གསེར་ལྡན་སྟོན་གྱི་དུས་ཚིགས་ནི་འབྲས་བུས་གཏམས་པའི་དུས་ཚིགས་ཤིག་ཡིན་ཡང་། ལྷ་ལུང་རྒྱལ་ཁྱིམ་མི་གང་བོར་དགའ་སྣང་ཞིག་ཡེ་ནས་མེད་པར་བསྡད་ཡོད།
ལྷ་ལུང་རྒྱལ་ཚང་ནི་མཚོ་ཤར་གྲོང་ཁྱེར་ཞོང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་ཀ་རིང་བོད་རིགས་ཞང་ཡར་རྐ་སྡེ་བས་ཡིན་པ་དང་། སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་ཞིག་རེད། སྟོན་བསྡུས་ཚར་རྗེས། ཁྱིམ་གྱི་གློག་སྐུད་རྙིང་བ་ཡིན་པའི་རྐྱེན་གྱིས་མེ་སྐྱོན་བྱུང་བ་དང་། མེ་དགྲ་ཇེ་ཆེ་ནས་ཇེ་ཆེར་གྱུར་བས། ཁང་བ་དང་འབྲུ་རིགས་ཚང་མ་མེས་འཚིགས།
མེ་སྐྱོན་བྱུང་རྗེས། ཀ་རིང་ཞང་གི་ཏང་ཨུས་འགོ་ཁྲིད་དང་། ཀྲི་པུའུ་ཡི་གདོང་ལེན་པ། ཏང་ཡོན་གྱིས་སྣེ་ཁྲིད་དེ། མང་ཚོགས་དང་མཉམ་དུ་ཐོག་མའི་དུས་སུ་མེ་སྐྱོན་བྱུང་སར་སོང་ནས་མེ་བསད་པ་དང་། གནོད་འཚེ་ཐེབས་པའི་ཁྱིམ་གཞི་བསྐྱར་འཛུགས་ལ་རོགས་རམ་བྱས་པས། དུས་རབས་གསར་བའི་གུང་ཁྲན་ཏང་ཡོན་ཞིག་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་མེ་བསོད་ཡུལ་དངོས་ནས་འགྲེལ་བཤད་གསལ་བོ་བྱས་བྱུང་།
དགུན་ཁ་སླེབས་ལ་ཉེ་བས། གནོད་འཚེ་ཐེབས་པའི་ཁྱིམ་ཚང་ལ་ཁྱིམ་གཞི་བསྐྱར་འཛུགས་བྱེད་རྒྱུ་དེ་ཕྱིར་བསྣུར་བྱེད་མི་རུང་བའི་དོན་ཞིག་ཡིན། བསྐྱར་འཛུགས་ཁྲོད་དུ། ཀ་རིང་ཞང་གི་ཏང་ཨུ་ཡིས་རྒུད་སྐྱོབ་ཀྱི་འཐབ་ཕྱོགས་དང་པོ་རུ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱེད་ཐབས་བཟོས་པ་དང་། གནོད་འཚེ་ཐེབས་པའི་ཁྱིམ་ཚང་ལ་སེམས་གསོ་མཛད། གནོད་འཚེ་ཐེབས་པའི་ཁྱིམ་ཚང་གི་སྔོན་གྱི་སྡོད་གནས་ལ་བདེ་འཇགས་ཀྱི་ཉེན་ཁ་ཡོད་པ་དང་། འགྲིམ་འགྲུལ་སྟབས་མི་བདེ་བ་སོགས་ཀྱི་གནད་དོན་ཡོད་པས། ཐག་ཉེ་ས་ནས་སྡོད་གནས་གསར་བ་བདམས་པ་དང་། གནོད་འཚེ་ཐེབས་པའི་ཁྱིམ་ཚང་དུས་ལྟར་ཉེན་ཁང་བསྒྱུར་བཅོས་དང་མིག་སྔར་རོགས་སྐྱོར་བྱེད་ཡུལ་གྱི་ནང་དུ་བཞག་པ་མ་ཟད། ཀྲུང་གོ་ས་གཞི་ཆེན་མོ་ནོར་སྲིད་ཐོན་སྐྱེད་འགན་སྲུང་མ་རྐང་ཚད་ཡོད་ཀུང་ཟི་དང་དུས་ལྟར་འབྲེལ་མཐུད་བྱས་ནས་སྐྱིན་ཚབ་འཇལ་བའི་བྱ་བར་གྲོས་བསྡུར་བྱས་ཤིང་། དབུལ་འགོག་འགན་འཁྲིའི་ཉེན་སྲུང་བྱེད་ཐབས་གཞིར་བཟུང་ནས། གནོད་འཚེ་ཐེབས་པའི་ཁྱིམ་ཚང་ལ་སྒོར་མོ་ཁྲི་བདུན་དང་སྟོང་གཅིག་གི་སྐྱིན་ཚབ་འཇལ།
ཡར་རྐ་སྡེ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཤ་བོ་བཀྲ་ཤིས་དང་ལྔ་སྐྱོང་ཁྱིམ་ཚང་དབང་འབྲུག་གཉིས་ཀྱིས་རང་འགུལ་སྒོས་རང་ཁྱིམ་གྱི་རྨོ་ཞིང་ལ་རིན་མི་ལེན་པར་གནོད་འཚེ་ཐེབས་པའི་ཁྱིམ་ཚང་ལ་སྡོད་ཁང་གསར་བ་བསྐྱར་སྐྲུན་བྱེད་པའི་གཞིས་སར་སྦྱིན་པ་དང་། ཞང་ཏང་ཨུ་དང་ཞིང་སྡེའི་ཏང་ཡོན། མང་ཚོགས་བཅས་ཀྱིས་རང་འགུལ་གྱིས་སྒོར་མོ་ཁྲི་གསུམ་དང་སྟོང་གཉིས་ལྷག་ཞལ་འདེབས་སུ་ཕུལ་ཞིང་། ཉེན་ཁང་བསྒྱུར་བཅོས་ཀྱི་སྒོར་མོ་ཁྲི་བཞི་དང་སྟོང་ལྔ་དང་། སྐབས་བསྟུན་རོགས་སྐྱོར་སྒོར་མོ་སྟོང་ལྔའི་རོགས་སྐྱོར་ཁྲོད་དུ་བཞག
གླེང་རིན་ཡོད་པ་ཞིག་ནི་ཀ་རིང་ཞང་གི་སྡེ་བ་བཅུ་གཅིག་གི་ཏང་ཀྲི་པུའུ་ཡི་འགན་ཁུར་མི་སྣས་སྔོན་ལ་དཔེ་སྟོན་བྱས་ཏེ། གཅེས་སེམས་ཞལ་འདེབས་སྒོར་མོ་ཁྲི་གཅིག་སྟོང་ལྔ་ལྷག་དང་། འབྲུ་རིགས་སྤྱི་རྒྱ་ཁྲི་གཅིག་དང་སྟོང་བཞི་བསྡུས་ནས། གནོད་འཚེ་ཐེབས་པའི་ཞིང་བ་ཁྱིམ་ཚང་གི་ལག་ཏུ་བསྐྱལ་བར་མ་ཟད། རང་འགུལ་གྱིས་ཏང་ཡོན་འོས་འགན་བྱ་བའི་རུ་ཁག་ཏུ་ཞུགས་ནས་ཧུར་ཐག་སྒོས་གནོད་འཚེ་ཐེབས་པའི་ཁྱིམ་ཚང་ལ་ཁང་བ་གསར་བ་ཕུབ་པའི་ལས་ཀའི་ཁྲོད་ཞུགས།
“ད་ལྟ། རི་མ་ས་ཁུལ་དུ་གྲང་ངར་ཤིན་ཏུ་ཆེ། ངེད་ཚང་ཆེས་དཀའ་ངལ་ཆེ་བའི་དུས་སུ། ཏང་ཨུ་སྲིད་གཞུང་དང་ཏང་ཡོན་མང་ཚོགས་ཡར་ལངས་ནས་ངེད་ཚང་ལ་འབྲུ་རིགས་དང་ཞལ་འདེབས་སྒོར་མོ་བསྐྱལ་ཡོང་བས་ངའི་སེམས་པ་དྲོས་སུ་བཅུག་པ་དང་། ང་ལ་རོགས་རམ་གནང་བའི་ཏང་ཡོན་དང་མང་ཚོགས་ལ་བཀའ་དྲིན་ཆེ།” ཞེས་བཤད་ཞོར་དུ་ལྷ་ལུང་རྒྱལ་གྱི་མིག་མཐའ་མཆི་མས་བརླན་བྱུང་།
མེ་སྐྱོན་བྱུང་བའི་ཡུལ་དངོས་སུ། ཀ་རིང་ཞང་གི་ཏང་ཡོན་རྣམས་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལ་ཞིབ་བཤེར་བྱས་པ་དང་། ཉམས་སད་ཡང་ཐེག་བྱུང་།
སྐོར་ཐེངས་གཉིས་པར་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་ཞེས་པའི་བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཀ་རིང་ཞང་གིས་བརྗོད་དོན་སློབ་གསོ་དང་དབུལ་སྐྱོར་མཁྲེགས་གཏོར་སྲ་བརྟན་དང་མཐོར་འདེགས་གཏོང་བའི་བྱ་བ་དང་ཟུང་འབྲེལ་དམ་པོ་བྱས་ཏེ། མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་དཀའ་གནད་ཐག་གཅོད་བྱེད་པ་དེ་ཐོད་བརྒལ་བྱེད་སར་བརྩིས་ནས། བརྗོད་དོན་སློབ་གསོ་གཏིང་ཟབ་སྒོས་སྤེལ།
ཀ་རིང་ཞང་ནི་མཐའ་ཁུལ་གནས་ཡོད་པ་དང་། མང་ཚོགས་ཀྱིས་བཤད་པ་ནང་བཞིན་སྣུམ་སྣོན་ས་ཚིགས་ཐག་རིང་བ་དང་། སྣུམ་སྣོན་དཀའ་བ། སྣུམ་སྣོན་པའི་མ་རྩ་མཐོ་བ་སོགས་ཀྱི་དངོས་ཡོད་དཀའ་ངལ་ལ་དམིགས་ནས། ཀ་རིང་ཞང་གིས་ས་གནས་རང་གི་གནས་ཚུལ་ལ་བསྟུན་པ་དང་བདེ་འཇགས་ཁོར་ཡུག་སྲུང་སྐྱོབ། དམངས་ལ་སྟབས་བདེ་བསྐྲུན་པ་དང་དམངས་ལ་ཕན་པའི་རྩ་དོན་རྒྱུན་འཁྱོངས་བཅས་བྱས་ནས། དབུལ་ཕོངས་སྡེ་བ་མ་ཡིན་པའི་དཔལ་འབྱོར་འཕེལ་རྒྱས་མ་དངུལ་སྒོར་མོ་ས་ཡ་དྲུག་གཅིག་བསྡུས་ལེགས་སྒྲིག་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཆེས་ཐོག་མའི་ཐུན་མོང་དཔལ་འབྱོར་གྱི“དབུལ་ཕོངས་སྣུམ་སྣོན་ས་ཚིགས”གསར་དུ་ལས་པའི་ཐད་བཏང་ནས་ལས་མགོ་བརྩམས་པ་དང་། མང་ཚོགས་ཀྱི་ཐོབ་སྣང་གི་ཚོར་བ་མཐོར་འདེགས་གཏོང་བ་དེ་ནི་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་བྱེད་པའི་གནད་འགག་བྱས་ཏེ། དམངས་ལ་ཞབས་འདེགས་ཞུ་བ་དང་དཀའ་ངལ་སེལ་བ་དེ་དོན་དངོས་ཀྱི་སྟེང་ནས་སྒྲུབ་ཐུབ་པར་བྱས།
ལོ་རེའི་དབྱར་ཁ་ཐོན་དུས། ཀ་རིང་ཞང་ནི་གནས་སྐོར་བ་མང་པོས་ཚ་ཞོལ་བྱེད་སའི་གནས་མཆོག་ཅིག་ཡིན་པ་དང་། གནས་སྐོར་བ་མང་པོ་ཡོང་བ་དང་བསྟུན་ནས། གད་སྙིགས་ཡང་མང་པོ་སྤུངས། བརྗོད་དོན་སློབ་གསོའི་བྱ་འགུལ་དང་འབྲེལ་ནས་ཀ་རིང་ཞང་གིས་ཀ་རིང་ས་ཁུལ་གྱི་ཁྱད་ཆོས་དང་འཚམ་པའི་གད་སྙིགས་བསྡུ་ས་དང་། རིགས་དགར་ནས་ཐག་གཅོད་བྱེད་པའི་བྱེད་སྟངས་ལྟར། ཞིང་སྡེའི་འཚོ་བའི་གད་སྙིགས“ཁྱིམ་ཚང་གིས་ཕྱོགས་གཅིག་ཏུ་བསྡུ་བ་དང་། སྡེ་བས་བསྡུ་ལེན་བྱེད་པ། ཞང་གིས་སྐྱེལ་འདྲེན་བྱེད་པའི”བྱ་བའི་ནང་རྐྱེན་འཐུས་ཚང་དུ་བཏང་སྟེ། མ་ལག་ལྡན་པའི་སྒོ་ནས་གད་སྙིགས་རིགས་དབྱེ་ནས་འཕེན་པ་དང་། རིགས་དགར་ནས་ཕྱོགས་གཅིག་ཏུ་བསྡུ་བ། རིགས་དགར་ནས་སྐྱེལ་འདྲེན་བྱེད་པ་སོགས་ལ་སྐུལ་འདེད་བཏང་ནས། ཞང་གྲོང་གི་གད་སྙིགས་རིགས་དབྱེའི་རྣམ་པ་ཐོག་མ་ངང་གིས་གྲུབ།
སྒོར་མོ་འབུམ་གཉིས་བཏང་ནས“ཀ་རིང་ཁོར་སྲུང་”ཞེས་པའི་ཡི་གེ་བྲིས་ཡོད་པའི་གད་སྙིགས་སྒམ་ཆུང་ཉིས་བརྒྱ་དང་ལྔ་བཅུ་ཉོས་པ་དང་། གད་སྙིགས་སྒམ་ཆུང་དེ་དག་གཞུང་ལམ་འགྲམ་རྒྱུད་དང་། ནགས་ཚལ་མཐའ་འཁོར་གྱི་གནས་སྐོར་བ་མང་པོ་འདུ་སར་བཞག་པ་དང་། དེས་ཕན་འབྲས་ལྡན་པའི་སྒོ་ནས་སྔོན་ཆད་གད་སྙིགས་རིགས་དགར་ནས་འཕེན་པ་དང་། ཕྱིར་བསྡུ་མི་ཐུབ་པའི་གནད་དོན་ཐག་གཅོད་བྱས།
མང་ཚོགས་ཀྱིས་རེ་བ་བྱེད་ཀྱིན་པའི་དོན་དག་ཆུང་ཆུང་དེ་དག་ཀ་རིང་ཞང་གི་འགོ་ཁྲིད་པས་ལྟོས་ན་དོན་ཆེན་ཏག་ཏག་ཡིན་པ་རེད། བརྗོད་དོན་སློབ་གསོའི་བྱ་འགུལ་སྤེལ་རྗེས། ཀ་རིང་ཞང་གིས་བརྗོད་དོན་སློབ་གསོ་དང་འབྲེལ་ནས་དམངས་ལ་ཞབས་འདེགས་ཞུ་བའི་རྩ་དོན་ཇེ་བརྟན་དུ་བཏང་བ་དང་། མང་ཚོགས་ཀྱིས་རེ་སྙེག་བྱེད་པའི་དཀའ་གནད་ཐག་གཅོད་གང་ལེགས་བྱས།
ལོ་ཙཱ། ཚེ་རིང་སྒྲོལ་མ།