“གངས་རིའི་སྨན་སྤོས”ཀྱི་དྲི་བསུང་ཡུལ་ལུང་ཀུན་ཏུ་ལྡང་།
2019.09.25 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 41

“གངས་རིའི་སྨན་སྤོས”ནི་ཞུན་ཧྭ་རྫོང་གི་ཤར་རྒྱུད་རྡོ་སྦིས་ཞང་སྤྲེལ་ལུང་སྡེ་བར་ཡོད་པའི་དམངས་གཉེར་ཁེ་ལས་ཆུང་ཆུང་ཞིག་སྟེ། ཞུན་ཧྭ་རྫོང་ནོར་བཟང་ཀུན་འདུས་མི་རིགས་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་ནས་ཐོན་པའི་བོད་སྤོས་ཐོན་རྫས་ཤིག་རེད། ཀུང་སི་དེ་ནི་ཞང་སྲིད་གཞུང་དང་བར་ཐག་ལ་སྤྱི་ལེ་བཞི་ཙམ་ལས་མེད་ལ། ཉིས་སྟོང་བཅུ་གསུམ་ལོའི་ཟླ་གསུམ་པར་སྤྱིའི་མ་དངུལ་སྒོར་ཁྲི་སུམ་བརྒྱ་དང་ཉི་ཤུ་བཏང་ནས་ཐོ་འགོད་བྱས་པ་དང་། བཟོ་གྲྭའི་སྤྱིའི་རྒྱ་ཁྱོན་ལ་མུའུ་ལྔ་དང་ཨར་ལས་ཀྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་སྟོང་གཉིས་ཡོད་ལ། ད་ལྟ་ལས་བཟོ་པ་བཅུ་གསུམ་ཡོད་པ་དང་། ཚང་མ་སྡེ་བ་དེའི་སྡེ་མི་རེད། ལྟ་ཞིབ་པ་སྐལ་བཟང་རྒྱ་མཚོ་ནི་སྡེ་བ་དེར་སྐྱེས་ཤིང་ལོ་ན་བཅུ་གསུམ་སྟེང་སྤྲེལ་ལུང་དགོན་པར་རབ་ཏུ་བྱུང་སྟེ། བོད་ཀྱི་རིག་གནས་མཐའ་དག་ལ་སྦྱངས་པ་ལྷོད་མེད་གནང་མྱོང་། ཀུང་སིའི་ལས་འགན་གཅིག་ལྕོགས་སུ་འཁུར་བའི་ཁྲིམས་ཚབ་པ་ཚེ་འབུམ་རྒྱལ་ནི་ཁོའི་ཕུ་བོ་ཡིན་ཞིང་། ད་ལོ་ལོ་ན་ང་ལྔ་ལ་སོན་ཡོད། དོན་དམ་དུ་ཀུང་སི་དེ་ནི་ཁྱིམ་ཚང་རྣམ་པའི་ཁེ་ལས་ཆུང་ཆུང་ཞིག་རེད་ཅེས་བརྗོད་ནའང་མི་ཆོག་རྒྱུ་མེད།

ངེད་བཅར་འདྲི་ཚན་ཆུང་རྡོ་སྦིས་ཞང་སྲིད་གཞུང་གི་ཞང་ཀྲང་གཞོན་པ་རིན་ཁོའི་འགྲོ་རོགས་འོག་ཟླ་བཞི་པའི་ཚེས་བཅོ་བརྒྱད་ཉིན་ཀུང་སི་དེ་ཡོད་སའི་རྡོ་སྦིས་སྤྲེལ་ལུང་སྡེ་བར་བསྐྱོད་པ་ཡིན་ལ། ལམ་བར་དུ་ཞང་ཀྲང་གཞོན་པ་རིན་ཁོས་ངེད་རྡོ་སྦིས་ས་ཆར་མཚོན་ན་སྤྲེལ་ལུང་དང་ཧོར་གྲོལ་བ། ཧོར་རོན་པོ་བཅས་སྡེ་བ་གསུམ་པོ་ནི་ཡུལ་འདིའི་ས་འཛིན་གྱི་དང་པོ་གཞི་འཛིན་གྱི་ཐོག་མའི་གྲས་ཡིན་པའི་ངག་རྒྱུན་ཡོད་ཅིང་། ཤ་འཆམ་ཞེས་པའི་རྩེད་རིགས་དེ་ཡང་ཡུལ་ལུང་འདིའི་སྡེ་བ་འདི་གསུམ་པོར་མ་གཏོགས་མེད་ལ། དེ་ནི་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ཐུན་མོང་མ་ཡིན་པའི་འཆམ་རྩེད་ཀྱི་རིགས་ཤིག་ཡིན་ཞེས་བརྗོད་པ་ལས་ཀྱང་། སྤྲེལ་ལུང་སྡེ་བ་ནི་རྡོ་སྦིས་ཡུལ་གྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་མཁན་གྱི་སྡེ་བ་ཞིག་ཡིན་པའང་ངང་ངམ་ཤུགས་ཀྱིས་ཤེས་ཡོང་། སྡེ་བ་དེ་ནི་ཞང་སྲིད་གཞུང་དང་ཁད་ཐག་ཉེ་བས་ང་ཚོས་མུ་མཐུད་དུ་ཅི་ཞིག་ཤེས་འདོད་དང་འདྲི་འདོད་ཀྱི་སྒང་ལ་གཞི་ནས་སྡེ་བ་དེར་འབྱོར་བྱུང་། རླངས་འཁོར་ལས་བབས་མ་ཐག་ལས་གྲོགས་ཚོས་གཅིག་རྗེས་གཉིས་མཐུད་ཀྱིས“སྤོས་དྲི་ཞིམ་པོ་ཞིག་ཐུལ་འདུག ”“ཅི་འདྲའི་དྲི་མ་ཞིམ་པོ་ཞིག་ཐུལ་འདུག་ཨང”“དྲི་མ་ངོ་མས་ཞིམ་ཀི”སོགས་ཁ་ནས་དབང་མེད་དུ་ཤོར།

ཀུང་སིའི་ར་སྐོར་ནང་དུ་འཛུལ་བ་ན། ལས་བཟོ་པ་རྣམས་ནི་བྲེལ་འཚུབ་ཀྱིས་ཁེངས་འདུག་སྟེ། ལ་ལས་འཕྲུལ་ཆས་ནང་སྤོས་ལྡུག་བཞིན་ཡོད་པ་དང་། ལ་ལས་སྤོས་བཟོ་འཕྲུལ་ཆས་ནས་ཐོན་པའི་སྤོས་རློན་པ་ཚུར་ལེན་བཞིན་ཡོད་ལ། ལ་ལས་སྤོས་རིང་ཐུང་མེད་པར་གཏུབས་རྗེས་སྤོས་གཞོང་གྲུ་བཞི་མའི་ནང་འཇོག་པ་དང་། ཡང་ལ་ལས་སྤོས་གཞོང་གྲུ་བཞི་མ་རྣམས་གཅིག་ཐོག་གཅིག་བརྩེགས་ཀྱིས་ཉི་མར་ལྡེ་བཞིན་འདུག ཀུང་སིའི་ཁྲིམས་ཚབ་པ་ཚེ་འབུམ་རྒྱལ་འཛུམ་དམུལ་དམུལ་ངང་ཚུར་ཡོང་སྟེ་ང་ཚོར་འཚམས་འདྲི་བྱས་ཤིང་། ཁོ་དང་གླེང་མོལ་བྱེད་སྐབས་ཁོས“ང་ནི་སྔོན་ཆད་བཟོ་པ་ཞིག་ཡིན་ལ། རྗེས་སུ་ཚོང་ཁང་ཆུང་ཆུང་ཞིག་གཉེར་བ་དང་། དར་ལྕོག་དང་མདའ་སྒྲོ་སོགས་རང་གིས་བཟོས་ཏེ་བཙོངས་པ་ཡིན། ཉིས་སྟོང་བཅུ་གསུམ་ལོར། ནུ་བོ་སྐལ་བཟང་བློ་གྲོས་དང་མཉམ་དུ་སྨན་སྤོས་ཀུང་སི་འདི་བཙུགས་ཤིང་། དེར་རྒྱལ་ཁབ་གཞུང་ནས་ཀྱང་མ་དངུལ་སྒོར་ཁྲི་སོ་གཉིས་ཀྱི་དངུལ་བུན་བྱིན་པའི་ཁར། རྫོང་དང་ཞང་སྲིད་གཞུང་ནས་ཀྱང་མཐུན་རྐྱེན་གང་ལེགས་བསྐྲུན་པ་ཡིན”ཟེར། གསར་འགོད་པས“ཁྱེད་ཀྱིས་གྱོན་གོས་འཚེམ་བཟོ་བྱས་མྱོང་བར་མ་ཟད། ད་དུང་དར་ལྕོག་བཟོ་བ་དང་མདའ་སྒྲོ་ལས་པ་སོགས་ཀྱང་ཤེས་པས་དངོས་གནས་ལག་མཁས་ཟེར་བ་རེད། སྤོས་བཟོ་བའི་ལག་རྩལ་འདི་ཡང་ཁྱེད་རང་གིས་སྦྱངས་ནས་ཤེས་པ་ཡིན་ནམ”ཞེས་འདྲི་སྐབས། ཁོའི་གམ་དུ་ཡོད་པའི་ནུ་བོ་སྐལ་བཟང་བློ་གྲོས་ཀྱིས་དེ་འཕྲལ“སྤོས་ནི་ངས་ཕུ་བོར་རོགས་བྱས་ནས་ལས་ཀྱིན་ཡོད། ང་ནི་ཆུང་དུས་ནས་སྤོས་ལ་དགའ་མཁན་ཞིག་ཡིན་ཞིང་། སྤོས་ཀྱི་སྡེབ་སྦྱོར་ལ་སློབ་སྦྱོང་དང་ཞིབ་འཇུག་ཡང་ཡང་བྱས་མྱོང་། ཕུ་བོས་དར་ལྕོག་དང་མདའ་སྒྲོ་སོགས་ཀྱི་ཚོང་གཉེར་བ་གཞི་བྱས། ང་ལའང་བོད་སྤོས་དག་མ་ཞིག་ལས་ཐུབ་ན་གཅིག་ནས་རང་གི་དཔལ་འབྱོར་གྱི་ཡོང་སྒོ་ཇེ་མཐོར་གཏོང་ཐུབ་པ་དང་། གཉིས་ནས་བོད་རང་གི་ལག་རྩལ་ཞིག་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གཏོང་བར་ཡང་ཕན་ངེས་སྙམ་པའི་ཀུན་སློང་ཞིག་གིས་ཀུན་ནས་བསླངས་མུར། ཕུ་བོར་གྲོས་བྱས་ཏེ་ལས་ཀ་འདིའི་མགོ་བརྩམས་པ་ཡིན”ཞེས་དབུགས་ཐེངས་གཅིག་གིས་དེ་ལྟར་ལན་བཏབ་བྱུང་།

 ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་སྤེལ་གཏོང་རྒྱུ་ནི་ང་ཚོ་སུ་ལའང་འབྲེལ་མེད་དོན་གཞན་ཞིག་མ་ཡིན་ཏེ། ཏང་དང་རྒྱལ་ཁབ་ཀྱིས་སྲིད་ཇུས་རབ་དང་རིམ་པ་བཏོན་ནས་ཀྲུང་ཧྭའི་རིག་གནས་སྔོག་འདོན་དང་རྒྱུན་འཛིན་ཐད་འབད་པ་བླ་ལྷག་གནང་བཞིན་པ་མ་ཡིན་ནམ།

དེ་ཡང་ཀུང་སི་བཙུགས་ནས་ལོ་ངོ་དྲུག་གི་རིང་ལ་ཀུང་སིར་ཡང་འགྱུར་ལྡོག་མི་ཉུང་བ་ཞིག་བྱུང་ཡོད་དེ། དང་ཐོག་རང་སྡེ་བའི་ཤ་ཉེ་འཁོར་ནང་སུ་ཁོམ་ན་གླ་ཆ་མེད་པར་ལས་རོགས་ལ་ཡོང་བ་ནས་ད་ལྟ་ལས་བཟོ་པ་བཅུ་གསུམ་གླས་ཡོད་ལ། ཁོ་ཚོ་མི་རེར་དང་ཐོག་ཟླ་རེར་ཟླ་ཕོགས་སྒོར་སྟོང་གཉིས་བྱིན་པ་ནས་ད་ལྟ་སྒོར་སྟོང་གསུམ་དང་དྲུག་བརྒྱ་སྟེར་གྱིན་ཡོད་པར་མ་ཟད། ལས་ཀའི་མང་ཉུང་ལྟར་ཟླ་ཕོགས་ཁ་སྣོན་བྱེད་ཀྱིན་འདུག ཚེ་འབུམ་རྒྱལ་གྱིས་བཤད་པ་ལྟར་ན། ཀུང་སི་བཙུགས་པ་ནས་བཟུང་། སྤོས་ལས་པ་གཙོ་བྱས་དར་ལྕོག་དང་མདའ་སྒྲོ་སོགས་ད་དུང་ཡང་ལས་ཀྱིན་ཡོད་ལ། བཙོངས་ཚད་ཀྱང་ཧ་ཅང་བཟང་། ད་ལྟ། རྡོ་སྦིས་ཞང་ཐོག་ཏུ་ཆེད་འཚོང་ཁང་ཆུང་ཆུང་ཞིག་ཕྱེས་ཡོད་པར་མ་ཟད་རྒྱ་ནག་རི་བོ་རྩེ་ལྔ་རུ་ཚོང་ཁང་ཞིག་ཕྱེས་ཏེ་སྤོས་སོགས་འཚོང་གིན་ཡོད་པ་དང་། ཁོ་ཚང་གི་ཐོན་རྫས་དག་ནི་ཞིང་ཆེན་ནང་ཁུལ་གྱི་ས་ཆ་སོ་སོར་འཚོང་བཞིན་ཡོད་པར་མ་ཟད། ཞིང་ཆེན་ཕྱིའི་པེ་ཅིན་དང་ཐེན་ཅིན་གྲོང་ཁྱེར། ནང་སོག རྒྱ་ནག་རི་བོ་རྩེ་ལྔ། བླ་བྲང་སོགས་ས་ཆར་ཡང་འཚོང་བཞིན་འདུག་ལ། ཡོང་སྒོ་རྐྱང་རྐྱང་ལོ་རེར་སྒོར་ཁྲི་ཉི་ཤུ་ནས་སུམ་བཅུ་ལྷག་ལེན་གྱིན་ཡོད་པ་རེད།

གསར་འགོད་པས་དེ་གར་ལས་ལ་བྲེལ་བཞིན་པའི་ལས་བཟོ་པ་གསང་བདག་སྐྱིད་ལ་བཅར་འདྲི་བྱེད་སྐབས། མོས“སྔོན་ཆད་ཡིན་ན་ཕྱི་ཐོག་ལ་གླ་རྒྱག་ཏུ་འགྲོ་མ་ཐུབ་ཚེ་སྒོར་མོ་སྐར་གང་གི་ཡོང་སྒོ་ལེན་ས་ཡང་མེད། ད་ལྟ་རང་ཁྱིམ་གྱི་སྒོ་ཁ་རུ་ཟླ་རེར་ཟླ་ཕོགས་བླངས་ཆོག་པས། ཁྱིམ་སྲུང་ཐུབ་པར་མ་ཟད་སྒོར་མོ་ཡང་བཙལ་ཐུབ་ཀི”ཞེས་སེམས་གཏིང་ནས་སྐྱིད་པའི་སྐྱིད་མདངས་ཤིག་གདོང་ལ་ཤར་མུར་དེ་ལྟར་བརྗོད་བྱུང་།

རྗེས་ཕྱོགས་ཀྱི་འཆར་གཞི་སྐོར་གླེང་སྐབས། སྐལ་བཟང་བློ་གྲོས་ཀྱིས“བཟོ་གྲྭའི་གཞི་ཁྱོན་ཆུང་བས། ལས་ཀའི་རྒྱ་བསྐྱེད་ཐབས་མེད་པ་དང་། ལས་བཟོ་པ་ཡང་མང་པོ་ཞིག་བསྡུ་ཐབས་མི་འདུག དེ་བཞིན་ཚོང་གི་སྣ་སྒོ་དང་ཐོན་སྐྱེད་ཀྱི་ཕྱོགས་ལའང་ཚད་བཀག་མི་ཉུང་བ་ཞིག་ཐེབས་ཡོད། ད་ལྟ་ཞང་སྲིད་གཞུང་གིས་ང་ཚོར་རོགས་བྱས་ཏེ་བཟོ་གྲྭ་ལས་ས་ཞིག་བཙལ་ཡོད་ཅིང་། ཆ་རྐྱེན་འཛོམས་ན་བཟོ་གྲྭའི་ལས་གནས་ཞང་ཐོག་ལ་སྤར་ཏེ་རྒྱ་བསྐྱེད་རྒྱུ་ཡིན་པ་དང་། དེ་ལྟར་བྱས་ན་གཅིག་ནས་རང་གི་ཡོང་སྒོ་འཕར་ཐུབ་ལ། གཉིས་ནས་རང་ས་ཆའི་ངལ་རྩོལ་པ་སྔར་ལས་མང་པོ་བཟོ་གྲྭར་བསྡུས་ཆོག་པས། དེ་ནི་རང་གི་ཚོད་ཀྱིས་རང་ས་རང་ཡུལ་གྱི་མི་རྣམས་ཕྱུག་པོར་འགྱུར་བར་སྣེ་ཁྲིད་ཀྱི་ནུས་པ་ཙམ་ཐོན་པ་རེད་སྙམ་གྱིན་ཡོད”ཅེས་ཡིད་ཆེས་ཀྱིས་ཁེངས་ཏེ་བཤད།

ཡིད་ཆེས་དང་རེ་བའི་ཀློང་ནས་བཅར་འདྲིའི་མཇུག་རྫོགས་པ་ན། ང་ཚོ་ཡང་སྤོས་དྲི་ཞིམ་པོ་ལྡང་བའི་སྤྲེལ་ལུང་སྡེ་བར་གྱེས་ནས་ཕྱིར་ལོག་པ་ཡིན་ལ། སྣང་བ་ཞིག་ལ་སྤོས་དྲི་ཞིམ་པོ་དེ་ནི་མཁའ་དབུགས་དང་བསྡོངས་ནས་གང་སར་ཁྱབ་ཅིང་། ཉིན་གང་བོར་སྣ་ལམ་ནས་ཡལ་མ་བྱུང་།

དེ་ལྟར། རྡོ་སྦིས་ལུང་ཁོག་གི་དམངས་ཀྱི་འཚོ་བ་ཇེ་སྐྱིད་དང་ཁོ་ར་ཁོར་ཡུག་ཇེ་མཛེས། ཕྱུག་བསྒྱུར་གྱི་བློ་དང་སྤོབས་པ་ཇེ་རྒྱས་ཡིན་པའི་གནས་ཚུལ་རེ་རེ་མིག་གིས་མཐོང་ཞིང་གཏམ་རྒྱུད་རེ་རེ་རྣ་བར་ལྷགས་ཡོང་སྐབས། འདི་དག་ཐམས་ཅད་ནི་རང་རེ་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་བཅུ་འགོར་བར་ཕུལ་བའི་ལེགས་སྐྱེས་ཆེས་ཡག་ཤོས་ཡིན་ལ། འདི་ནི་ཏང་དང་རྒྱལ་ཁབ་ཀྱིས་དམངས་འཚོ་ལེགས་བཅོས་བྱེད་པར་སྲིད་ཇུས་རབས་དང་རིམ་པ་བཏོན་ནས་རྒྱབ་སྐྱོར་བླ་ལྷག་གནང་བའི་འབྲས་བུ་ཅི་ལ་མིན་ཨང་སྙམ་བྱུང་།
                                                                                                                                    རྩོམ་སྒྲིག་པ།  སྐར་མ་མཚོ།