ཚྭ་ཁ་ཚྭ་མཚོའི་ཕྱུག་བསྒྱུར་ཐབས་མཆོག
2019.11.12 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 67

ཚྭ་ཁ་ཚྭ་མཚོ་ནི་མཚོ་སྔོན་ཞིང་ཆེན་གྱི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཝུའུ་ལན་རྫོང་གི་ཚྭ་ཁ་གྲོང་རྡལ་དུ་གནས་ཤིང་མཐོ་ཚད་ལ་མཚོ་ངོས་ལས་ཧ་ལམ་མུས་སྟོང་གསུམ་དང་བརྒྱ་ཡོད། མཚེའུ་ངོས་སུ་ཆགས་པའི་ཚྭ་རོའི་སྟེང་གི་ཚྭ་ཆུའི་ལྡོག་འཕྲོ་དེ་མེ་ལོང་ལྟ་བུར་གྲུབ་སྟེ། ནམ་མཁའི་བཀོད་པ་མཚེའུ་ངོས་སུ་འཆར་བ་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། ཉེ་བའི་ལོ་འགའི་རིང་ལ། པོད་འཕྲིན་དང་སྐད་འཕྲིན་སོགས་ཀྱི་སྒེར་སྤྱོད་སྨྱན་བྱེད་དར་བ་དང་མཉམ་དུ། ཚྭ་ཁ་ཚྭ་མཚོའི་ཐུན་མོང་མ་ཡིན་པའི་རང་བྱུང་ལྗོངས་ཁུལ་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་བགྲང་ལས་འདས་པ་བཀུག་ཅིང་དེའི་སྙན་གྲགས་ཀྱང་རིམ་བཞིན་ཇེ་ཆེར་གྱུར་ཏེ་ཡུལ་གྲུ་ཀུན་ཏུ་ཁྱབ།

“ངའི་སྣང་ངོར་ཚྭ་ཁ་གྲོང་རྡལ་ནི་མི་དང་སྡོང་པོ་ཉུང་ལ་བྱེ་རླུང་ཆེ་ས་ཞིག་ཡིན་པས། ཚྭ་ཁ་ཚྭ་མཚོ་དེ་ཡུལ་སྐོར་གྱི་གནས་མཆོག་ཅིག་ཏུ་འགྱུར་ཐུབ་རྒྱུ་སེམས་ལའང་དྲན་མ་མྱོང”ཞེས་ལིའུ་ཝེ་ཡིས་གསར་འགོད་པར་དེ་ལྟར་བཤད། ལིའུ་ཝེ་ནི་ཝུའུ་ལན་རྫོང་དུ་འཚར་ལོངས་བྱུང་བའི་མན་ཇུ་རིགས་ཀྱི་གསར་རྒོད་ཅིག་ཡིན་ལ། ད་ལྟ་ཕྱིར་ཕ་ཡུལ་དུ་ལོག་སྟེ་ཚྭ་ཁ་ཚྭ་མཚོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་དར་རྒྱས་ལ་བརྟེན་ནས་སེམས་སུ་ཡུན་རིང་དུ་སྦྲུམ་པའི་མགྲོན་ཁང་ཞིག་གི་ཚོང་གཉེར། 2014ལོར། ལིའུ་ཝེ་ཝུའུ་ཧན་ནས་ཕྱིར་ཚྭ་ཁར་ལོག་དུས། ཡུལ་དེ་ནི་ཚྭ་མཚོ་བཟོ་གྲྭ་ཞིག་ཡིན་ལ། ལྗོངས་ཁུལ་དུ་སྒོ་གླ་མི་ལེན་པ་དང་། རླངས་འཁོར་འཇོག་ས་མེད་པར་མ་ཟད་ཡུལ་སྐོར་པ་སྣེ་ལེན་བྱེད་ས་ཞིག་དེ་བས་ཀྱང་མེད། ལྟད་མོར་ལྟ་སའང་ལྕགས་ལམ་རྙིང་པ་དང་ཚྭ་བརྐོས་རིགས་ཀྱི་ལྗོངས་ཁུལ་དེ་མ་གཏོགས་མེད།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། 2012ལོའི་ཡར་སྔོན་དུ། ཚྭ་ཁ་ཚྭ་མཚོ་ནས“ཚྭ་ཁུ”འབོར་ཆེན་སྔོག་འདོན་བྱས་པ་ལས་མིང་དུ་གྲགས་རེད། སྐབས་དེར་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་དལ་ཞིང་གཞི་ཁྱོན་ཅུང་ཆུང་བས་ལོ་དེར་ཡུལ་སྐོར་པ་མི་ཁྲི་ལྔ་དང་སྟོང་བཞི་མ་གཏོགས་སྣེ་ལེན་བྱེད་མ་ཐུབ། 2015ལོར། ལྗོངས་ཁུལ་གསར་སྤེལ་དང་དྲིལ་སྒྲོག་མཚམས་སྦྱོར་བྱས་པ་ལས་ཚྭ་ཁ་ཚྭ་མཚོའི་མཚན་སྙན་སྔར་བས་ཇེ་ཆེར་སོང་ཞིང་ཡུལ་སྐོར་པ་བསྟུད་མར་ཇེ་མང་དུ་སོང་། ཝུའུ་ལན་རྫོང་ཡུལ་སྐོར་ཅུས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། 2018ལོར། ཚྭ་ཁ་གྲོང་རྡལ་ནས་ཡུལ་སྐོར་པ་སྣེ་ལེན་བྱས་ཚད་མི་ས་ཡ་གསུམ་དང་འབུམ་གསུམ་ཁྲི་བདུན་སྟོང་བཞི་ལ་སླེབས་པ་དང་། དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་གཅིག་གྲངས་ཆུང་དགུ་འཕར། ད་ལོའི་ཟླ་དགུ་བའི་བར་དུ། ཚྭ་ཁ་གྲོང་རྡལ་ནས་ཡུལ་སྐོར་པ་མི་ས་ཡ་གསུམ་དང་འབུམ་གཅིག་ཁྲི་བརྒྱ་སྟོང་གསུམ་སྣེ་ལེན་བྱས་པ་དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་གཅིག་གྲངས་ཆུང་ལྔ་དགུ་འཕར་ཡོད།

“ཉིས་སྟོང་དྲུག་ལོར་ཚྭ་ཁ་དར་སོང”ཞེས་ལིའུ་ཝེ་ཡིས་བཤད། ནམ་གུང་དུ་ཚྭ་ཁ་སྲང་ལམ་གྱི་གང་སར་སྡོད་ཁང་འཚོལ་བའི་ཡུལ་སྐོར་པ་མང་པོ་ཡོད་པ་རེད། ཡུལ་སྐོར་ལ་ཡོང་བའི་མི་གྲངས་བསྟུད་མར་ཇེ་མང་དུ་སོང་།“དང་ཐོག་ཚོང་རའི་ཁོར་ཡུག་དང་རྨང་གཞིའི་སྒྲིག་བཀོད་དེ་འདྲའི་འཐུས་ཚང་ཞིག་མིན་ལ། གྲོང་རྡལ་ཡོངས་ཀྱི་མགྲོན་ཁང་མང་ཆེ་བ་ལོ་སུམ་ཅུའི་སྔོན་གྱི་སྡོད་ཁང་རྙིང་པ་མགྲོན་ཁང་དུ་བསྒྱུར་པ་ཡིན་ཞིང་། བསྡོམས་པས་མལ་ཁྲི་སྟོང་གསུམ་ལྷག་མ་གཏོགས་མེད”ཅེས་ལིའུ་ཝེ་ཡིས་དེ་ལྟར་བཤད། ཚྭ་ཁ་ཚྭ་མཚོའི་ཡུལ་སྐོར་གྱིས་རང་ཡུལ་གྱི་སྡོད་དམངས་རྣམས་ལ་ཚོང་ལས་ཀྱི་གོ་སྐབས་གསར་པ་ཞིག་བསྩལ།“སྲང་ལམ་དུ་ཚོང་ཁང་ཡོད་མཁན་ཚང་མས་ཀྱང་མགྲོན་ཁང་ཕྱེ་བར་འདོད”ཟེར། “ངས་ཚང་མ་དང་མི་འདྲ་བའི‘དྲ་ངོས་ཀྱི་མགྲོན་ཁང་གྲགས་ཅན’ཞིག་ཕྱེ་འདོད”ཅེས་ལིའུ་ཝེ་ཡིས་གསར་འགོད་པར་དེ་ལྟར་བཤད། སྐར་ཚོགས་བཀྲ་བའི་ཚྭ་ཁའི་མཚན་ལྗོངས་ནི་མཛེས་ཤིང་ལྟ་ན་སྡུག་པ་ཞིག་རེད། ཁོས“མཚན་མོའི་ནམ་མཁའི་མེ་ལོང”ལ་བརྟེན་ནས“སྐར་ཚོགས་མཐོང་བའི་སྡོད་ཁང”རབ་དང་རིམ་པས་ཡུལ་སྐོར་པ་མི་ཉུང་བ་ཞིག་བཀུག ཁོས་ཚྭ་ཁ་གྲོང་རྡལ་གྱིKTVགཅིག་པུ་ཕྱེ་ནས་ཡུལ་དེའི་སྡོད་དམངས་དང་ཡུལ་སྐོར་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་། 2018ལོར་ཁོའི་གསོལ་མགྲོན་ཁང་གི་ཡོང་སྒོ་སྒོར་མོ་ས་ཡ་གཉིས་ཙམ་ལ་སླེབས།“ཡུལ་སྐོར་པ་ཡུལ་འདིར་ཐོན་ན་པར་ལེན་དུ་འཇུག་པ་དང་སེམས་སྐྱིད་པོར་ངལ་གསོ་རུ་འཇུག་པ་ཁོ་ན་མིན་པར། བྱེད་ཐབས་སྔར་ལས་མང་པོ་བརྒྱུད་དེ་ངའི་ཕ་ཡུལ་སེམས་ལ་འཛིན་དུ་འཇུག་རྒྱུ་དེ་ནི་ངའི་རེ་བ་ཡིན”ཞེས་ལིའུ་ཝེ་ཡིས་བཤད།

ཚྭ་ཁ་གྲོང་རྡལ་དུ་ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ཁྲོད་དུ་ཞུགས་མཁན་ཇེ་མང་ནས་ཇེ་མང་རེད། ཚྭ་ཁ་ཚྭ་མཚོ་ལྗོངས་ཁུལ་གྱི་ཐོན་སྒོའི་ཡུལ་སྐོར་ཚོང་རའི་ནང་དུ། གསར་འགོད་པས་གཅིག་གྱུར་འཆར་འགོད་བྱས་པའི་ཚོང་ཟོང་བཤམས་ཡུལ་བརྒྱ་ལྷག་ཏུ་མཐོ་སྒང་གི་ཐོན་རྫས་དང་ཚྭ་བརྐོས་ལག་རྩལ་ཐོན་རྫས། གོན་པ་དང་རྒྱན་ཆ་སོགས་ཀྱི་ཚོང་རྫས་སྣ་ཚོགས་བཤམས་ཡོད་པ་དང་། དེ་རུ་ཡུལ་སྐོར་པ་འཚང་ཁ་ཤིག་ཤིག་བྱེད་བཞིན་པ་མཐོང་། སྡོམ་རྩིས་བྱས་པ་ལྟར་ན། 2019ལོའི་ཚུན་ལ། ཚྭ་ཁ་རུ་སྒེར་གཉེར་ཚོང་ཁང་ཉིས་བརྒྱ་དང་གྱ་བཞི་ཇེ་མང་དུ་སོང་བ་དང་། ལྗོངས་ཁུལ་སྤྱི་ཁྱབ་ནས་མི་སྟོང་ལྔ་དང་ལྔ་བརྒྱར་སྣེ་ཁྲིད་དེ་ལས་ཀར་ཞུགས་སུ་བཅུག

ལིའུ་དབྱིན་གྱི་ཚོང་ཟོང་བཤམས་ཡུལ་དུ་མཐོ་སྒང་གི་ཁྱད་ལྡན་ཐོན་རྫས་གང་སར་བཤམས་ཡོད་ལ། ཁོ་མོས། ན་ནིང་གི་ཟླ་ལྔ་བ་ནས་ཟླ་བཅུ་བའི་བར་ཧ་ལམ་ཡོང་སྒོ་སྒོར་ཁྲི་གསུམ་ལོན། “སྔོན་ཆད་ངས་ཚྭ་ཁའི་བཟོ་གྲྭ་ནང་ནས་གླ་བརྒྱབ་པ་ཡིན་ལ། ཟླ་རེའི་ཟླ་ཕོགས་སྒོར་མོ་སྟོང་གཉིས་ལས་མེད། ལོ་གཅིག་ལ་བརྩོན་པ་བྱས་རུང་ཡོང་སྒོ་འདི་འདྲ་མང་པོ་ཞིག་མི་ལོན”ཟེར།

གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། ཚྭ་ཁ་གྲོང་རྡལ་དུ“ཐོན་ལས་དང་གྲོང་རྡལ་མཉམ་འདྲེས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། ལྗོངས་ཁུལ་དང་གྲོང་རྡལ་ཕུང་བོ་གཅིག་ཅན”གྱི་འཕེལ་རྒྱས་རིགས་ལམ་འོག་ཏུ། ཚྭ་ཁའི་ཤར་ནུབ་ཀྱི་ལྗོངས་ཁུལ་འདེགས་སྐྱོར་དུ་བརྩི་བ་དང་ཡུལ་སྐོར་པ་སྣེ་ལེན་བྱེད་སའི་ལྟེ་གནས་ཀྱི་སྒྲིག་ཆས་གཙོ་བོ་བྱེད་པ། གྲོང་རྡལ་ཁུལ་གྱི་ཞབས་ཞུ་སྒྲིག་བཀོད་ཆ་ཚང་ཡིན་པའི་ལྗོངས་ཁུལ་ཆེན་མོའི་འཕེལ་སྟངས་འཐུས་ཚང་དུ་གྱུར་ཏེ། གྲོང་རྡལ་ཁུལ་དང་ལྗོངས་ཁུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་། ཝུའུ་ལན་རྫོང་ཡུལ་སྐོར་ཅུས་ཀྱིས་སྡོམ་རྩིས་བྱས་པ་ལྟར་ན། 2018ལོར་ཚྭ་ཁ་གྲོང་རྡལ་གྱིས་ཡུལ་སྐོར་ཡོང་སྒོ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་ས་ཡ་གཉིས་བླངས་པ་དེ་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་ཉེར་བརྒྱད་དང་གྲངས་ཆུང་དྲུག་འཕར།

                                                                                                               རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།