གཙང་གསུམ་མགོ་ཁུངས་ནས་འཛམ་གླིང་དུ་བསྐྱོད་པའི་མཛེས་སྡུག་གི་མཚོ་སྔོན། —འཛམ་གླིང་དང་ལྷན་དུ་སྐྱོད་པའི་མཚོ་སྔོན། དུས་རབས་དང་ལྷན་དུ་འཕེལ་བའི་མཚོ་སྔོན།
2019.11.28 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 30

གཙང་གསུམ་མགོ་ཁུངས་ནས་འཛམ་གླིང་དུ་བསྐྱོད་པའི་མཛེས་སྡུག་གི་མཚོ་སྔོན། —འཛམ་གླིང་དང་ལྷན་དུ་སྐྱོད་པའི་མཚོ་སྔོན། དུས་རབས་དང་ལྷན་དུ་འཕེལ་བའི་མཚོ་སྔོན།

ས་རྒྱ་ཆེ་ཞིང་རི་ཀླུང་ལྟ་ན་སྡུག་པ། གཙང་པོ་དལ་གྱིས་འབབ་ཅིང་། མཚེའུ་སྐར་ཚོགས་བཞིན་བཀྲ་བ་འདི་ནི་གནམ་འདེགས་ཀྱི་ཀ་བ་ལྟ་བུའི་གངས་རི་དང་ཆུ་བོ་ཀུན་གྱི་མགོ་ཁུངས་ཡོད་སའི་གནས་ཁྱད་པར་བ་མཚོ་སྔོན་རེད།

ལོ་རྒྱུས་ཀྱི་ཆབ་རྒྱུན་རིང་དུ་འབབ་ཅིང་། རིག་གནས་ཀྱི་ཉིང་བཅུད་གཅིག་ཏུ་འདུས་པ། གནའ་བོའི་དར་གོས་ཀྱི་ཚོང་ལམ་དང་ཐང་བོད་གནའ་ལམ་གྱི་ཐིག་རིས་ཕབ་ས་འདི་ནི། མི་རིགས་མང་པོའི་རིག་གནས་དང་མངའ་ཁོངས་རིག་གནས་རིས་མེད་དུ་འཕེལ་སའི་ཞིང་ས་གཤིན་པོ་མཚོ་སྔོན་རེད།

ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། ཕྱིའི་ར་བ་མ་བཅོས་རང་བྱུང་དུ་གྲུབ་པ་འདི་ནི་རྒྱལ་ཡོངས་ཀྱི་འཐབ་ཇུས་གལ་ཆེན་ཐོན་ཁུངས་ཉར་གསོག་བྱ་ཡུལ་མཚོ་སྔོན་རེད།

མི་རིགས་མཐུན་སྒྲིལ་དང་དམངས་སྲོལ་ཐུན་མིན་མངའ་བ་འདི་ནི་ལག་རྡང་གཅིག་ཏུ་སྒྲིལ་ནས་མཛེས་པའི་ཁྱིམ་གཞིས་སྐྲུན་ལ་བྲེལ་བའི་མཚོ་སྔོན་རེད།

དུས་རབས་ཀྱི་རླབས་རྒྱུན་ཆེན་པོ་མདུན་དུ་འཕྱོ་བ་ན། མཚོ་སྔོན་ཡང་ཀྲུང་གོ་གསར་པ་དང་ལྷན་དུ་དཀའ་བ་ཁྱད་གསོད་ཀྱི་ལམ་ཁ་གསར་པར་སྙེག་ནས་སྤོབས་པའི་ཁེངས་པའི་འཛུགས་སྐྲུན་གྱི་དྲག་རླབས་དགོང་དུ་འཕྱུར་མྱོང་ལ། ཚ་ཚ་འུར་འུར་གྱི་ཀློང་ནས་བཅོས་སྒྱུར་གྱི་ལམ་ཁར་བསྐྱོད་མྱོང་། འདི་ནི་འཛམ་གླིང་གི་གླིང་སྣེ་གསུམ་པར་ཆགས་པའི་མཚོ་སྔོན་དང་། “རྒྱུད་གཅིག་ལམ་གཅིག”གི་གྲུབ་ཆ་གལ་ཆེན་མཚོ་སྔོན་ཡིན་ཏེ། ད་ནི་ལག་ཟུང་རིང་དུ་བརྐྱངས་ནས་འཛམ་གླིང་པང་དུ་བླངས་ཤིང་། འཛམ་གླིང་དང་ལྷན་དུ་གཙང་གསུམ་མགོ་ཁུངས་ནས་བསྐྱོད་དེ་མཉམ་དུ་མིའི་རིགས་ཀྱི་ཐུན་མོང་ལས་དབང་མཉམ་སྒྱུར་ལ་ནུས་རྒུ་འདོན་པར་བྲེལ།

ད་ལོའི་ཟླ8ཚེས19ཉིན། རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོ་མཚོ་སྔོན་ནས་བསྡུ་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆེད་དུ་ཤིས་འཕྲིན་བཏང་ནས་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་ཁས་ལེན་དང་ཡར་སྐུལ་ཐུགས་ཁུར་མཛད་པར་ང་ཚོར་དགའ་བ་འབུམ་གྱིས་བརྟས།

དགའ་བ་དེ་ནི་མངགས་བཅོལ་ཟབ་མོ་ཡིད་ལ་དམ་པོར་བཅིངས་ནས་མཚོ་སྔོན་གསར་པ་དང་རྣམ་པ་གསར་པ་འཛུགས་སྐྲུན་ལ་འབད་འབུངས་བྱ་དགོས་པའི་འགན་འཁྲི་དང་ཁག་ཁུར་དེ་ཡིན། དགའ་བ་དེ་ནི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་འཕེལ་རྒྱས་གསར་པ་བྱུང་ནས་རྣམ་པ་གསར་པ་ཞིག་གི་མགོ་བསླངས་པའི་སྔར་མེད་གཟི་བརྗིད་དེ་ཡིན། དགའ་བ་དེ་ནི་དུས་དང་རྣམ་པ་ཀུན་དུ་རི་ཆུ་སྔོ་ཞིང་དྭངས་བའི་མཚོ་སྔོན་གྱི་ཐོག་མའི་སེམས་འདུན་ལག་ལེན་མཐའ་འཁྱོལ་བྱུང་བ་དེ་དང་། མཚོ་སྔོན་གྱི་དྭངས་ཤིང་གཡའ་དག་པའི་ཁོར་ཡུག་ཡག་པོ་བཞེངས་སྐྲུན་ལ་ཀུན་གྱིས་རེ་སྨོན་ཚད་མེད་བཅིངས་པ་དེ་ཡིན།

2016ལོའི་ཟླ3ཚེས10ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་ཐོག མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་གཞི་ལ་གྲོས་ཞིབ་བྱེད་དུས་སུ“སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཏན་ཏིག་དང་། དབུལ་ཐར་མཁྲེགས་གཏོར་ལ་སྐུལ་སྤེལ་ཏན་ཏིག  མི་རིགས་ས་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བྱ་དགོས”ཞེས་པའི“ཏན་ཏིག་གསུམ”གྱི་སློབ་སྟོན་གལ་ཆེན་གནང་།

ལོ་དེའི་ཟླ8ཚེས22ནས་ཚེས24ཉིན་བར་དུ། སྤྱི་ཁྱབ་ཧྲུའུ་ཅི་དངོས་སུ་མཚོ་སྔོན་དུ་ཕེབས་ནས་གཟིགས་ཞིབ་དང་བྱ་བར་མཛུབ་སྟོན་བྱེད་དུས་སུ། “དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་སྤེལ་ཏན་ཏིག་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཏན་ཏིག དམངས་ཚིས་ལེགས་བཅོས་ལ་འགན་སྲུང་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་ཏན་ཏིག དེ་བཞིན་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་གཏོང་བར་ཤུགས་སྣོན་ཏན་ཏིག་བྱ་དགོས”ཞེས་པའི་བླང་བྱ་གལ་ཆེན་བཏོན་ཏེ། འབྱོར་ཕྱུག་དང་། དཔལ་ཡོན། འཆམ་མཐུན། མཛེས་སྡུག་གི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་དཔེ་རིས་བཀོད་ཅིང་། མཚོ་སྔོན་གྱི་བྱ་བར་ཁ་ཕྱོགས་གསལ་སྟོན་བྱས་ནས་རྩ་བའི་བླང་བྱ་བཏོན།

ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མངགས་བཅོལ་ཟབ་མོའི་ཐུགས་ཁུར་དང་རེ་སྒུག་ཡིད་ལ་དམ་པོར་བཅངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་སློབ་སྟོན་འོག “ཏན་ཏིག་བཞིའི”བླང་བྱ་གལ་ཆེན་ལག་ལེན་མཐའ་འཁྱོལ་དང་། “ལྔ་བཞི་འཐབ་ཇུས”ལག་བསྟར་གཏིང་ཟབ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལ་སྐུལ་སྤེལ་ཧུར་ཐག་བྱས་པ་དང་། བཅོས་སྒྱུར་གཏིང་ཟབ་དང་སྒོ་རྒྱ་རིང་དུ་གློད་དེ་རི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པའི་རྨད་བྱུང་རི་མོ་བཞེངས་ནས་མཛེས་སྡུག་མཚོ་སྔོན་གྱི་སྐྱེ་ཁམས་ཀྱི་མཛེས་པ་དང་།  འཕེལ་རྒྱས་ཀྱི་མཛེས་པ། སྒོ་འབྱེད་ཀྱི་མཛེས་པ། འཆམ་མཐུན་གྱི་མཛེས་པ། བདེ་སྐྱིད་ཀྱི་མཛེས་པ་བཅས་ཟླ་དང་བྲལ་བའི་མཛེས་པ་མཐའ་དག་ཆེས་ཆེར་ངོམ་པ་རེད།

ད་ལོའི་ཟླ6པར། ཀྲུང་གོའི་མཚོ་སྔོན་གྱི་འཐེན་ཐུག་ངོམ་སྟོན་འོས་སྦྱོར་དང་མ་དངུལ་གཏོང་འཇོག་གི་ཉོ་ཚོང་གྲོས་མོལ་ཚོགས་འདུ་སྐབས་དང་པོ་དེ་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཏི་པལ་གྲོང་ཁྱེར་ནས་བསྡུས། ཟླ8པར། མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་ནས་མ་ལ་ཞི་ཡའི་པ་ཧྲན་གྲུ་ཁ་དང་། སེངྒ་ལའི་ཁེ་ལུན་ཕོ་གྲུ་ཁའི་བར་གྱི་རྒྱལ་སྤྱིའི་སྐམ་ས་དང་མཚོ་ཐོག་ཉོ་ཚོང་གི་ཚོང་ལམ་གསར་པར་མཚོ་སྔོན་ཞིང་ཆེན་གྱི་ཚོང་འདྲེན་མེ་འཁོར་ཐོག་མ་ཤར་གཏོང་བྱས་ཏེ། མཚོ་སྔོན་གྱི་ཁྱད་ལྡན་ཐོན་རྫས་མང་པོ་ཞིག་འཛམ་གླིང་ཡུལ་ཕྱོགས་སུ་གཏོང་འདྲེན་བྱས། ཟླ11པར་ཚོང་མགྲོན་ཁྲི་འདུས། གསོལ་སྟོན་མཉམ་རོལ་ཞེས་པའི་ཀྲུང་གོའི་རྒྱལ་སྤྱིའི་ནང་འདྲེན་དངོས་མང་བཤམས་སྟོན་སྐབས་གཉིས་པའི་ཐོག་ཏུའང་། མཚོ་སྔོན་གྱིས་རང་གི་སྣང་བརྙན་ངོམ་སྟོན་དང་། འཕེལ་རྒྱས་ལ་སྐུལ་འདེད། མཉམ་ལས་ལ་སྐུལ་སྤེལ་སོགས་བྱས་ནས་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གོམ་ཁ་ལྷོད་པ་མེད་པར་མདུན་དུ་སྐྱོད་ཀྱིན་ཡོད་པ་རེད།

མཚོ་སྔོན་ནི་ཀྲུང་གོ་དང་གླིང་ཆེན་ཨེ་ཤ་ཡའི་དབུས་མའི་དཔལ་འབྱོར་གྱི་ལྟེ་བར་གནས་ལ། ལོ་རྒྱུས་ཐོག་དར་གོས་ཚོང་ལམ། ཐང་བོད་གནའ་ལམ། གླིང་ཆེན་ཨེ་ཤ་ཡ་ལྷོ་མའི་གཤོང་ལམ། ཇ་རྟའི་གནའ་ལམ་བཅས་འགྲིམ་འགྲུལ་གྱི་བགྲོད་ལམ་གལ་ཆེན་ཡིན་པ་དང་། གནའ་བོའི་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་ཉོ་ཚོང་བརྗེ་རེས་ཀྱི་ས་ཚིགས་བར་མ། རིག་གནས་རྒྱུད་སྒྲོག་གི་སྦྲེལ་ཟམ་ལྟ་བུར་ཆགས་ཡོད།

དམིགས་བསལ་ས་གཤིས་གྲུབ་ཡུལ་དང་། རིག་གནས་ཀྱི་འབྱུང་ཁུངས། ཐོན་ཁོངས་ཀྱི་དགེ་མཚན། སྐྱེ་ཁམས་ཀྱི་ཕན་ནུས་སོགས་མངའ་ཕྱིར། སུས་ཀྱང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ཁྲོད་དུ་མཚོ་སྔོན་གྱི་ཚབ་བྱེད་མི་ཐུབ་ལ། ལྷག་པར་དུ་འཐབ་ཇུས་ཀྱི་ཁྱབ་ཁོངས་དང་གོ་གནས་ཀྱི་དགེ་མཚན་དེ་དག་གིས་མཚོ་སྔོན་གྱི་མི་མངོན་སྟོབས་ཤུགས་དང་མདུན་ལམ་ཡངས་པ་མཚོན། དེ་བཞིན་མིའི་རིགས་ལ་བྱས་རྗེས་ཆེན་པོ་འཇོག་ཐུབ་པའི་ཡངས་པའི་སྒོ་མོ་ངང་གིས་ཕྱེས་པས། ཕྱི་ཕྱོགས་སུ་མགྱོགས་པོར་སྒོ་འབྱེད་པའི་མཚོ་སྔོན་གྱི་རང་རྟོན་དང་གོམ་ཁ་ཇེ་བརྟན་དུ་བཏང་།

ད་ལྟ་མཚོ་སྔོན་འདི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་གལ་ཆེན་དང་། ཚོང་ལས་ཉོ་ཚོང་གི་ཟོག་འགྲེམ་ལྟེ་གནས། ཐོན་ལས་དང་རྩོལ་བྱུང་རིག་གནས་བརྗེ་རེས་ཀྱི་རྟེན་གཞིར་གྱུར་བའི་ངོས་ནས་“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་ལས་སུ་སྒོ་ཀུན་ནས་ཞུགས་ཏེ། མཐོང་རྒྱ་རིང་དུ་གློད་དེ་ཕྱི་ཡུལ་དུ་བསྐྱོད་ཅིང་། བརྗེ་རེས་མཉམ་ལས་ཀྱི་སྒོ་ནས་ཡུལ་གཞན་གྱི་ལེགས་ཆ་ནང་འདྲེན་ལ་ཧུར་ཐག་དང་། སྲིད་ཇུས་བར་འབྲེལ་འདྲིས་དང་། སྒྲིག་ཆས་བར་འབྲེལ་ཆགས། ཉོ་ཚོང་བར་མཉམ་འབྲེལ། མ་དངུལ་བར་མཉམ་བསྲེས། དམངས་སེམས་དང་ཉེ་བར་བྱས་པས། ཕྱི་ཕྱོགས་ཉོ་ཚོང་གི་འཕེལ་ཁ་མྱུར་བའི་རྣམ་པ་དགའ་འོས་པ་བྱུང་ནས་དར་གོས་ཚོང་ལམ་རྒྱུད་དུ་ཆགས་པའི་རྒྱལ་ཁབ་བར་གྱི་འབྲེལ་འདྲིས་ཉིན་བཞིན་ཇེ་མང་དང་། འཛམ་གླིང་བར་བརྗེ་རེས་བྱེད་པའི་བར་ཐག་སྔར་ལས་ཇེ་ཉེ་རུ་སོང་ཡོད་པ་རེད།

ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཁྱབ་ཁོངས་སྔར་བས་ཆེ་རུ་བསྐྱེད་རྒྱུའི་ཆོད་སེམས་བརྟན་པོའི་ནུས་ཤུགས་ཀྱིས། མཚོ་སྔོན་གྱིས་ཕྱི་ཕྱོགས་སུ་ཕྱེས་པའི་སྒོ་མོ་ཇེ་ཆེ་ཇེ་ཡངས་སུ་གྱུར། མཚོ་སྔོན་ཉོ་ཚོང་གྲོས་མོལ་ཚོགས་འདུ་ལྟ་བུ་ལ་མཚོན་ན་ལོ་ངོ20ཡི་རིང་དང་། བོད་ལུགས་ས་གདན་ལ་མཚོན་ན་ལོ་ངོ16རིང་སྤེལ་ཡོད་པས། ཆེད་ལས་ཅན་དང་ཚོང་རྟགས་གྲགས་ཅན། རྒྱལ་སྤྱིའི་ཅན་དུ་ཉེ་བར་ཕྱོགས་པའི་གོམ་འགྲོས་ཁྲོད། དེ་དག་རང་རྒྱལ་གྱི་རྒྱལ་སྤྱིའི་སྙན་གྲགས་ཆེ་ཤོས་དང་། མཚན་སྙན་ཆེ་བའི་རྒྱལ་སྤྱིའི་རང་བཞིན་གྱི་ཆེད་ལས་འགྲེམ་ཚོགས་ཤིག་ཏུ་གྱུར་ཡོད་ལ། མཚོ་སྔོན་མི་དམངས་ཀྱིས་ཧུར་བརྩོན་དང་། རང་རྟོགས། ཆ་ཡོངས་སུ་རྫོགས་པའི་ཉམས་དགའི་སྟངས་སྟབས་ཁྲོད་ནས་འཛམ་གླིང་དུ་ཕྱོགས་པའི་སྒེའུ་ཁུང་ལྟ་བུ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་བརྗེ་རེས་ལ་སྐུལ་འདེད་གཏོང་བའི“སྐྱེད་ཆས”དང་། སྒོ་འབྱེད་རྣམ་པའི་དཔལ་འབྱོར་གོང་སྤེལ་སྒྲིག་འཛུགས་ཀྱི“སྒུལ་ཆས”ལྟ་བུར་ཆགས་ཡོད་པ་རེད།

ལས་སྒྲུབ་སྒེའུ་ཁུང་དེ་དག་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས། སྐྱེ་ཁམས་སོགས་ཁྱབ་ཁོངས་གཙོ་བོ་དག་གི་འཕེལ་རྒྱས་གྲུབ་འབྲས་ཇི་མ་ཇི་བཞིན་དུ་ཀུན་ལ་བསྟན་ཞིང་། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་ལས་གཞི་རེ་རེ་ལ་མིང་རྟགས་བཀོད་དེ། སྒོ་འབྱེད་ཀྱི་རྟོགས་འཆར་རེ་རེ་ཆར་རྗེས་ཀྱི་ཤ་མོ་བཞིན་བྱུང་ནས་ཞིང་ཆེན་ཡོངས་ཀྱི་རྨང་གཞི་སྒྲིག་ཆས་ཆ་རྐྱེན་ཇེ་ལེགས་དང་། དགེ་མཚན་ལྡན་པའི་ཁྱད་ལྡན་ཐོན་ལས་གསོ་སྐྱོང་། སྐྱེ་ཁམས་དང་དམངས་ཚིས་འཛུགས་སྐྱོང་ལ་སྐུལ་སྤེལ་བཅས་འདེགས་སྐྱོར་ཀྱི་ནུས་པ་གལ་ཆེན་བཏོན་ཡོད་པ་རེད།

མཐོ་སྒང་དུ་ཆགས་པའི་མཚོ་སྔོན་གྱིས་ནུབ་བྱང་དུ་རྐང་བཙུགས་ཤིང་། རྒྱལ་ཡོངས་ལ་ཁ་ཕྱོགས་པ། འཛམ་གླིང་ལ་མིག་ཕྱོགས་ནས་ཕྱི་ཕྱོགས་སྒོ་འབྱེད་བྱ་བ་དེ་དུས་དང་རྣམ་པ་ཀུན་ཏུ་རང་སྟེང་གི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་རྨང་གཞི་རང་བཞིན་གྱི་འཐབ་ཇུས་སུ་བཟུང་བ་དང་། ནང་སྙིང་གྲ་རྒྱས་སུ་བཏང་ནས་ཕྱི་ཕྱོགས་རྒྱ་བསྐྱེད་དང་། ཕན་འབྲས་ཆེར་བསྐྱེད་བཅས་རྒྱལ་ཡོངས་དང་གོམ་པ་མཉམ་སྤོ་དང་། འཛམ་གླིང་དང་དཔུང་བ་མཉམ་དུ་གཤིབ་སྟེ་བསྐྱོད་པ་ལ་སྒོ་འབྱེད་ཀྱི་རྣམ་པ་གསར་པ་བསྐྲུན་པ་དང་། ཕྱོགས་ཡོངས་དང་རིམ་པ་མང་པོ། ཚད་གཞི་མཐོ་ཤོས་ཀྱི་ཕྱི་ཕྱོགས་སྒོ་འབྱེད་ཀྱི་རྣམ་པ་གསར་བ་བཏོད། ང་ཚོས་རྒྱལ་ཁབ་དང་ས་ཁུལ་ཆིག་བརྒྱ་གྱ་གཉིས་ཉོ་ཚོང་གྲོགས་པོར་གྱུར་བ་དང་། རྒྱལ་ཁབ་བཅུ་བདུན་བར་རྒྱལ་སྤྱིའི་མཛའ་གྲོགས་མཁར་གྲོང་ཆ་ཉི་ཤུ་ཡི་འབྲེལ་བ་བཙུགས། ཀྲུང་གོ་དང་ཡོ་རོབ་བར་དུ་ཚོང་ལམ་གསུམ་ཕྱེས་ནས་ཀྲུང་གོ་དང་ཐའེ་ཝན་བྱང་མ། ཀྲུང་གོའི་ཞང་ཀང་། མན་ཀུའུ  ཏུང་ཅིན། ཅི་ལུང་ཕའོ་སོགས་གྲོང་ཁྱེར་བདུན་གྱི་ས་ཁུལ་དང་རྒྱལ་སྤྱིའི་ཚོང་ལམ་ཤར་གཏོང་བྱས།

སྒོ་འབྱེད་ཀྱི་ཁྲོད་མཚོ་སྔོན་གྱི་སྟོབས་འབྱོར་དང་རང་རྟོན་སྔར་བས་ཆེར་ཕྱིན་ནས་དར་གོས་ཚོང་ལམ་སྟེང་གི་འོད་དུ་འཚེར་བའི་མུ་ཏིག་རྡོག་ཅིག་ཏུ་གྱུར།

བཅོས་སྒྱུར་མེད་ན་རྒྱལ་ཁ་མེད་ལ། བཅོས་སྒྱུར་མེད་ན་སྟོབས་འབྱོར་ཡང་མེད།

ཞིང་ཆེན་སྲིད་གཞུང་གི་སྲིད་དོན་ཞབས་ཞུ་ཚོམས་ཆེན་དུ་ཁེ་ལས་ཀྱི་མིང་སྙན་ཞུ་བྱེད་བཞིན་པའི་སྐུ་ཞབས་ཧུང་དགའ་སྤྲོ་ཚད་མེད་ཀྱི་ངང་ནས་བཤད་རྒྱུར། ད་ལྟ་འགྲོ་ལུགས་སྒྲུབ་ན་ཧ་ཅང་སྟབས་བདེ་རེད། ཁེ་ལས་ཀྱི་མིང་ལ་དེ་མ་ཐག་ཞིབ་བཤེར་ཆོག་མཆན་འགོད་ཐུབ། སྔ་དྲོར་སྙན་ཞུ་ཞུས་རྗེས་ཕྱི་དྲོར་སྒྲུབ་ཚར་ཐུབ་པ་རེད།

ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་ཚུན་ལ། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས“མཚོ་སྔོན་འཕེལ་རྒྱས་ལྟོས་བཅས་ཀྱིས་རྗེས་ལུས་ཡིན་ན་ཡང་བཅོས་སྒྱུར་བྱ་བ་རྗེས་སུ་ལུས་མི་རུང”བའི་དགོངས་དོན་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་བྱ་བ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་རྩིས་ནས་དཔལ་འབྱོར་ལམ་ལུགས་དང་། སྤྱི་ཚོགས་ལམ་ལུགས། རིག་གནས་ལམ་ལུགས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས། ཏང་འཛུགས་སྐྱོང་དང་ཆབ་སྲིད་འཛུགས་སྐྱོང་ལམ་ལུགས་བཅོས་སྒྱུར་ཐད་ལ་ཤུགས་སྣོན་བྱས་པ་དང་། “ཀ་བཞི་གདུང་བརྒྱད”ཀྱི་བཅོས་སྒྱུར་སྒྲོམ་གཞི་ཧུར་ཐག་གིས་བཟོས་ནས་མ་དཔེ་དང་ཁྱབ་གདལ་གཏོང་འོས་པའི་ཉམས་མྱོང་སྐོར་ཞིག་བླངས་པས། མཚོ་སྔོན་ལ་བཅོས་སྒྱུར་མཐའ་གཅིག་བྱེད་ཕོད་པའི་ཡིད་ཆེས་དང་གདེང་ཚོད་ཀྱིས་ཁེངས་ཡོད་པ་རེད།

ང་ཚོར་མཆོང་ཕོད་པ་དང་ཚོད་ལྟ་བྱེད་ཕོད་པའི་སྤོབས་སེམས་ཡོད་པས། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་དང་། སྨན་བཅོས་འཕྲོད་བསྟེན་ལམ་ལུགས། ཁྲིམས་འཛིན་ལམ་ལུགས་ཏེ“རྒྱལ་ཁབ་ཀྱི་མཚོན་རྟགས”ཆེན་མོ་གསུམ་གྱི་བཅོས་སྒྱུར་གནད་འགག་རེ་རེ་དམ་འཛིན་བྱས་ནས་རྒྱལ་ཡོངས་སུ་སྐུལ་འཁྲིད་ཀྱི་མིག་དཔེར་ལྟ་བུར་ཆགས་ལ། དེ་ལྟར་ང་ཚོས་དཀའ་བ་གདོང་གིས་བསུས་ཏེ་འཚོལ་ཞིབ་དང་གསར་གཏོད་ཀྱི་ཁྲོད་ནས“མཚོ་སྔོན་གྱི་མ་དཔེ”ཅི་རིགས་རྙེད།

ང་ཚོར་འགག་འཕྲང་ལ་འཕྲད་དུས་ལམ་བུ་བཏོད་ཅིང་། ཆུ་བོར་འཕྲད་དུས་ཟམ་པ་རྒྱག་ཐུབ་པའི་བློ་སེམས་བརྟན་པོ་ཡོད། མཁོ་སྤྲོད་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་དང་།  ཚོང་དོན་ལམ་ལུགས་དང་ནོར་སྲིད་དང་ཁྲལ་དོན་ལམ་ལུགས། མ་རྩ་གཏོང་འཇོག་དང་མཉམ་བསྲེས་ལམ་ལུགས་སོགས་བཅོས་སྒྱུར་ལ་ཡར་རྒྱས་ཆེན་པོ་བྱུང་ནས་མཚོ་སྔོན་གྱི་བཅོས་བསྒྱུར་འཕེལ་རྒྱས་ལ་སྐུལ་འདེད་བཏང་། “དཔང་ཡིག་ཞེ་གཅིག་གཅིག་ཏུ་སྒྱུར་བ་དང་”“དཔང་ཡིག་ལྔ་གཅིག་ཏུ་བཟོས་པ” སོགས་བཅོས་སྒྱུར་གྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཞིང་། “དྲ་གཅིག་ཀུན་ཁྱབ་དང་དོན་གཅིག་ཀུན་སྒྲུབ”ཀྱི་སྲིད་དོན་ཞབས་ཞུ་མ་ལག་མགྱོགས་པོར་བཙུགས་པ་དང་། ཁེ་ལས་ཀྱི་ལས་ཚོགས་དུས་ཡུན་ཉིན་ལྔ་རུ་བསྒྱུར་བ་སོགས་ད་ལྟའི་མཚོ་སྔོན་ནི་སྲིད་འཛིན་མཆན་འགོད་སླ་བོར་བཟོས་ཚད64%ལ་བསླེབས་པའི་རྒྱལ་ཡོངས་ཀྱི་སྲིད་འཛིན་མཆན་འགོད་རྣམ་གྲངས་སོར་འཇོག་བྱས་པ་ཆེས་ཉུང་བའི་ཞིང་ཆེན་གྲས་ཀྱི་གཅིག་ཏུ་གྱུར་ཡོད།

ཁྲལ་བསྡུ་ལམ་ལུགས་སྔར་བས་འཐུས་ཚང་དང་། ཁྲོམ་རར་ཞུགས་པའི་སྒོ་ཐེམ་སྔར་བས་ཇེ་དམའ། མ་དངུལ་གཏོང་འཇོག་གི་གཉེར་སྐྱོང་ལམ་ལུགས་གསར་དུ་གཏོད་པ། མ་དངུལ་གཏོང་འཇོག་བྱེད་སྟངས་ཀྱི་སྣ་མང་སྣང་ཚུལ་རྒྱུན་འཁྱོངས་བཅས་བྱས་ཡོད། ཞིང་ཆེན་དང་ལྗོངས། གྲོང་ཁྱེར7བར་ལ“རྒྱལ་སྤྱིའི་སྐམ་ས་དང་མཚོ་ཐོག་ཚོང་ལམ་གསར་པ”ཡི་སྒྲོམ་གཞིའི་གྲོས་ཆིངས་བཞག་པ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར6བར་གྱི་བརྗེ་རེས་མཉམ་ལས་འབྲེལ་བ་ཇེ་ཟབ་ཏུ་བཏང་། ཀྲུང་ཧྭའི་རྒྱལ་ཡོངས་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ2019ལོའི་དམངས་གཉེར་ཁེ་ལས་མཆོག་ཏུ་གྱུར་བ500ཡི་མཐོ་རིམ་གླེང་སྟེགས་སྤེལ་ནས་རྒྱ་ཆེའི་དམངས་གཉེར་ཁེ་ལས་པ་རྣམས་ལ《མཚོ་སྔོན་གྱི་གྲོས་འགོ》བཏོན། ད་ལྟའི་མཚོ་སྔོན་ལ་མཚོན་ན། ཁྲིམས་སྐྱོང་ཅན་དང་རྒྱལ་སྤྱི་ཅན། སྟབས་བདེ་ཅན་གྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་པའི་ལས་ལ་བྲེལ་ཡོད།

དཔལ་འབྱོར་བཅོས་སྒྱུར་ཁྲོད་ཀྱི་མཚོ་སྔོན། རྣམ་པ་གསར་སྒྱུར་ཁྲོད་ཀྱི་མཚོ་སྔོན་གྱིས་ལས་ཁུངས་ཁུ་བསྡུ་དང་། ལས་རྙོག་སྐྱོན་སེལ། འདྲ་མཉམ་ཇུས་བསྟར། དེ་བཞིན་སྟབས་བདེའི་སྒོ་མོ་ཕྱེས་ཏེ། གསར་གཏོད་དང་འཕེལ་རྒྱས་ཀྱི་གེགས་སུ་གྱུར་བའི་གཅུན་སྡོམ་ཅི་རིགས་ཐལ་བའི་རྡུལ་དུ་བརླགས་ནས་ཁྲོམ་རའི་གསོན་ཤུགས་ལ་ས་ཆུ་བཟང་པོ་བཏོན་པ་དང་། ནང་སེམས་ཀྱི་སྒུལ་ཤུགས་ཇེ་དྲག་ཏུ་བཏང་ནས་ཚོང་གཉེར་ཁོར་ཡུག་རིམ་པར་ལེགས་སྒྱུར་བྱས་པས་མཐར་མ་དངུལ་གཏོང་འཇོག་དང་ལས་གཞི་གསར་གཏོད་ཀྱི་ཞིང་ས་གཤིན་པོར་གྱུར་ནས་ཕྱི་ཕྱོགས་སྒོ་འབྱེད་ལ་བར་སྟོང་གསར་པ་ཕྱེས།

རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།