གཟོང་དང་ཐོ་བ་ལས་བྱུང་བའི་ཕྱུག་འགྱུར་གྱི་དབྱངས་རྟ་སྙན་མོ།
2019.09.19 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 36

དབྱར་ཟླ་དྲུག་པའི་རྩྭ་ཐང་ནི་གཡུ་ཞུན་གྱི་ཁུ་བས་ལན་བརྒྱར་བྱུགས་པ་ལྟར་ལྗང་མདོག་གི་གོས་ལྗང་ཀླུབས་ཤིང་། མིང་མི་ཐོགས་པའི་དྲི་ཞིམ་མེ་ཏོག་དག་ཀྱང་ཚོམ་བུ་དང་ཚོམ་བུ་བྱས་ཏེ་སྡུག་གུར་བཞད་ཡོད་སྟབས། ཕྱོགས་གང་སར་བལྟས་ཀྱང་མིག་གི་མཐོང་ཡུལ་དུ་གྱུར་པའི་རྩྭ་ཐང་གི་ཡུལ་ལྗོངས་ནི་མཛེས་ཤིང་ཉམས་དགའ་བ་ལྟར་སྣང་ལ། རྩྭ་ཐང་གི་ཕྲ་དང་རྒྱན་དུ་གྱུར་པའི་རྟ་ནོར་ལུག་གསུམ་གྱི་ཁྱུ་ནི་ཐར་ཐོར་དང་བག་ཡངས་སུ་ཅི་དགར་རྒྱུ་བཞིན་ཡོད་པས། འདི་དག་ཡོད་ཚད་ཁོ་མོའི་མིག་གི་མཐོང་ཡུལ་དུ་གྱུར་པའི་སྐབས་དེ་ཉིད་ཙ་ན། དངོས་གནས་སྨྲ་མི་ཤེས་པའི་ཚོར་བ་ཉམས་དགའ་བ་ཞིག་རང་དབང་མེད་པར་སྟེར་འོངས།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་གི་རིག་གནས་སྒྱུ་རྩལ་གྱི་མིང་བྱང་ལྟ་བུར་གྱུར་པའི་ཧོར་རྡོ་བརྐོས་སྒྱུ་རྩལ་ནི་ཉིས་སྟོང་བརྒྱད་ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་དང་། ཧོར་གཏེར་སྟོན་ཆོས་སྒར་དང་ཧོར་བཀའ་བསྟན་རྡོ་རྩིག་ནི་ཉིས་སྟོང་བཅུ་གསུམ་ལོར་རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཁག་གི་གྲས་སུ་ཚུད་ཅིང་། ལག་ཤེས་པ་མགོན་པོ་ཚེ་བརྟན་ལ་རྒྱལ་ཁབ་རིམ་པའི་རྡོ་བརྐོས་རྒྱུན་འཛིན་མཁན་གྱི་སློབ་དཔོན་ཆེན་མོའི་མཚན་སྙན་ཐོབ་པའི་གནས་ཚུལ་རྒྱུས་ལོན་ཞིབ་མོ་ཞིག་བྱེད་ཆེད། ང་ཚོ་གསར་འགོད་ཚན་ཆུང་ཧོར་གཏེར་སྟོན་ཆོས་སྒར་གྱི་ཕྱོགས་སུ་ཤར་མར་སོང་བ་ཡིན་ལ། ཡིད་ཕངས་པ་ཞིག་ལ་མགོན་པོ་ཚེ་བརྟན་ལགས་ལོ་ན་བགྲེས་པའི་ཁར་ལུས་ལ་སྙུང་གཞི་ཕོག་ཡོད་སྟབས། ང་ཚོར་ཁོང་ལ་བཅར་འདྲི་བྱེད་པའི་སྐལ་བ་མ་ལྡན་མོད། འོན་ཀྱང་ཁོང་དང་ཁྱིམ་ཚང་གཅིག་ལས་མཆེད་པའི་ཚ་བོའམ་ཁོང་གི་དངོས་སློབ་ཏུ་གྱུར་པ། ད་ལྟ་རྩེ་ཁོག་རྫོང་གི་རྡོ་བརྐོས་ལག་ཤེས་ཐད་བྱས་རྗེས་བཞག་དང་འཇོག་བཞིན་པའི་དཔེ་མཚོན་མི་སྣ་འཇིགས་མེད་བསྟན་འཕེལ་ལགས་ལ་བཅར་འདྲི་བྱས་པ་ཡི

འཇིགས་མེད་བསྟན་འཕེལ་གྱིས“ཧོར་གྱི་རྡོ་བརྐོས་སྒྱུ་རྩལ་འདི་ལ་ད་ལྟའི་འབྲས་བུ་ངོ་མཚར་བ་འདི་འདྲ་ཞིག་འཇོག་མཁན་ནི་ཨ་ཁུ་མགོན་པོ་ཚེ་བརྟན་ལགས་ཡིན་ལ། ཁོས་རང་གི་མི་ཚེ་གང་བོ་རྡོ་བརྐོས་ལག་ཤེས་ཀྱི་ཐད་ལ་བསྟིམས་པ་ཡུལ་འདིའི་མི་ཚང་མས་ཤེས། ངས་ཀྱང་རང་ནུས་ཅི་ལྕོགས་སྒོས་འདིའི་ཐད་འབད་པ་བྱེད་བཞིན་ཡོད”ཟེར།

དང་ཐོག་རྡོ་བརྐོས་ནི་དགོན་པར་དར་བ་དང་། རིམ་གྱིས་དགོན་མཐའ་རུ་ཡོད་པའི་གཏེར་སྟོན་ནག་སྒར་དུ་དར། གཏེར་སྟོན་ནག་སྒར་ནི་སྔ་མོའི་དུས་སུ་ཕྱོགས་སོ་སོ་ནས་ཐོན་པའི་མི་རྣམས་གཅིག་ཏུ་འདུས་ནས་གྲུབ་པའི་སྡེ་བ་ཞིག་ཡིན་ལ། དེ་ནི་ད་ལྟའི་ཧོར་སྡེ་བ་ཟེར་བ་དེ་ཡིན།སྐབས་དེར། རྡོ་བརྐོས་ཀྱིས་དགོན་མཐའ་རུ་སྡོད་པའི་སྡེ་བའི་ནད་པ་དང་འཚོ་བའི་ཆ་རྐྱེན་ཞན་པའི་དབུལ་པོ་དག་གི་འཚོ་རྟེན་ཐག་གཅོད་པར་ནུས་པ་མི་དམན་པ་ཐོན།“གཏེར་སྟོན་སྒར་འདི་ནི་སྔོན་ཆད་དབུལ་བོ་ཚོགས་ས་ཞིག་ཡིན་པས། མ་གཞི་ནས་དབུལ་བོ་ཡིན་སྟབས་འགྲུལ་བ་སླེབས་ཀྱང་ལྡུད་རྒྱུ་ཅི་ཡང་མེད་པས‘མྱི་ལྟོགས་པ་གཏེར་སྟོན་སྒར་ལ་མ་འགྲོ’ཞེས་པའི་ཟེར་སྲོལ་འདི་བྱུང་བ་ཡིན”ཟེར། རྡོ་བརྐོས་ལག་ཤེས་འདི་གཏེར་སྟོན་སྒར་ལ་དར་ཁྱབ་བྱུང་བ་ནས་བཟུང་རིམ་གྱིས་རྡོ་བརྐོས་ནི་དགོན་མཐའ་རུ་ཡོད་པའི་སྡེ་བའི་མང་ཚོགས་ཀྱི་འཚོ་རྟེན་དུ་གྱུར་ཏེ། ད་ལྟ་ལག་ཤེས་འདིས་ཁོ་ཚོའི་འཚོ་བའི་དགོས་མཁོ་བསྐོང་ཐུབ་ཀྱིན་ཡོད་པར་མ་ཟད། ཐ་ན་ཕྱུག་འགྱུར་གྱི་ལམ་དུ་འགྲོ་བའི་ལག་རྩལ་གལ་ཆེན་ཞིག་ཏུའང་གྱུར་འདུག

རྡོ་བརྐོས་ཀྱི་ལག་རྩལ་ལ་བརྟེན་ནས་ཧོར་སྡེ་བ་ཧྲིལ་བོ་དབུལ་ཐར་བྱས་པ།

ཧོར་སྡེ་བའི་སྡེ་དཔོན་གུ་རུ་རྡོ་རྗེས་ང་ཚོར་བཤད་རྒྱུར།“སྡེ་བ་འདིར་ཁྱིམ་ཚང་ཉིས་བརྒྱ་དང་རེ་བདུན་དང་མི་གྲངས་དགུ་བརྒྱ་དང་རེ་གཅིག་ཡོད་ལ།དུས་རྒྱུན་དུ་རྡོ་རྐོ་མཁན་ཉིས་བརྒྱ་དང་རེ་བཞི་ཡོད། དེའི་ཁྲོད་དུ་རྒྱུན་འཛིན་མཁན་ནི་རྒྱལ་ཁབ་རིམ་པའི་གཅིག་དང་། ཞིང་ཆེན་རིམ་པའི་གཉིས། ཁུལ་རིམ་པའི་དྲུག རྫོང་རིམ་པའི་ཉེར་གཅིག་བཅས་ཡོད། ཕལ་ཆེར་ལོ་བཅོ་ལྔའི་ཡན་གྱི་མི་ཚང་མས་རྡོ་རྐོ་ཤེས་ཞེས་ཁ་ཚོན་བཅད་ཆོག སྡེ་བ་འདི་ན་ཚོང་ལས་དང་ཕྱུགས་ལས་གཉེར་མཁན་ཤིན་ཏུ་ཉུང་བས། གཙོ་བོ་རྡོ་བརྐོས་འདི་ལ་བརྟེན་ནས་དཔལ་འབྱོར་གྱི་ཡོང་འབབ་འཚོལ་བཞིན་ཡོད། ད་ལྟ་དབྱར་ཁ་སླེབས་པས་སྡེ་མི་མང་ཆེ་བ་ཞོར་ལས་སུ་སོང་བ་མ་གཏོགས། གལ་ཏེ་ཁྱེད་ཚོ་དགུན་དུས་སྡེ་བ་འདིར་ཐོན་ཚེ། སྡེ་བའི་སྲང་ལམ་ཀུན་ནས་ཀྱང་ཁྱིམ་ཚང་སོ་སོས་རྡོ་རྐོ་བཞིན་པའི་སྒྲ་ཐོས་ཐུབ་པར་མ་ཟད། ཁྱེད་རང་སྡེ་བ་འདིའི་ཁྱིམ་ཚང་ག་གེ་མོར་མགྲོན་པོར་སོང་ཚེ། སྒྲ་དེས་འགྲུལ་བ་མུ་མཐུད་དུ་ཁྱིམ་ཚང་དེ་གར་སྡོད་མི་ཚུགས་པའི་སྣང་བ་བཟོ་སྲིད”ཟེར།

ཧོར་སྡེ་བའི་མཉམ་ལས་ཁང་གིས་ཚོང་ཟོག་མངག་ཐོ་གཅིག་གྱུར་གྱིས་བཀྲམ་རྗེས་ཐོན་རྫས་གཅིག་གྱུར་སྒོས་ཕྱིར་འཚོང་བྱས་ཏེ། ལོ་མཇུག་ཏུ་བགོ་བཤའ་རྒྱག་བཞིན་ཡོད། ཤོག་ལྡེབ་རེ་ལ་སྒོར་སོ་ལྔ་རེ་སྟེར་བཞིན་ཡོད་ཅིང་ཡོད་ཚད་རང་གི་འབད་བརྩོན་ལ་རག་ལས་པས། ཁྱིམ་ཚང་ལ་ལས་ལོ་གཅིག་གི་ནང་དུ་སྒོར་ཁྲི་གཉིས་ལྷག་ལོན་ཐུབ།

ང་ཚོ་ཧོར་སྡེ་བའི་རྡོ་བརྐོས་བཤམས་སྟོན་ཁང་དུ་སོང་བ་ན། ཐོན་རྫས་མང་པོ་ཞིག་ཐོག་རིམ་དང་འོག་རིམ་བྱས་ཏེ་བཤམས་འདུག དེ་དག་གི་ཁྲོད་ན་རྡོ་བརྐོས་ཀྱི་གླེགས་བམ་དང་། ལྷ་སྐུ། སྲོག་ཆགས། འཚོ་བའི་མཁོ་ཆས་སོགས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པར་མ་ཟད། རྐོ་ལུགས་ལའང་ལེབ་བརྐོས་དང་འབུར་བརྐོས། གཤོང་བརྐོས་སོགས་རིགས་མི་འདྲ་བ་མང་པོ་འདུག སྔོན་དང་བསྡུར་ན། རྡོ་བརྐོས་ལ་འགྱུར་ལྡོག་འདི་འདྲ་བྱུང་ཡོད་པ་སྟེ། དང་པོ། ཡོང་སྒོའི་ཐད་ནས་སྔོན་ཆད་རྡོ་བརྐོས་ཀྱི་ཡོན་ལ་སྒོ་ཟོག་སྟེར་བ་ནས་ད་ལྟ་དམངས་སྒོར་སྟེར་བཞིན་ཡོད་པ། གཉིས་པ། ཚོང་ལམ་གྱི་ཐད་ནས་སྔོན་ཆད་ཁྱིམ་ཚང་དང་དགོན་པར་ཕྱོགས་པ་ནས། ད་ལྟ་ཚོང་ར་ཆེན་མོར་ཁ་ཕྱོགས་ཀྱིན་ཡོད་པ། གསུམ་པ། ལག་ཆའི་ཐད་ནས་སྔོན་ཆད་ཀྱི་གཟོང་དང་ཐོ་བ་སྤྱོད་པ་ནས་ད་ལྟ་འཕྲུལ་ཆས་ཀྱང་སྤྱོད་བཞིན་ཡོད་པ། བཞི་བ། ནང་དོན་གྱི་ཐད་ནས་སྔོན་ཆད་ཆོས་དཔེ་དང་ལྷ་སྐུ་རྐྱང་བ་ནས་ད་ལྟ་རི་མོ་དང་སྲོག་ཆགས་སོགས་ཡུལ་སྐོར་ཐོན་རྫས་ཀྱང་སྣ་མང་རྐོ་བཞིན་ཡོད།“འདིར་བཤམས་པའི་རྡོ་བརྐོས་ཚང་མ་ང་ཚོའི་སྡེ་བའི་སྡེ་མིས་བརྐོས་པ་ཡིན། ཁ་ཅིག་ནི་ལག་བརྐོས་དང་ཁ་ཅིག་ནི་འཕྲུལ་ཆས་ཀྱིས་བརྐོས་པ་རེད”ཅེས་ཟེར་ཞོར། ཧོར་སྡེ་བའི་སྡེ་དཔོན་གུ་རུ་རྡོ་རྗེས་མཛུབ་མོས་རེ་རེ་བཞིན་ང་ཚོར་བསྟན་བྱུང་། གསར་འགོད་པས་ལག་བརྐོས་དང་འཕྲུལ་བརྐོས་གཉིས་ཀ་སྤྱོད་པའི་ཐད་ནས་མང་ཚོགས་ལ་ལྟ་ཚུལ་ག་འདྲ་འདུག་ཅེས་དྲིས་པ་ན། ཁོས་བཤད་རྒྱུར།“སྤྱིར་བཤད་ན་ལག་བརྐོས་ཐོན་རྫས་ཀྱི་སྟེང་དུ་མིའི་བརྩེ་བ་དང་། མིས་དུས་ཚོད་མང་པོ་ཞིག་སྤྱད་ཡོད་སྟབས། དགེ་རྒན་གཅིག་གི་སློབ་བུ་ཡིན་ཡང་མི་རེ་རེའི་ཡིག་གཟུགས་ལ་ཡག་བཙོག་ཡོད་པ་ནང་བཞིན་ལག་བརྐོས་ཐོན་རྫས་ལའང་ཡག་བཙོག་ཡོད་མོད། འཕྲུལ་བརྐོས་ཐོན་རྫས་ལས་རིག་གནས་ཀྱི་རིན་ཐང་ཆེ་ཞིང་ཉར་ཚགས་ཀྱི་རིན་ཐང་དེ་བས་ལྡན། འོན་ཀྱང་ཡུལ་སྐོར་བ་ཚོ་ས་འདིར་ཐོན་དུས་དེ་ཚོ་ལའང་སྟོན་རྒྱུ་ཞིག་དགོས་སྙམ་པ་དང་། རྡོ་བརྐོས་ཀུང་སི་མང་པོ་ཡོད་པ་དེ་དག་གི་རྗེས་ཆོད་ཆེད་འཕྲུལ་བརྐོས་ལག་ལེན་བྱས་པ་ཡིན”ཟེར། སྡེ་མིའི་ཡོང་འབབ་ཀྱི་སྐོར་དྲིས་པ་ན། ཁོས་བཤད་རྒྱུར། “2006ལོར་ཧོར་སྡེ་བ་གནས་འདིར་སྤར་བ་ཡིན། སྲིད་གཞུང་གིས་ཐོག་མར་གནས་སྤར་བའི་ཁང་པ་བརྒྱ་ཡོད་པ་དེ་དག་ལ་གཙང་གསུམ་འབྱུང་ཡུལ་གྱི་ཁ་གསབ་མ་དངུལ་སྟེར་བཞིན་ཡོད་དེ། ལོ་བཅུ་དྲུག་གི་མན་དང་ལོ་ང་ལྔ་ཡི་ཡན་ལ་མི་རེར་ལོ་རེར་སྒོར་སྟོང་དྲུག་དང་ཉིས་བརྒྱ་ཡོད་པ་རེད། ད་ལྟ་ད་དུང་ཡང་སྟེར་བཞིན་ཡོད་པར་མ་ཟད། རྡོ་སོལ་ཉོ་བྱེད་དུ་ཁྱིམ་རེར་ལོ་རེར་སྒོར་སྟོང་གཉིས་སྟེར་བཞིན་ཡོད་ལ། དེ་ལས་གཞན་ད་ལྟའི་དབུལ་སྐྱོར་དང་རྩྭ་སྲུང་བཅས་ཀྱི་མ་དངུལ་སྣ་མང་སྟེར་བཞིན་ཡོད་སྟབས། བལྟས་ཚོད་ཀྱིས་རྡོ་རྐོ་མཁན་ཇེ་ཉུང་དུ་སོང་ཡོད་པ་འདྲ་མོད། འོན་ཀྱང་རྡོ་རྐོ་ནི་སྔར་བཞིན་ཧོར་སྡེ་བའི་འཚོ་རྟེན་གཙོ་བོ་ཡིན་ལ། ད་ལོའི་ཟླ་དགུ་པར་ཧོར་སྡེ་བའི་ཁྱིམ་ཚང་བརྒྱ་ཆའི་བརྒྱ་དབུལ་ཕོངས་ལས་ཐར་ཐུབ”ཟེར།

སྲིད་གཞུང་གིས་རྡོ་བརྐོས་སྒྱུ་རྩལ་ནི་ས་གནས་ཀྱི་ཚོང་རྟགས་མིང་གྲགས་སུ་བསྐྲུན་རྩིས་ཡོད་པ།

རྩེ་ཁོག་རྫོང་རིག་གནས་དཔེ་མཛོད་ཁང་གི་མགོ་གཙོ་མཁར་ལོ་རྒྱལ་གྱིས་བཤད་རྒྱུར། “རྨ་ལྷོ་ཁུལ་ལ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་དྲུག་ཡོད་པའི་གྲས་ཀྱི་གཅིག་ནི་རྩེ་ཁོག་རྫོང་ཧོར་རྡོ་བརྐོས་སྒྱུ་རྩལ་འདི་རེད། ཧོར་སྡེ་བར་མཚོན་ན་སྡེ་བ་ཧྲིལ་བོས་རྡོ་བརྐོས་རིག་གནས་སྒྱུ་རྩལ་གྱི་ཐོན་ལས་འདི་གཉེར་ནས་ཡོང་སྒོ་གཙོ་བོ་འདི་ལ་བརྟེན་བཞིན་ཡོད”ད་ལྟ་རྩེ་ཁོག་རྫོང་དུ་རྡོ་བརྐོས་ཀུང་སི་བཅུ་བདུན་ཡོད་པ་དང་། ད་ལོར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་ནས་ཧོར་རྡོ་བརྐོས་སྒྱུ་རྩལ་གྱི་སློབ་དེབ་ཅིག་ཀྱང་བསྒྲིགས་ལ། རྡོ་བརྐོས་ཀྱི་ཟབ་སྦྱོང་འཛིན་གྲྭ་ཡང་ཐེངས་གཉིས་ལ་བསྡུས་མྱོང་། ད་ལོའི་ཟླ་བརྒྱད་པའི་ཚེས་ཉི་ཤུ་ཉིན། པེ་ཅིན་གྲོང་ཁྱེར་གྱི་པར་སྐྲུན་སྡེ་ཚོགས་ཀྱིས་ཁོ་ཚོར་རོགས་རམ་བྱས་ཏེ། ཧོར་རྡོ་བརྐོས་ཀྱི་ཐོན་རྫས་ཉི་ཤུ་ལྷག་ས་དེར་སྡུད་བཞིན་པའི་རྒྱལ་སྤྱིའི་ཚོང་རར་འགྲེམ་རྩིས་ཡོད།“མང་ཚོགས་ལ་མཚོན་ན་རྡོ་ཁོ་ན་རྐོ་བ་ལས་རི་མོའི་རྨང་གཞི་ཤིན་ཏུ་ཞན་སྟབས། གཏིང་ཟབ་མོ་ཞིག་དང་གང་དྲན་ལག་ལེན་བྱ་རྒྱུ་དཀའ་མོ་ཡིན་པར་དམིགས་ཏེ། རྩེ་ཁོག་རྫོང་རིག་གནས་དཔེ་མཛོད་ཁང་གིས་ད་ལོའི་ཟླ་བཅུ་པའི་ཡས་མས་སུ་དགེ་རྒན་གཉིས་གདན་འདྲེན་ཞུས་ཏེ་རྩེ་ཁོག་རྫོང་དུ་རྡོ་བརྐོས་ཀྱི་གསོ་སྦྱོང་འཛིན་གྲྭ་བསྒྲུབ་རྩིས་ཡོད”ཟེར། 
                                                                                                                                    རྩོམ་སྒྲིག་པ།  སྐར་མ་མཚོ།