བཀྲ་སོག་སྡེ་བའི་འབྲོག་པ་རྣམས་ཀྱིས་རང་གི་བརྩོན་པར་བརྟེན་ནས་འབྱོར་འབྲིང་ལམ་དུ་ཞུགས།
2019.11.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

ཟླ་བཅུ་པར་མཚོ་སྔོན་པོའི་ནུབ་རྒྱུད་ཀྱི་རྩྭ་ས་ཁ་བས་བཀླུབས་ཤིང་། ནོར་ནག་ཁྱུ་ཚོགས་ནི་སྣག་ཚའི་རི་མོ་ནང་བཞིན་ཁུ་སིམ་པའི་རྩྭ་ཐང་ལ་གསོན་ཉམས་བསྩལ།

སྐྱ་རེངས་བཏང་བ་དང་མཉམ་དུ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་ཁྱོན་རྒྱས་ཞང་བཀྲ་སོག་སྡེ་བའི་འབྲོག་པ་ཆོས་འབུམ་རྒྱལ་གྱིས་ཕྱུགས་སྤྱིལ་ཁང་ལ་གཙང་ཕྱག་བྱས་རྗེས་བཟའ་མི་ཚོ་དང་མ་མཉམ་དུ་བསྡད་ནས་ཁ་ལག་སྲོ་བཞིན་ཡོད། ཅང་མི་འགོར་བར་དགུན་ཁ་ཐོན་འོང་། 2019ལོའི“གཡུ་མདོག་གི་གནས་མཆོག”ཞེས་པའི་གནས་སྐོར་དབུལ་སྐྱོར་ལས་གཞི་ལས་ཁོ་ཚང་ལ་ཁེ་སྤོགས་སྒོར་སྟོང་ལྔའི་བགོ་བཤའ་བརྒྱབ་ཟིན་པས། ཆོས་འབུམ་རྒྱལ་བཟའ་མི་གང་བོས་དགུན་ཤ་བསྒྲིག་པར་གྲོས་བསྡུར་བྱས་པ་དང་། ཞོར་དུ་དགུན་ཁའི་རྒྱུན་སྤྱོད་ཀྱི་ཅ་ལག་སྐོར་ཞིག་ཉོ་བར་གྲ་སྒྲིག་བྱེད་ཀྱིན་ཡོད།

2016ལོ་ནས་བཟུང་། “གཡུ་མདོག་གི་གནས་མཆོག”ཞེས་པའི་གནས་སྐོར་དབུལ་སྐྱོར་གྱི་ལས་གཞི་ལས་ལོ་རེར་བཀྲ་སོག་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ལ་ཡོང་སྒོའི་བགོ་བཤའ་རྒྱག་བཞིན་ཡོད། སྤྱིར་བཏང་སྒོར་སྟོང་ལྔ་མང་པོ་མིན་ཡང་། འོན་ཀྱང་། ལོ་བཞིའི་རིང་ལ་བཀྲ་སོག་སྡེ་བའི་དབུལ་ཕོངས་སྡེ་མིར་མཚོན་ན་དེ་ནི་ཁོ་ཚོའི་སེམས་ཀྱི་དྲོད་ཐིག་ཅིག་རེད།

ཁྱོན་རྒྱས་ཞང་གིས་སྡེ་བའི་གཅིག་བསྡུས་དཔལ་འབྱོར་བསྐྱར་གསོའི་བཟོ་སྐྲུན་ལག་བསྟར་བྱས་པའི་ཚུན་ལ། བཀྲ་སོག་སྡེ་བས་སྡེ་བའི་གཅིག་བསྡུས་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་བཟང་བོ་དམ་འཛིན་བྱས་ཏེ། སྡེ་བའི་ཡུལ་བབས་དང་བསྟུན་ནས་འཕེལ་རྒྱས་གཏོང་བའི་རྩ་དོན་ལྟར། སྡེ་བའི་གཅིག་བསྡུས་དཔལ་འབྱོར་གྱི་ཡོང་སྒོ་འཕར་སྣོན་དང་ཕྱུག་བསྒྱུར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་བསྐྱེད། སྡེ་དམངས་རྣམས་ཀྱི་ཡོང་སྒོ་སྔར་ལས་ཇེ་མང་དུ་གྱུར་བས་འཚོ་བའི་སྤུས་ཚད་ཡང་རིམ་བཞིན་ཇེ་མཐོར་འགྲོ་བཞིན་ཡོད། བཀྲ་སོག་སྡེ་བ་ནི་མཚོ་སྔོན་པོའི་བྱང་ངོགས་དང་རྒྱལ་ལམ་315སྡེ་བའི་ནང་བརྒྱུད་ཡོད་པས། 2015ལོར་བཀྲ་སོག་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་སྡེ་བའི་མཛེས་ལྗོངས་དང་མཚོ་འགྲམ་གྱི་ཁྱད་སྟོབས་དང་ཁྱད་དུ་འཕགས་པའི་འགྲིམ་འགྲུལ་ལ་བརྟེན་ནས། མང་ཚོགས་ཀྱི་འདོད་བློ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་པའི་རྨང་གཞིའི་སྟེང་། “གཡུ་མདོག་གི་གནས་མཆོག”ཞེས་པའི་གནས་སྐོར་མཐུན་ཚོགས་བཙུགས་པ་དང་། “ཏང་རྩ་འཛུགས་དང་མཐུན་ཚོགས། ཀུང་སི། འབྲོག་པ་ཁྱིམ་ཚང”བཅས་ཀྱི་མཉམ་འབྲེལ་རྣམ་པ་ལག་བསྟར་བྱས་ལ། མི་རིགས་ཀྱི་ཁྱད་ཆོས་མངོན་པའི་བཀྲ་སོག་སྡེ་བའི“གཡུ་མདོག་གི་གནས་མཆོག”ཞེས་པའི་གནས་སྐོར་སྤྲོ་གསེང་སྡེ་བ་དང་། “གཡུ་མདོག་གི་གནས་མཆོག”ཞེས་པའི་འབྲོག་པའི་སྤྲོ་ཁྱིམ་ཁང་གི་ཞིང་སྡེའི་གནས་སྐོར་རྟེན་གཞི་འཛུགས་སྐྲུན་བྱས་ལ། ལེགས་འགྲུབ་བྱུང་རྗེས་ས་གནས་དེ་གའི་དམངས་གཉེར་ཁེ་ལས་པར་འགན་གཙང་ལེན་བྱེད་དུ་བཅུག་སྟེ། གླ་དངུལ་གྱི་ཡོང་འབབ་བརྟན་པོ་ཡོང་བར་ཁག་ཐེག་བྱས།

2019ལོའི་གནས་སྐོར་རྟེན་གཞིའི་ལོ་རེའི་གླ་དངུལ་གྱི་ཡོང་འབབ་སྒོར་འབུམ་དྲུག་དང་ཁྲི་བདུན་སྟོང་གཅིག་ལྔ་བརྒྱ་ཡིན་པ་དང་། དེའི་ཁྲོད་སྒོར་འབུམ་བཞི་དང་ཁྲི་ལྔ་སྟོང་བརྒྱད་མང་ཚོགས་ལ་བགོ་བཤའ་རྒྱག་པའི་ཐད་བཀོལ་བ་དང་། དེས་ཁྱིམ་ཚང་བརྒྱ་དང་དྲུག་ལ་ཕན་ཁེ་ཐོབ་པ་དང་། ལྷག་མའི་སྒོར་འབུམ་གཉིས་དང་ཁྲི་གཅིག་སྟོང་གསུམ་ལྔ་བརྒྱ་སྡེ་བའི་གཅིག་བསྡུས་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་ཇེ་ཆེར་གཏོང་བའི་ཐད་བཀོལ་ཡོད། གནས་སྐོར་རྟེན་གཞིའི་སྣེ་ཁྲིད་འོག མཐའ་འཁོར་གྱི་སྡེ་དམངས་ཀྱིས་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་ཕྱིར་འཚོང་བྱེད་པ་དང་དམངས་སྲོལ་ཁྱད་ལྡན་རིག་གནས་བྱ་འགུལ་སྤེལ་བ་སོགས་ཀྱི་བྱེད་ཐབས་སྤྱད་པས། ཡོང་སྒོ་བརྟན་འཇགས་ངང་འཕར་སྣོན་འབྱུང་བ་མངོན་འགྱུར་བྱུང་།

“ཞིང་སྡེའི་གནས་སྐོར་ལས་རིགས་ཀྱིས་བཀྲ་སོག་སྡེ་བའི་མང་ཚོགས་ལ་ཡོང་འབབ་འཕར་སྣོན་འབྱུང་བར་སྐུལ་ཁྲིད་བྱེད་ཐུབ་མོད། འོན་ཀྱང་ང་ཚོས་འབྲོག་པ་མང་ཚོགས་ལ་རྒྱུས་མངའ་ཆེ་བའི་ཕྱུགས་ལས་གསོ་སྤེལ་ལས་རིགས་དེ་སྡེ་བའི་གཅིག་བསྡུས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་གཙོ་གནད་དུ་བཟུང་ནས་དམ་འཛིན་བྱེད་དགོས”ཞེས་བཀྲ་སོག་སྡེ་བའི་འབྲེལ་གཏུག་རོགས་སྐྱོར་ལས་བྱེད་མི་སྣ་ཀླུ་ཐར་རྒྱལ་གྱིས་དེ་ལྟར་བཤད། སྔར་ལས་ལྷག་པའི་སྒོ་ནས་སྡེ་བའི་གཅིག་བསྡུས་དཔལ་འབྱོར་འཕེལ་རྒྱས་གཏོང་སྐབས། བཀྲ་སོག་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་ཕྱུགས་ལས་གསོ་སྤེལ་ལས་རིགས་ཀྱི་རྨང་གཞིར་གཡོ་འགུལ་མི་གཏོང་བ་དང་། འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་འཁོར་རྒྱུག་མཉམ་སྡེབ་ཀྱི་མ་དངུལ་གྱིས་རྩེབ་རན་པའི་མ་མོ་ཉོས་པས། སྡེ་བའི་གཅིག་བསྡུས་དཔལ་འབྱོར་དང་འབྲོག་པ་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བ་གཉིས་ཀྱི་ཕྱོགས་ལ་རྒྱལ་ཁ་ཐོབ།

“མིག་སྔར། སྡེ་བ་ཡོངས་སུ་རྩེབ་རན་པའི་མ་མོ་སྟོང་གཉིས་ལྔ་བརྒྱ་དོན་ལྔ་དང་རྩེབ་རན་པའི་མོ་ཕྱུགས་དྲུག་ཅུ་ཉོས། ད་ལོའི་ལོ་མཇུག་ཏུ་མོ་ཕྱུགས་ཀྱི་འཁོར་རྒྱུག་ཡོང་འབབ་སྔོན་དཔག་བྱས་ན་སྒོར་ཁྲི་བདུན་དང་སྟོང་ལྔ་ལྔ་བརྒྱ་ཡོད། སྡེ་བའི་གཅིག་བསྡུས་མ་དངུལ་ཡོད་པས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི་སྤོབས་པ་ཆེ་རུ་སོང་ཡོད”ཅེས་བཀྲ་སོག་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གནས་བརྟན་བཀྲ་ཤིས་ཀྱིས་དེ་ལྟར་བཤད། སྔར་ལས་ལྷག་པའི་སྒོ་ནས་སྡེ་བའི་གཅིག་བསྡུས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་ཆེད། བཀྲ་སོག་སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱིས་དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་དང་བེད་མེད་དུ་བཞག་པའི་ས་ཆ་དེ་སྡེ་བའི་གཅིག་བསྡུས་དཔལ་འབྱོར་རྒྱ་ཆེར་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཏུ་བརྩིས་ཡོད།  ཉེ་བའི་ལོ་འགའི་རིང་ལ། བཀྲ་སོག་སྡེ་བས་ཐབས་ལམ་མང་པོ་བརྒྱུད་ནས་མ་དངུལ་གཅིག་བསྡུས་བྱས་པ་དང་། རྫོང་མཁར་གྱི་ཚོང་ལས་ས་ཁུལ་ནས་ཚོང་ཁང་གྱན་འགའ་ཉོས་པས། དངོས་ཕུང་དཔལ་འབྱོར་འཕེལ་རྒྱས་ལ་བརྟེན་ནས་ཡོང་འབབ་རྒྱུན་མཐུད་དང་འཕར་སྣོན་འབྱུང་བར་སྐུལ་འདེད་བཏང་ཡོད། གཞན་ཡང་ན་ནིང་སྡེ་བའི་ནང་ཡུན་རིང་བེད་མེད་དུ་བཞག་པའི་རྩྭ་ས་སྡེ་དམངས་ལ་འགན་གཙང་ལེན་བྱེད་དུ་བཅུག་པ་དང་། འགན་གཙང་ལེན་གྱི་མ་དངུལ་སྡེ་བའི་གཅིག་བསྡུས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐད་བཀོལ་ཡོད། ད་ལོའི་ལོ་མཇུག་ཏུ། སྡེ་བའི་ཚོང་ཁང་དང་སྤྱི་སྤྱོད་རྩྭ་སའི་བོགས་དངུལ་ཡོང་འབབ་སྔོན་དཔག་བྱས་ན་སྒོར་འབུམ་གཅིག་དང་ཁྲི་གསུམ་སྟོང་གསུམ་ཡོད་པས། བཀྲ་སོག་སྡེ་བ་དབུལ་བོའི་སྡེ་བ་ནས་ཕྱུག་པོའི་སྡེ་བར་དངོས་གནས་འགྱུབ་ཐུབ་ངེས་རེད།

“ང་ཚོའི་སྡེ་བའི་འགྱུར་ལྡོག་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་རོགས་རམ་དང་ཁ་འབྲལ་ཐབས་མེད། ང་ཚོས་མུ་མཐུད་དུ་སྡེ་བའི་གཅིག་བསྡུས་མ་དངུལ་དང་རྒྱུ་ནོར་རྗེས་ཕྱོགས་འཁོར་སྐྱོད་བྱེད་པའི་ཐད་ཐབས་ལམ་བཙལ་དགོས་པ་དང་། ཞིང་སྡེའི་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་གོ་སྐབས་སུ་བརྩིས་ནས། མུ་མཐུད་དུ་སྡེ་བའི་གཅིག་བསྡུས་དཔལ་འབྱོར་གྱི་སྟོབས་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་བཅས་ཀྱི་ཐད་འབད་པ་བྱས་ཏེ། ཕྱུགས་ལས་སྟོབས་ཆེ་བ་དང་འབྲོག་ཁུལ་མཛེས་སྡུག་ལྡན་པ། འབྲོག་པ་ཕྱུག་པོ་ཡོང་བ་བཅས་ཀྱི་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན”ཞེས་རྗེས་ཕྱོགས་ཀྱི་འཆར་གཞི་སྐོར་གླེང་སྐབས། བཀྲ་སོག་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅིའི་ཞོ་པའོ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད།


ལོ་ཙཱ་བ། ཤ་བོ་རིན་མཚོ།