ཁམས་པའི་ཡུལ་སྲོལ་སྲང་ལམ་དེ་ཡུལ་ཤུལ་གྱི་མིང་བྱང་གསར་པར་གྱུར།
2019.11.13 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 72

རྫ་ཆུ་འགྲམ་གྱི་གྲོང་ཚོའི་མཛེས་ལྗོངས།

ནམ་མཁའ་སྔོ་ལ་ཆུ་མོ་དྭངས་བ། བོད་ཀྱི་རིག་གནས་དང་དེ་མིན་ཁྱད་འཕགས་ཀྱི་ཆ་རྐྱེན་འཛོམས་པའི་སྐྱེ་ཁམས་ཐོན་ཁུངས་བཅས་ནི་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་གྱི་མཐོ་སྒང་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བའི་ཁྱད་སྟོབས་རེད།

ཉེ་ལམ། ཡུལ་ཤུལ་ཁུལ་གྱི་ནམ་ཟླ་ཇེ་འཁྱག་ཏུ་སོང་ཡོད་མོད། འོན་ཀྱང་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་ཁམས་པའི་ཡུལ་སྲོལ་སྲང་ལམ་དུ་སྔར་བཞིན་མི་ཚོགས་ཀྱི་འདུ་འཛི་རྒོད། ཕྲེང་བར་བསྟར་བའི་བོད་ཟས་ཁང་དང་རིགས་སྣ་མང་པོའི་ཁྱད་ལྡན་ཟས་རིགས། གནའ་ཉམས་དོད་པའི་སྲང་ལམ་ཆེ་ཆུང་། དེ་མིན་བྱ་ཆུའི་འགྲམ་གཉིས་སུ་ཚོན་མདངས་རྣམ་པར་བཀྲ་བའི་རྩིག་བཟོས་མིག་དབང་འཕྲོག་པར་བྱེད་ལ། མི་རྣམས་ལ་གནའ་བོའི་བོད་མཁར་དུ་ཐོན་པའི་ཚོར་བ་ཞིག་ངང་ངམ་ཤུགས་ཀྱིས་སྟེར།

རྒྱུས་ལོན་པ་ལྟར་ན། ཁམས་པའི་ཡུལ་སྲོལ་སྲང་ལམ་དེའི་རྒྱ་ཁྱོན་ལ་རྨིད་གྲུ་བཞི་མ་ཁྲི་དྲུག་དང་སྟོང་བདུན་བཞི་བརྒྱ་དང་། ཐོག་ཁང་བཅུ་དྲུག་ཡོད་པའི་འཛུགས་སྐྲུན་གྱིས་གྲུབ་ཅིང་། དེ་ནི་ཡུལ་ཤུལ་ཁུལ་དུ་ཁམས་པའི་ཡུལ་སྲོལ་གོམས་གཤིས་ལྡན་པའི་སྤྲོ་གསེང་སྲང་ལམ་གཅིག་པུ་ཡིན་པས། འཛུགས་སྐྲུན་རྒྱུ་ཆའི་ཕྱིའི་ཇུས་འགོད་སྟེང་ཁམས་ཕྱོགས་ཀྱི་རྩིག་བཟོའི་ཁྱད་ཆོས་མངོན་པར་ངོམས་ཏེ། གྱང་དང་སྒེའུ་ཁུང་ལ་གཅིག་གྱུར་གྱིས་མདོག་བྱུག་པ་དང་། རང་བྱུང་ཁོར་ཡུག་དང་ཁམས་པའི་རིག་གནས་མཉམ་བསྲེས་བྱས་ཡོད།

གནས་སྐོར་གསར་སྤེལ་ནི་སྟབས་བདེའི་མ་དངུལ་གཏོང་བ་ཙམ་མ་ཡིན་པར། ངེས་པར་དུ་ས་གནས་རིག་གནས་སྔོག་འདོན་བྱེད་དགོས་པ་དང་། སྲོལ་རྒྱུན་གྱི་རིག་གནས་རྒྱུད་འཛིན་དར་སྤེལ་བྱེད་དགོས་པས། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྲང་ལམ་ཞིག་བསྐྲུན་རྒྱུ་ཧ་ཅང་གལ་ཆེ།

དེ་དང་ཆབས་ཅིག རང་བྱུང་མཛེས་ལྗོངས་དང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་བོ་བྱས་ཏེ། གོ་རིམ་ལྡན་པ་དང་འོས་མཐུན་ཡིན་པ། རྒྱུན་མཐུད་སྒོས་གསར་སྤེལ་བྱས་ཏེ། མུ་མཐུད་དུ་ཡུལ་ཤུལ་ཁུལ་གྱི་གནས་སྐོར་འགུག་ཤུགས་གསར་སྤེལ་བྱེད་པ་དང་། ཡུལ་ཤུལ་ཁུལ་གྱི་གནས་སྐོར་གསར་སྤེལ་ཏེ་རླབས་ཆེན་གྱི་ལས་དོན་ཞིག་ལ་བརྩིས་ནས། དངོས་གནས་དམ་འཛིན་བྱས་ན། ད་གཟོད་ང་ཚོའི་ཆེས་མཐར་མཇུག་གི་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་ཐུབ་ཅེས་ཡུལ་ཤུལ་གྲོང་ཁྱེར་གྱི་འགོ་གཙོ་གཞོན་པ་དགེ་གྲགས་ཀྱིས་བཤད།

གླེང་རིན་ཡོད་པ་ཞིག་ནི་ཁམས་པའི་ཡུལ་སྲོལ་སྲང་ལམ་དེ་མཛེས་སྡུག་ལྡན་པའི་འབའ་ཐང་ཆུ་བོའི་འགྲམ་དུ་ཡོད་པ་དང་། འཛུགས་སྐྲུན་དང་རང་བྱུང་མཛེས་ལྗོངས་འཆམ་མཐུན་མཉམ་གནས་བྱ་ཆེད། ཡུལ་ཤུལ་གྲོང་ཁྱེར་གྱིས་ཧུར་ཐག་གིས་རང་བྱུང་གནས་བབ་ལ་སྲུང་སྐྱོབ་བྱས་པ་མ་ཟད་སྔར་ཡོད་ཀྱི་ལྗོན་ཤིང་ཚང་མ་སོར་འཇོག་བྱས་ཡོད།

བྱ་ཆུ་དལ་བུར་བཞུར་གྱིན་ཡོད་ལ། གསར་འགོད་པ་རྐང་ཐང་དུ་ཁམས་པའི་ཡུལ་སྲོལ་སྲང་ལམ་དུ་འཆམ་སྐབས། སྙན་ཞིང་འཇེབས་པའི་བོད་གླུ་སྲང་ལམ་དེའི་བོད་ཟས་ཁང་ནས་གྲགས་འོང་།

ཀྲུང་གོའི་རིག་གནས་ཀྱི་འགྲེམ་སྟོན་བྱེད་ས་དང་ཉམས་ལེན་བྱེད་ས། དར་གོས་ཚོང་ལམ་ལྷོ་ཕྱོགས་ཀྱི་གནས་སྐོར་རིག་གནས་སྲང་ལམ། འཛམ་གླིང་གི་བོད་ཀྱི་རིག་གནས་དང་མཐོ་སྒང་སྐྱེ་ཁམས་རྒྱལ་སྤྱིའི་གནས་སྐོར་གྱི་གནས་གཙོ་བོ་ཡིན་པའི་ཆ་ནས། ཁམས་པའི་ཡུལ་སྲོལ་སྲང་ལམ་གྱི་བཟོ་བཀོད་ལེགས་གྲུབ་བྱུང་དེས་གནས་སྐོར་པ་མང་པོ་ཡུལ་ཤུལ་དུ་ཡོང་བའི་འདུན་པ་སྐྱེས་སུ་བཅུག་པ་དང་། ཡུལ་ཤུལ་གྱི་གནས་སྐོར་ལ་གསོན་ཤུགས་ཆེན་པོ་བསྩལ།

ཁམས་པའི་ཡུལ་སྲོལ་སྲང་ལམ་སྟེང་། བཟོ་བཀོད་བབ་ཆགས་ཤིང་གནའ་དེང་ཟུང་འབྲེལ་བྱས་པའི་གཟུགས་འདས་ཤུལ་བཞག་ཉམས་ལེན་ལྟེ་གནས་ཀྱིས་མིག་དབང་འཕྲོག་པར་བྱེད། གནས་དེ་རུ་ཡུལ་ཤུལ་གྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་བཅུ་གཉིས་བསྡད་ཡོད་ལ། ཁོ་ཚོས་རྫ་ཆུའི་འགྲམ་རྒྱུད་དང་གནས་རི་སྒ་སྟོད་ཇོ་བོ། དཔལ་ཐང་རྩྭ་ཐང་། སྤྲེའུ་ཚ་ནགས་ཁུལ། འབྲི་ཆུའི་བཞུར་རྒྱུད་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་གི་ཐོན་རྫས་གནས་དེ་རུ་འཁྱེར་ཡོང་བ་དང་། མཁར་གྲོང་དུ་གཏན་སྡོད་བྱས་ཡོད་པ་དང་ཕྱི་ནས་གནས་སྐོར་ལ་ཡོང་བའི་མི་རྣམས་ལ་ཡུལ་དངོས་ནས་ལྟ་སྐོར་དང་ལས་སྣོན། སྒྲིག་སྦྱོར་སོགས་ཀྱི་བྱེད་ཐབས་རོལ་མྱོང་བྱེད་དུ་བཅུག་པ་དང་། ཡུལ་ཤུལ་རྩྭ་ཐང་གི་ཁ་སང་གི་མཛེས་སྡུག་དང་དེ་རིང་གི་རེ་བ་ཉམས་སུ་མྱོང་དུ་འཇུག་ཐུབ།

“དེ་སྔོན་ལས་གྲྭ་ཆུང་བ་དང་ཚང་མའི་ལག་རྩལ་མི་འདྲ་བས་ཡོང་སྒོ་ཆེན་པོ་མེད།”མགར་ཁའི་བོད་གྲིའི་མཚན་སྙན་ཡོད་པའི་དཀོན་མཆོག་ཕུན་ཚོགས་ཀྱིས་དེ་ལྟར་བཤད། ད་ལྟ། སྲིད་གཞུང་གིས་སྣེ་ཁྲིད་དེ་ཉམས་ལེན་ལྟེ་གནས་ཁམས་པའི་ཡུལ་སྲོལ་སྲང་ལམ་དུ་བཀོད་སྒྲིག་བྱས་ཡོད་པས། ཕྱོགས་གཅིག་ནས་གནས་སྐོར་བ་མང་པོར་རྒྱུས་ལོན་བྱེད་དུ་འཇུག་ཐུབ་པ་མ་ཟད་ཡོང་སྒོ་ཡང་སྔར་ལས་ཇེ་མང་དུ་གྱུར་ཡོད།

ཡུལ་ཤུལ་ཁུལ་གྱིས་ནུས་ཤུགས་ཡོད་དགུས་གནས་སྐོར་རིག་གནས་འཕེལ་རྒྱས་སུ་གཏོང་བཞིན་ཡོད། བསོད་ནམས་རིན་ཆེན་གྱིས་ཁམས་པའི་ཡུལ་སྲོལ་སྲང་ལམ་དུ་ཡུལ་ཤུལ་ཁུལ་བོད་མཁར་ཟས་རིགས་རོལ་རྩེད་ཚད་ཡོད་འགན་འཁྲི་ཀུང་སི་ཞིག་ཕྱེས་ཡོད་པ་དང་སྐྱེ་རྒུ་ས་ཆར་སྙན་གྲགས་ཧ་ཅང་ཆེ། བསོད་ནམས་རིན་ཆེན་གྱིས་བཤད་རྒྱུར། ཁམས་པའི་ཡུལ་སྲོལ་སྲང་ལམ་དུ་ཚོང་ཁང་ཕྱེས་ན་གཅིག་ནས་རང་སྟེང་གི་དྲིལ་སྒྲོག་ཞིག་ཡིན་ལ། གཉིས་ནས་ཡུལ་ཤུལ་ཡང་དྲིལ་སྒྲོག་བྱས་པ་རེད་ཟེར།

ཡུལ་སྲོལ་སྲང་ལམ་གྱི་བོད་མཁར་དུ་གསར་འགོད་པས་སྲོལ་རྒྱུན་དང་དེང་རབས་ཟུང་འབྲེལ་གྱི་རྣམ་པ་མཐོང་ལ། འཁྲབ་སྟོན་གར་སྟེགས་སུ་དེང་རབས་ཅན་གྱི་མཛེས་རྩལ་ལ་བརྟེན་ནས་མི་རྣམས་ཀྱིས་སྲོལ་རྒྱུན་གྱི་བོད་གླུ་དང་སྤྲོ་སེམས་ལྡན་པའི་ཁམས་པའི་ཞབས་བྲོ་འཁྲབ་བཞིན་ཡོད།

“མཛེས་སྤྲས་དང་ཟས་རིགས། ད་དུང་འཁྲབ་སྟོན་གང་ཡིན་ཡང་། ཁྱད་དུ་འཕགས་པའི་དམངས་སྲོལ་ཟས་རིགས་དང་དམངས་སྲོལ་ཞབས་བྲོ་འཁྲབ་པ་བརྒྱུད།”མདོ་དབུས་མཐོ་སྒང་གི་ཁྱད་དུ་འཕགས་པའི་རིག་གནས་དང་ཡུལ་སྲོལ་གནས་སྐོར་པ་རེ་རེར་བརྒྱུད་སྒྲོག་བྱེད་རྒྱུ་ཡིན་ཞེས་བསོད་ནམས་རིན་ཆེན་གྱིས་གསར་འགོད་པར་དེ་ལྟར་བཤད།

ཉེ་བའི་ལོ་འགའི་རིང་ལ། ཡུལ་ཤུལ་ཁུལ་གྱིས་ནུས་ཤུགས་ཡོད་དགུས་རིག་གནས་དང་གནས་སྐོར་གྱི་མཉམ་བསྲེས་འཕེལ་རྒྱས་ལ་ཤུགས་ཆེན་པོའི་སྐུལ་འདེད་བྱས་ཏེ། “གཙང་གསུམ་གྱི་འབྱུང་ཡུལ། དག་གཙང་གི་ཡུལ་ཤུལ”ཞེས་པའི་ས་གནས་མིང་གྲགས་ཅན་བསྐྲུན་པའི་འཐབ་ཇུས་ནས་མགོ་བརྩམས་ཏེ། རང་གིས་རླངས་འཁོར་བསྐོར་གནས་གནས་སྐོར་བྱེད་པའི་ལམ་ཐིག་བདུན་དང་གནས་སྐོར་དུས་ཆེན་བཅུ་གཉིས་ཀྱི་བྱ་འགུལ་སྤེལ་བ། སྐྱེ་ཁམས་རིག་གནས་བརྗོད་བྱ་ཡིན་པའི་བྱ་འགུལ་ཆེན་པོ་ལྔ་བཅས་ལ་སྐུལ་འདེད་བྱས་ཏེ། 2018ལོར་ཁུལ་ཡོངས་ཀྱིས་གནས་སྐོར་བ་སྣེ་ལེན་བྱས་པའི་མི་གྲངས་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གཅིག་སྟོང་བདུན་སུམ་བརྒྱ་ཡོད་པ་དང་། གནས་སྐོར་གྱི་སྤྱིའི་ཡོང་སྒོ་སྒོར་དུང་ཕྱུར་བདུན་དང་བྱེ་བ་གསུམ་ལ་སླེབས་ཡོད། གྲོང་ཁྱེར་དང་ཞིང་སྡེ། སྐྱེ་ཁམས་ཐོན་ལས། རིག་གནས། གནས་སྐོར་བཅས་ཀྱི་ཕན་ནུས་སྣ་མང་ཕྱོགས་གཅིག་ཏུ་བསྡུས་པའི་ཡུལ་སྲོལ་སྲང་ལམ་དེའི་གནད་འགག་གི་བྱེད་ནུས་གལ་ཆེན་བཏོན་ཡོད།

“ཡུལ་ཤུལ་ཁམས་པའི་མཛེས་ལྗོངས་ཀྱི་སྲང་ལམ་དེའི་ས་གནས་ཀྱི་རིག་གནས་གནས་སྐོར་ཐོན་ཁུངས་འདིང་ཚིམས་པར་བརྟེན་ནས། སྲོལ་རྒྱུན་གྱི་རིག་གནས་རྒྱུད་འཛིན་དར་སྤེལ་གྱི་འགན་འཁྲི་གཙོ་བོ་ཕྲག་ཏུ་བླངས་ཡོད། གནས་སྐོར་སྐྱེ་ཁམས་ཐོན་ཁུངས་ཀྱི་དོན་དངོས་དང་ཁྱད་ཆོས་སྲུང་འཛིན་བྱེད་པ་དང་ཆབས་ཅིག ང་ཚོས་མིག་སྔར་རྒྱལ་ནང་གི་གནས་སྐོར་ཚོང་རའི་དགོས་མཁོ་ནས་མགོ་བརྩམས་ཏེ། ཁོངས་ཡོངས་གནས་སྐོར་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་གྱིས་ཡུལ་ཤུལ་གནས་སྐོར་ཐོན་རྫས་གསར་སྤེལ་དང་གཅིག་གྱུར་བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་གི་མཐོ་སྒང་སྐྱེ་ཁམས་གནས་སྐོར་ས་ཁུལ་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་བཟུང་ནས། ཡུལ་ཤུལ་ཁུལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གཙང་གསུམ་འབྱུང་ཁུལ་གནས་སྐོར་བྱེད་ཡུལ་དང་ཀྲུང་གོ་ཁམས་པའི་རིག་གནས་ཀྱི་འགྲེམ་སྟོན་བྱེད་ས་དང་ཉམས་ལེན་བྱེད་ས་གཙོ་བོ། འཛམ་གླིང་གི་བོད་ཀྱི་རིག་གནས་དང་མཐོ་སྒང་སྐྱེ་ཁམས་རྒྱལ་སྤྱིའི་གནས་སྐོར་བྱེད་ས་རུ་འགྱུར་བར་འབད་བརྩོན་བྱེད་རྒྱུ་ཡིན”ཞེས་ཡུལ་ཤུལ་ཁུལ་རིག་གནས་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་ཨ་ཤག་ཡོང་ཧོང་གིས་དེ་ལྟར་བཤད།

ལོ་ཙཱ་བ། ཤ་བོ་རིན་མཚོ།