀྱིས་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ཁོངས་མི་དང་སྡེ་དམངས་འཐུས་ཚབ་རྣམས་ཁྲིད་དེ། ལག་ཏུ་ཁུག་མ་བཟུང་ཞིང་། རྐང་སྣམ་ཡར་ལ་བརྫེས་ཏེ་གད་སྙིགས་འཐུ་བའི་རྣམ་པ་མང་པོ་མཐོང་རྒྱུ་འདུག

ཚེ་རིང་དོན་གྲུབ་ཀྱི་ཆུང་མས་ཁྱོ་གའི་དེ་འདྲའི་དཀའ་སྡུག་ཅིག་མྱོང་བཞིན་པ་མ་བཟོད་པར། ཁྱིམ་ལས་དག་བསྐྱུར་ནས་ཆེད་དུ་རོགས་རམ་བྱས། ཟླ་འགའི་རྗེས་ནས། ཡུལ་མི་ཁྱིམ་མཚེས་མང་པོ་ཞིག་ཁྱིམ་ཚང་དེ་བའི་བྱ་སྤྱོད་ཀྱིས་ཡིད་འགུལ་ཐེབས་ཏེ།འབྲོག་དམངས་མང་པོའང་རང་ཁྱིམ་ལས་ཕྱིར་ཐོན་ཏེ། ལྕགས་ཁེམ་དང་ཕྱགས་མ་སོགས་ལག་ཆ་བཟུང་སྟེ་ཆུ་ལམ་བཅོས་སྐྱོང་ཁྲོད་དུ་ཞུགས་ཤིང་། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ལོ་གང་མང་ལ་བསགས་པའི་ཆུ་ལམ་གྱི་གད་སྙིགས་རིམ་བཞིན་མེད་པར་གྱུར།

ཆུ་འགྲམ་གྱི་གད་སྙིགས་མེད་པར་བྱས་ཐེངས་རེར། ཚེ་རིང་དོན་གྲུབ་ཀྱིས་འབྲད་འཁོར་དང་འདྲུད་འཐེན་འཁོར་ལོ་བཅས་ལ་འབྲེལ་གཏུག་བྱས་ཏེ་གད་སྙིགས་དུས་ཐོག་ཏུ་དྲུད་ནས་འགྲོ་བཞིན་ཡོད། ཆུ་ལམ་གཏན་དུ་སྔོ་ལྗང་ཡོང་བའི་ཆེད་དུ། ཟླ་རེ་རེའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་ལས་བྱེད་པའི་འཆར་ཅན་ཚོགས་འདུའི་སྐབས་སུ། ཁོས་དུས་རྒྱུན“ཆུ་བཅོས”དེ་བྱ་བ་གཙོ་བོ་ཞིག་ཏུ་བཟུང་ནས། སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྡེ་ཁག་དང་མཉམ་དུ་བཅོས་སྐྱོང་བྱེད་ཐབས་ལ་གྲོས་བསྡུར་དང་། ཨ་རྨོག་སྡེ་བའི“སྒོ་འགྲམ་གྱི་ཁག་ཐེག་གསུམ་གྱི་ལམ་ལུགས”དང“ཁོར་ཡུག་སྲུང་སྐྱོབ་ཀྱི་སྡེ་སྲོལ་དམངས་ཆིངས”སོགས་གཏན་འབེབས་བཟོས་པ་དང་ལྷན་དུ། ཟླ་རེའི་ཚེས15ཉིན་ནི་སྡེ་བའི་ནང་གི“དམངས་ཡོངས་ཀྱིས་གཙང་སྦྲ་བྱེད་པའི་ཉིན་མོ”ལ་གཏན་འཁེལ་བྱས་པས། ཁོ་ཚོས་མཉམ་དུ་ཆུ་ལམ་སྐོར་ཞིབ་དང་། གད་སྙིགས་བཏུ་བ་བཅས་བྱས་ཏེ། རྩེ་ཆུ་ནི་ཉིན་རེར་དྭངས་ཤིང་མཛེས་སྡུག་གི་འགྲམ་ངོགས་ཤིག་མངོན་པར་ཁག་ཐེག་བྱས།

གད་སྙིགས་གཅིག་བསྡུས་སྒོས་ཐག་གཅོད་བྱ་ཆེད་དང་། གད་སྙིགས་གང་སར་གཏོར་བའི་སྣང་ཚུལ་ཇེ་ཉུང་དུ་གཏོང་ཆེད། ཨ་རྨོག་སྡེ་བས་གད་སྙིགས་བར་སྐོར་ས་ཚིགས་བཙུགས་ཤིང་། ཆུ་ལམ་གཙང་སྦྲའི་རུ་ཁག་སྒྲིག་འཛུགས་བྱས་ཡོད་ལ། དུས་ངེས་གཏན་གྱི་ནང་ཆུ་ལམ་དང་འགྲམ་གཉིས་ཀྱི་གད་སྙིགས་དང་མི་གཙང་བ་དག་ལེན་བཞིན་ཡོད། དུས་མཚུངས་སུ། སྡེ་བའི་ནང་དུ་ད་དུང་ཚེ་རིང་དོན་གྲུབ་ཀྱིས་ཚན་ཆུང་གི་འགན་ཁུར་བའི་ཆུ་ལམ་ཁོར་ཡུག་ལྟ་སྐུལ་པའི་རུ་ཁག་བཙུགས་ཡོད་ལ།ཟླ་རེར་དུས་ངེས་ཅན་གྱི་ནང་ཆུ་ལམ་གཙང་སྦྲ་བདག་སྐྱོང་གི་གནས་ཚུལ་ལ་ལྟ་ཞིབ་དང་། གནད་དོན་མཐོང་ཚེ་དུས་ལྟར་དག་ཐེར་བཅོས་སྐྱོང་བྱེད་བཞིན་འདུག

ཚེ་རིང་དོན་གྲུབ་དང་སྡེ་བའི་ཨུ་ཡོན་ལྷན་ཁང་གཉིས། སྡེ་དམངས་ཐུན་མོང་གི་འབད་བརྩོན་བཅས་བརྒྱུད་དེ། ད་ལྟ་ཨ་རྨོག་སྡེ་བའི་ཆུའི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། སྔོན་གྱི་ཉོག་རྫོབ་ལྟ་བས་མི་བཟོད་པའི་ཆུ་ལམ་དེ་ནི་ད་ལྟ་སླར་ཡང་ལང་ཚོ་ངོམ་སྟེ། མཛེས་སྡུག་ལྡན་པའི་རྨ་ཁུག་རྩྭ་ཐང་དུ་ལྷུང་ལྷུང་ངང་བཞུར་བཞིན་ཡོད།

རྩེ་ཆུའི་འགྲམ་རྒྱུད་དུ་གནས་སྟབས། ཆུ་ལོག་རྒྱུག་ཐེངས་རེ་ལ། ཨ་རྨོག་སྡེ་བའི་གཞུང་ལམ་ཆུས་ཁུར་འགྲོ་ལ།ཐ་ན་ཆུ་ལམ་གཞན་དུ་བསྒྱུར་བའང་ཡོད།མ་གཞི་ཆུ་བོའི་སྨད་རྒྱུད་དུ་ཡོད་པའི་རྩྭ་ས་ནི་ཆུ་ལོག་གི་གནོད་སྐྱོན་འོག་ཆུ་ལམ་འགྱུར་ཏེ། ཨ་རྨོག་སྡེ་བའི་སྡེ་དམངས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས།ཉིན་འདི་དག་ལ་ཚེ་རིང་དོན་འགྲུབ་དེའི་ཆེད་དུ་འདུར་རྒྱུག་བྱེད་བཞིན་ཡོད། “དོན་འདི་ནི་ཚང་མའི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་འབྲེལ་བས།ང་ཚོས་ཆུ་ལོག་འགོག་རགས་བཟོ་སྐྲུན་ལ་བགྲོ་གླེང་མང་པོ་བྱས་ཤིང་། མིག་སྔར་བལྟས་ན། བཟོ་སྐྲུན་འདི་ནི་མྱུར་དུ་དངོས་འབེབས་བྱ་ཐུབ།”

ལོ་མང་པོའི་ཆུ་སྐྱོང་བཟོ་འགོད་བྱ་བའི་ཁྲོད། ཚེ་རིང་དོན་གྲུབ་ཀྱིས་ཡུལ་མི་སྤུན་ཟླ་རྣམས་དང་འབྲེལ་གཏུག་བྱེད་པར་དཀའ་ངལ་ཅི་ཡང་མེད་པའི་རྩལ་ནུས་སྦྱོང་བརྡར་བྱས་པར་མ་ཟད། ཨ་རྨོག་གི་ས་ཐོག་ཏུ་བཞུར་བཞིན་པའི་རྩེ་ཆུའི་བཞུར་ཁོངས་ཀྱི་ཆུ་བཅོས་སྐྱོང་གི་བྱ་བར་ཕུལ་དུ་བྱུང་བའི་རུ་ཁག་ཅིག་ཁྲིད་ནས་སླེབས་བྱུང་། “འབྲོག་པ་མང་ཚོགས་ལ་འབྲེལ་གཏུག་བྱེད་དགོས་ན། སྡེ་དམངས་སྤྱི་ཆིངས་དང་ལམ་ལུགས་ལས་གཞན། དེ་བས་ཀྱང་གལ་ཆེ་བ་ནི་རང་དཔེ་གཞན་སྟོན་སྒོས་ཧུར་ཐག་བྱེད་དགོས་པ་དེ་ཡིན། ཚང་མས་བསམ་ཚུལ་བརྗེ་རེས་མང་པོ་བྱས་ན། ཆུ་ལག་བཅོས་སྐྱོང་ད་གཟོད་བདེ་བླག་ངང་འགྲུབ་ཐུབ། བུ་རབས་ཚ་རྒྱུད་ཀྱི་ཆེད་དུ། ང་ཚོས་ངེས་པར་གནས་འདིའི་གནམ་སྔོན་པོ་དང་ཆུ་དྭངས་མོ་སྲུང་སྐྱོབ་བཟང་པོ་བྱ་དགོས”ཞེས་ཚེ་རིང་དོན་གྲུབ་ཀྱིས་དེ་ལྟར་བཤད།

                                                                                                     རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།