མིན་ཡོན་རྫོང་གི་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པ།
2019.09.23 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 20

“ཀྲུང་གོའི་ཆེས་མཛེས་པའི་ལོག་གར་མེ་ཏོག་གི་ཞིང་ཁམས”ནས“རྒྱལ་ཡོངས་ཀྱི་སྤྲོ་གསེང་ཞིང་ལས་དང་ཞིང་སྡེའི་ཡུལ་སྐོར་དཔེ་སྟོན་རྫོང”སྟེ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་ནི་མཚོ་བོད་མཐོ་སྒང་ཤར་ཕྱོགས་ཀྱི་ཡུལ་སྐོར་བྱ་ཡུལ་གཙོ་བོར་གྱུར་ཡོད། ཡུལ་སྐོར་གྱི་ཁོར་ཡུག་བཟང་ལ་འགུག་ཤུགས་དྲག་པོ་ལྡན་པས། མིན་ཡོན་རྫོང་གི་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་ཡུལ་སྐོར་གྱི་མིང་གྲགས་ཚད་དང་ཤུགས་རྐྱེན་ཐེབས་ཚད་རིམ་བཞིན་འཕེལ་བ་དང་། ཡུལ་ཁོངས་ཡོངས་ཀྱི་ཡུལ་སྐོར་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་དང་སྐྱོད་མུས་སུ་ཡོད།

མདོ་ལ་རྩྭ་ཐང་ནས་གངས་དཀར་རི་བོ་དང་། དབུས་རྒྱུད་ཀྱི་ལོག་གར་མེ་ཏོག་གི་ཞིང་ཁམས་ནས་ཤར་རྒྱུད་ཀྱི་སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ད་རུང་འཇུ་ལག་གནའ་མཁར་ནས་ཡུང་ཨན་གནའ་མཁར། གངས་ལུང་བྲག་ཕུག་སོགས་གནའ་བོའི་རིག་གནས་ཀྱི་རྗེས་ཤུལ་མང་པོ་ཡོད་པས། ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་མི་རིགས་རིག་གནས་ཀྱི་ལེགས་ཆ་ལྡན་ལ། དེས་མིན་ཡོན་རྫོང་གི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་ཐུན་མོང་མ་ཡིན་པའི་ཆ་རྐྱེན་བསྐྲུན་ཡོད།

ཡུལ་སྐོར་པ་རྣམས་མིན་ཡོན་རྫོང་གི་མེ་འཁོར་ས་ཚིགས་ནས་ཕྱིར་བུད་རྗེས། ཡུལ་དེའི་གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་རྣམས་ཀྱིས་ཡུལ་སྐོར་ལྗོངས་ཁུལ་སོ་སོར་འཁྲིད་འགྲོ་བ་དང་། མི་མི་ཉུང་བ་ཞིག་གིས་མིན་ཡོན་དུ་ཡུལ་སྐོར་བྱེད་པའི་མགོ་དེ་ལྟར་རྩོམ་བཞིན་ཡོད། “མི་འགྲོ་སར་རླངས་འཁོར་ཡང་བསྐྱོད་ཐུབ་པ”ཡི་འགྲིམ་འགྲུལ་གྱིས་མིན་ཡོན་གྱི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་གོ་སྐབས་མི་ཉུང་བ་ཞིག་བསྩལ། མགྱོགས་འཁོར་ཡོད་པ་དང་བསྟུན་ནས། རྒྱལ་ལམ569པའི་སྟེང་གི་མན་ཏེ་ལ་ནས་ཏ་ཐུན་གཞུང་ལམ་བར་གྱི(ཁུ་ཐུའུ་ནས་ཏ་ཐུན་བར)མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ0611པའི་ཀན་སུའུ་ཀྲང་ཡེ་ནས་ཝུན་ཁྲོན(པེན་ཏུའུ་ཁོའུ་ནས་མིན་ཡོན་བར)བར་གྱི་གཞུང་ལམ་ལས་བཞིན་ཡོད་པ་དང་། ཆིན་ཁོ་གཞུང་ལམ་དང་ཐིའེ་མ་གཞུང་ལམ་ལས་ཚར་བས། མིན་ཡོན་རྫོང་གི་ཞང་དང་གྲོང་རྡལ་བཅུ་གཉིས་དང་སྲིད་འཛིན་སྡེ་བ་བརྒྱ་དང་དགུ་པོ་ཚང་མར་ཕལ་ཆེར་གཞུང་ལམ་ཐོན་ཡོད། དེས་ཡུལ་སྐོར་པ་རྣམས་ཡུལ་སྐོར་དུ་བསྐྱོད་པར་སྟབས་བདེ་བཟོས་ཡོད་པར་མ་ཟད་ཡུལ་མི་རྣམས་ཀྱིས་ཀྱང་སྟབས་བདེའི་འགྲིམ་འགྲུལ་ལ་བརྟེན་ནས་ཡོང་སྒོ་འཕར་བ་མངོན་འགྱུར་བྱས།

མཛེས་པའི་ཡུལ་གྲོང་གི་ཞིང་པའི་རིག་གནས་སྒྱུ་རྩལ་དུས་ཆེན་དང་རོང་འབྲོག་པའི་གླུ་བ་འགྲན་སྡུར། གཟུགས་འདས་རིག་གནས་ཤུལ་བཞག་གི་མེ་ཧུའུ་ཟློས་གར་གསར་བསྒྲིགས་ཀྱི་ལེ་ཚན་སྐོར་སྐྱོད་འཁྲབ་སྟོན། སེམས་ཉིད་དཔའ་རིས་ཡུལ་གྱི་བོད་གླུ་འདུ་ཚོགས་སོགས་ཀྱི་བྱ་འགུལ་དེ་མིན་ཡོན་རྫོང་གི་ལྗོངས་ཁུལ་སོ་སོ་དང་ཞང་དང་གྲོང་རྡལ་སོ་སོ་ནས་སྤེལ་བས། ཉེ་ལམ། ཡུལ་སྐོར་པ་མི་ཉུང་བ་ཞིག་བཀུགས།“སྲོལ་རྒྱུན་རིག་གནས་གཏིང་ཟབ་ཏུ་སྔོག་འདོན་བྱས་ཏེ་རིག་གནས་བྱ་འགུལ་སྣ་ཚོགས་སྤེལ་བ་དང་། ང་ཚོས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་བྱེད་ཐབས་འདི་བརྒྱུད་ནས། ཡུལ་སྐོར་གྱི་དུས་ཡུན་ཇེ་རིང་དུ་བཏང་བ་དང་མཉམ་དུ། གྲོང་གསེབ་དར་སྤེལ་གྱི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་བཏང”ཞེས་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཝང་ཡན་ཧྲེང་གིས་དེ་ལྟར་བཤད། མིན་ཡོན་རྫོང་གིས་ད་རུང་མཚོ་བྱང་ཁུལ་གྱི་ན་ཏམ་ཚོགས་ཆེན་སྐབས་གཉིས་པ་སོགས་ཀྱི་བྱ་འགུལ་ཆེན་པོ་འགན་སྒྲུབ་བྱས། རིག་གནས་བྱ་འགུལ་འདི་དག་རྒྱུན་མཐུད་ནས་ཟླ་བཅུ་བའི་ནང་ད་གཟོད་མཇུག་རྫོགས་རྒྱུ་རེད།

མིན་ཡོན་ཡུལ་སྐོར་ལ་དང་ཐོག་གི་སྲིད་གཞུང་གིས་གཙོ་ཁྲིད་བྱས་པ་ནས་མིག་སྔར་བར་འཕེལ་རྒྱས་བྱུང་སྟེ། ཚང་མས“ཡུལ་སྐོར་ཟ་མ”རྩོད་པའི་སྣང་ཚུལ་ཆགས་ཤིང་ཡུལ་སྐོར་ལས་རིགས་མགྱོགས་མྱུར་གྱིས་འཕེལ་བར་སྔར་བས་སྐུལ་འདེད་བཏང་། དེའི་ནང་འཕེལ་ཚུལ་ཤུགས་དྲག་པའི་ཞིང་སྡེའི་ཡུལ་སྐོར་ལས་རིགས་མང་པོ་ཡོད་ལ། ན་ནིང་ཞིང་སྡེའི་ཡུལ་སྐོར་གྱིས་སྣེ་ལེན་བྱས་པའི་མི་གྲངས་འབུམ་བརྒྱད་ལྷག་ལ་སླེབས། སྐྱེ་ཁམས་དང་སྤྲོ་གསེང་། ལྟད་མོ་བཅས་གཞི་གཅིག་ཏུ་འདུས་པའི་ཞིང་སྡེའི་ཡུལ་སྐོར་ལས་རིགས་ཤུགས་ཆེན་པོས་འཕེལ་རྒྱས་སུ་བཏང་སྟེ་རང་ཡུལ་གྱི་དཔལ་འབྱོར་འཕེལ་སྟངས་བསྒྱུར་བར་ཡར་སྐུལ་བྱས། སེམས་ཉིད་ཞང་གི་སྡེ་ཆེན་སྡེ་བ་དང་འབྲུ་གུ་ཞང་གི་སྟོན་ཤུལ་སྡེ་བ་སོགས་ཀྱི་ཞིང་སྡེའི་ཡུལ་སྐོར་དཔེ་སྟོན་ས་གནས་ལྔ་གཙོ་བོར་བཟུང་ནས་བསྐྲུན་ཞིང་། དེ་དང་མཉམ་དུ་མགྲོན་ཁང་དང་ཞིང་པའི་སྤྲོ་སྐྱིད་ཁང་གི་འབྲེལ་ཡོད་དོ་དམ་བྱེད་ཐབས་བཏོན་ནས། ཞིང་སྡེའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཆུ་ཚད་དངོས་གནས་ཇེ་མཐོར་བཏང་།

ཤེས་གསལ་ལྟར་ན། ད་ནས་བཟུང་མིན་ཡོན་རྫོང་གིས་ཡུལ་སྐོར་ལ་བརྟེན་པའི་རྫོང་ཧུར་ཐག་གིས་ཇེ་བཟང་དུ་གཏོང་བ་དང་། འཛད་སྤྱོད་རིམ་འཕར་གྱི་སྣང་ཚུལ་དང་བསྟུན་ནས། སྤྲོ་གསེང་ལྟད་མོ་ཞིང་ལས་དང་སྐྱེ་ཁམས་ཕྱུགས་ར་ཉམས་ལེན། གངས་འཁྱགས་ལུས་རྩལ་འགུལ་སྐྱོད། རི་ཁུལ་གྱི་ལྕགས་རྟ་འགྲན་སློང་། བདེ་ཐང་ཁམས་གསོ་རྒན་གསོ། ཞིང་སྡེའི་སྤྲོ་གསེང་དང་གུང་གསེང་སོགས་གཞི་གཅིག་ཏུ་འདུས་པ་གཙོ་བོ་ཡིན་པའི་ཡུལ་ཁོངས་ཡོངས་དང་དུས་ཚིགས་བཞི་པོའི་ཡུལ་སྐོར་འཕེལ་ཚུལ་གྱི་རྣམ་པ་གསར་པ་མགྱོགས་པོར་བསྐྲུན་རྒྱུ་རེད།

རྩོམ་སྒྲིག་པ། ཤ་བོ་རིན་མཚོ།