ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《ཞིང་སྡེ་བཅོས་སྐྱོང་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》བཀྲམ་པ།
2019.11.26 ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས། 22

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱིས《ཞིང་སྡེ་བཅོས་སྐྱོང་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་བསམ་འཆར》བཀྲམ་པ་དང་ཆབས་ཅིག་བརྡ་ཐོ་བཏང་ནས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།

《མཛུབ་སྟོན་བསམ་འཆར》ནང་། ཞིང་སྡེ་བཅོས་སྐྱོང་བྱེད་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། “གནས་ལྔ་གཞི་གཅིག”གི་སྤྱིའི་ཐབས་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཁྱོན་ཡོངས་བཞིའི”ཐབས་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། ཞིང་སྡེ་དར་སྤེལ་འཐབ་ཇུས་ཀྱི་སྤྱིའི་བླང་བྱར་དམིགས་པ། ཏང་གིས་ཞིང་སྡེ་བཅོས་སྐྱོང་ལ་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བྱེད་པ། གཞི་རིམ་གྱི་རྨང་གཞི་བརྟན་པོར་གཏོང་དང་རྩ་བ་བརྟན་ཚུགས་ཀྱི་ཇུས་གཞི་མཐའ་འཁྱོངས་བྱེད་པ། བཅོས་སྐྱོང་མ་ལག་བསྐྲུན་པ་དང་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་དེ་གཙོ་རྒོལ་ཁ་ཕྱོགས་སུ་བརྩི་བ་མཐའ་འཁྱོངས་བྱེད་པ། ཞིང་སྡེའི་དམངས་ཚིས་འགན་སྲུང་དང་ཇེ་ལེགས་སུ་གཏོང་བ་དང་། ཞིང་སྡེ་འཆམ་མཐུན་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུ་རྩ་བའི་དམིགས་ཡུལ་དུ་འཛིན་པ་མཐའ་འཁྱོངས་བྱེད་པ། ཏང་ཨུས་འགོ་ཁྲིད་པ་དང་། སྲིད་གཞུང་གིས་འགན་འཁུར་བ། སྤྱི་ཚོགས་ཀྱིས་མཉམ་སྒྲུབ་བྱེད་པ། སྤྱི་དམངས་དེའི་ནང་ཞུགས་པ། ཁྲིམས་སྐྱོང་འགན་སྲུང་བྱེད་པ། ཚན་རྩལ་གྱིས་འདེགས་སྐྱོར་བྱེད་པ་བཅས་ཀྱི་དེང་རབས་ཞིང་སྡེ་སྤྱི་ཚོགས་ཀྱི་བཅོས་སྐྱོང་སྒྲིག་གཞི་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། རང་སྐྱོང་ལ་བརྟེན་ནས་གསོན་ཤུགས་འཕེལ་བ་དང་། ཁྲིམས་སྐྱོང་ལ་བརྟེན་ནས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། ཀུན་སྤྱོད་ལ་བརྟེན་ནས་སྤྱོད་བཟང་དར་སྤེལ་གཏོང་བ། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་། ཁྲིམས་སྐྱོང། ཀུན་སྤྱོད་ཀྱིས་སྐྱོང་བ་བཅས་ཟུང་དུ་འབྲེལ་བའི་ཞིང་སྡེ་བཅོས་སྐྱོང་གི་མ་ལག་འཐུས་ཚང་དུ་གཏོང་བ། མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གཏོད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་བཅོས་སྐྱོང་བྱེད་མཁས་པའི་ལམ་བུའི་ཐོག་བསྐྱོད་པ། གསོན་ཤུགས་རབ་ཏུ་འཕེལ་བ་དང་འཆམ་མཐུན་གོ་རིམ་ལྡན་པའི་ཞིང་སྡེའི་སྤྱི་ཚོགས་འཛུགས་སྐྲུན་བཅས་བྱས་ཏེ། རྒྱ་ཆེའི་ཞིང་པའི་ཐོབ་སྣང་དང་། བདེ་སྐྱིད་ཀྱི་ཚོར་སྣང་། བདེ་འཇགས་ཀྱི་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།

《མཛུབ་སྟོན་བསམ་འཆར》ནང་། 2020ལོར་སླེབས་སྐབས་དེང་རབས་ཞིང་སྡེ་བཅོས་སྐྱོང་མ་ལག་གི་ལམ་ལུགས་སྒྲོམ་གཞི་དང་སྲིད་ཇུས་མ་ལག་གཞི་རྩའི་ཆ་ནས་ཆགས་པར་བྱས་ཏེ། ཞིང་སྡེའི་གཞི་རིམ་ཏང་རྩ་འཛུགས་ཀྱིས་འཐབ་འཛིང་བཙན་རྫོང་གི་ནུས་པ་དེ་བས་ཡག་པོ་བཏོན་ནས་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱས་པའི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པ་དང་། སྡེ་མིའི་རང་སྐྱོང་ལག་ལེན་སྔར་བས་གཏིང་ཟབ་ཏུ་གཏོང་བ། སྡེ་བ་རིམ་པའི་གྲོས་དོན་གྲོས་མོལ་ལམ་ལུགས་སྔར་བས་འཐུས་ཚང་དུ་གཏོང་བ། ཞིང་སྡེའི་བཅོས་སྐྱོང་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས་པ་དང་། 2035ལོར་སླེབས་སྐབས། ཞིང་སྡེའི་སྤྱི་པའི་ཞབས་ཞུ་དང་། སྤྱི་པའི་དོ་དམ། སྤྱི་པའི་བདེ་འཇགས་བཅས་ཀྱི་འགན་སྲུང་ཆུ་ཚད་མངོན་གསལ་སྒོས་མཐོར་འདེགས་གཏོང་བ་དང་། ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། ཀུན་སྤྱོད་ཀྱིས་སྐྱོང་བ་བཅས་ཟུང་དུ་འབྲེལ་བའི་ཞིང་སྡེ་བཅོས་སྐྱོང་གི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་བ། ཞིང་སྡེའི་སྤྱི་ཚོགས་བཅོས་སྐྱོང་ནུས་ལྡན་དང་། གསོན་ཤུགས་འཕེལ་བ། འཆམ་མཐུན་གོ་རིམ་ལྡན་པ་བཅས་བྱས་ཏེ་ཞིང་སྡེ་བཅོས་སྐྱོང་གི་མ་ལག་བསྐྲུན་པ་དང་བཅོས་སྐྱོང་ནུས་པ་སྤྱི་ཡོངས་ནས་དེང་རབས་ཅན་དུ་འགྱུར་བར་བྱེད་དགོས་ཞེས་བསྟན་ཡོད།

ད་དུང《མཛུབ་སྟོན་བསམ་འཆར》ནང་། ཞིང་སྡེའི་ཏང་རྩ་འཛུགས་ཀྱིས་ཞིང་སྡེ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་སྒྲིག་གཞི་དང་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཞིང་སྡེ་བཅོས་སྐྱོང་ཁྲོད་ཀྱི་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་སྐུལ་སྤེལ་བྱེད་པ། སྡེ་བ་རིམ་པའི་རྩ་འཛུགས་ལས་དོན་ཚད་ལྡན་དུ་གཏོང་བ། ཡུལ་མིའི་རང་སྐྱོང་སྒྲིག་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། སྡེ་མིའི་གྲོས་དོན་གྲོས་མོལ་བྱ་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྡེ་བ་རིམ་པའི་ལས་དོན་ཀུན་གསལ་བཟོ་འགོད་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་བསྟར་བཟང་པོ་བྱེད་པ། ཡུལ་སྲོལ་ཡ་རབས་བྱ་སྤྱོད་ལག་བསྟར་བྱེད་པ། ཀུན་སྤྱོད་དཔེ་བཟང་གི་སྣེ་ཁྲིད་ནུས་པ་སྐུལ་སྤེལ་བྱེད་པ། ཞིང་སྡེ་རིག་གནས་ཀྱིས་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་སྐྱོང་ཞིང་སྡེ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འཆམ་མཐུན་ཞིང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཞིང་སྡེའི་འགལ་བ་དང་རྩོད་གཞི་འདུམ་འགྲིག་ཐག་གཅོད་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། གཞི་རིམ་གྱི་རུལ་སུངས་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ། ཞིང་སྡེའི་བཅའ་ཁྲིམས་ཞབས་ཞུ་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ། ཕྱོགས་མང་པོའི་བྱེད་པོ་ཞིང་སྡེ་བཅོས་སྐྱོང་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ། ཞང་དང་གྲོང་རྡལ་དང་སྡེ་བས་ཞིང་པར་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་སོགས་ཕྱོགས་17ཐད་ཀྱི་ལས་འགན་ནན་བཤད་བྱས་ཡོད་པ་རེད།

མཇུག་མཐར《མཛུབ་སྟོན་བསམ་འཆར》ནང་། ཞིང་སྡེའི་བཅོས་སྐྱོང་ལ་ཤུགས་སྣོན་བྱེད་པ་དང་ཇེ་ལེགས་སུ་གཏོང་བའི་སྒྲིག་འཛུགས་ལག་བསྟར་སོགས་ཀྱི་ཐད་ཞིབ་ཕྲའི་བླང་བྱ་བཏོན་པ་སྟེ། གཅིག་ནས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། གཉིས་ནས་མཉམ་སྒྲུབ་སྐུལ་འདེད་ཀྱི་རྐྱེན་སྲོལ་འཛུགས་པ། གསུམ་ནས་འགན་ལེན་ཁག་ལ་ཤུགས་སྣོན་རྒྱག་པ། བཞི་ནས་རིགས་དབྱེ་མཛུབ་སྟོན་ལ་ཤུགས་སྣོན་རྒྱག་པ་བཅས་རེད།

རྩོམ་སྒྲིག སྒྲོལ་མ་སྐྱིད།