ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཟླ12ཚེས4ཉིན། རྨ་ལྷོ་ཁུལ་སྲིད་གཞུང་ཏང་ཙུའུ་ཡིས“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི”བརྗོད་དོན་སློབ་གསོའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་བསྡུས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། “འགན་འཁྲི་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་དམ་འཛིན”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ་གནད་དོན་ལ་ཞིབ་བཤེར་ནན་ཏན་དང་། འབྱུང་རྩར་དབྱེ་ཞིབ་གཏིང་ཟབ། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཧུར་ཐག་བཅས་བྱས་ཏེ་འབད་བརྩོན་གྱི་ཁ་ཕྱོགས་གསལ་བོ་བཟོས། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་ཁུལ་དཔོན་ཆའོ་ཞུའེ་ཀྲི་ཡིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་ཕྱོགས་སྡོམ་གཏམ་བཤད་སྤེལ། ཁུལ་ཏང་ཨུའི་སྐོར་སྐྱོད་མཛུབ་སྟོན་ཚོགས་ཆུང་དང་པོའི་ཚོགས་གཙོ་གཞོན་པ་ཁྲེན་ཅི་ཆིན་ཚོགས་འདུར་མཛུབ་སྟོན་བྱེད་པར་ཡོང་བ་རེད།
ཚོགས་འདུ་མ་འཚོག་གོང་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མིས་དུས་འགོར་སློབ་སྦྱོང་དང་བགྲོ་གླེང་གཏིང་ཟབ། ཞིབ་བཤེར་དང་འཚོལ་ཞིབ། བསམ་བློ་ཞིབ་གཏོང་བཅས་ཀྱི་རྨང་གཞིའི་ཐོག་བསམ་འཆར་ཡོངས་ཁྱབ་ཏུ་བསྡུ་ལེན་དང་། སྙིང་གཏམ་བཤད་རེས། དབྱེ་ཞིབ་བཅས་ཀྱི་དཔྱད་ཡིག་ལེགས་པོར་བྲིས་ཏེ་སྤུས་ཚད་མཐོ་བའི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོ་འཚོག་པར་གྲ་སྒྲིག་ཞིབ་ཚགས་བྱས་པ་རེད།
ཚོགས་ཐོག་ནས་ཁུལ་སྲིད་གཞུང་ཏང་ཙུའུ་ཚན་ཁག་གི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་མ་འཚོགས་གོང་གི་གྲ་སྒྲིག་གནས་ཚུལ་བརྡ་ཁྱབ་བཏང་། ཆའོ་ཞུའེ་ཀྲི་ཡིས་སྲིད་གཞུང་ཏང་ཙུའུ་ཡི་ཚབ་བྱས་ནས་ལྟ་ཞིབ་དབྱེ་ཞིབ་བྱས་པ་དང་ཆབས་ཅིག་སྣེ་ཁྲིད་དེ་མི་སྒེར་གྱི་ལྟ་ཞིབ་དབྱེ་ཞིབ་ཀྱང་བྱས་པ་རེད། ཏང་ཙུའུ་ཡི་ཁོངས་མི་རེ་རེ་བཞིན་མི་སྒེར་གྱི་ཞིབ་བཤེར་དབྱེ་ཞིབ་བྱས་པ་དང་། ཚང་མས་རང་སྟེང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཙོ་འཛིན་གྱི་དགོངས་པ་དང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཐོག་མའི་བསམ་འདུན་དང་འགན་འཁྲི། སྔོན་ཐོན་དཔེ་མཚོན་བཅས་ཕྱོགས་བཞིའི་ཐད་ནས་གནད་དོན་ཞིབ་བཤེར་གཏིང་ཟབ་བྱས་པ་དང་། གནད་དོན་ལྷག་པའི་བསམ་བློའི་འབྱུང་རྩ་སྔོག་འདོན་གཏིང་ཟབ་བྱས་པ་རེད། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པར་ལྷག་བསམ་ཟོལ་མེད་དང་། དངོས་ཐོག་བདེན་འཚོལ། བསམ་བློར་ཐུག་པ་བཅས་བྱས་ཏེ། ཞིབ་བཤེར་དང་དབྱེ་ཞིབ་བྱས་པ་མ་ཟད། གནད་ལ་འཁེལ་བའི་བསམ་འཆར་དང་གྲོས་གཞི་ཡང་བཏོན་པ་དང་། གཟབ་ནན་དང་བདེན་པ་བདེན་ཐུབ་ཀྱི་བླང་བྱ་མཚོན་པ་དང་། མཐུན་སྒྲིལ་ཇེ་དམ་དུ་གཏོང་བ་དང་བྱ་བ་ལེགས་བཅོས་བྱེད་པའི་དམིགས་ཡུལ་འགྲུབ་པ་རེད།
ཆའོ་ཞུའེ་ཀྲི་ཡིས་བཤད་རྒྱུར། ཕྱོགས་སྡོམ་གཏམ་བཤད་སྤེལ་སྐབས་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་ནི་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡི་བརྗོད་བྱ་གཙོ་བོའི་སློབ་གསོའི་ལས་དོན་གྱི་ཕན་འབྲས་ལ་དཔྱད་ཞིབ་བྱས་པ་ཞིག་ཡིན་ལ། ལས་དོན་ཇེ་ལེགས་སུ་གཏོང་བའི་མགོ་ཚུགས་ས་ཡག་པོ་ཞིག་ཀྱང་རེད། སྲིད་གཞུང་གི་ཏང་ཙུའུ་ཚན་ཁག་གི་ཁོངས་མི་དག་གིས་མགོ་མཇུག་ཡོད་པ་དང་སྒྲུབ་མཁས་ཀྱི་སྙིང་སྟོབས་མུ་མཐུད་དུ་དར་སྤེལ་གཏོང་བ་དང་། ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུའི“རྩོམ་ཡིག་ཕྱི་མ་”ཏན་ཏིག་ངང་ལེགས་པར་བསྒྲུབ་དགོས། དཔྱད་ཞིབ་གནད་དོན་དག་ཐེར་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་འགན་འཁྲི་འཁུར་བ་དང་། ཧེ་བག་འཚོལ་བ། དངོས་འབེབས་དམ་འཛིན་བཅས་ཀྱི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ཏང་ཀྲུང་དབྱང་དང་ཞིང་ཆེན་དང་ཁུལ་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལྟར། རྨ་ལྷོའི་བརྗོད་དོན་སློབ་གསོའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས། གཅིག་ནས་སློབ་སྦྱོང་དམ་འཛིན་ཡག་པོ་བྱེད་རྒྱུ་དེ་ལས་འགན་དང་པོར་བརྩི་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་ཡག་པོ་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་དང་པོར་བརྩིས་ནས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། བསམ་བློ་གཏིང་ཟབ་གཏོང་བ། དོན་དངོས་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་དང་མཛུབ་སྟོན་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དུས་ཐོག་ཏུ་སློབ་སྦྱོང་བྱས་ཏེ། ཚད་གཞི་དང་རེའུ་མིག་གི་ཁྲོད་ཏང་གཤིས་སྦྱོང་བརྡར་དང་མཐོར་འདེགས་གཏོང་བ་དང་། སློབ་སྦྱོང་གཏིང་ཟབ་བྱེད་པའི་ཁྲོད་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་ཇེ་མཐོར་གཏོང་དགོས། སློབ་སྦྱོང་གི་ཕན་འབྲས་དེ་ཏང་གཤིས་འཛིན་པ་དང་འཇོན་ཐང་ཆེ་རུ་གཏོང་བ། སྤྱོད་ཚུལ་ལེགས་བཅོས་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐོག་ནས་དངོས་སུ་མཚོན་པར་བྱ་དགོས། གཉིས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ལས་འགན་དང་པོར་བརྩི་དགོས། རྨ་ལྷོའི་བཅོས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་ཐོག་མའི་བསམ་འདུན་གྱི་ལས་འགན་དང་པོར་བརྩིས་ནས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། འགན་འཁྲི་དེ་གསར་སྐྲུན་གསར་གཏོད་ཀྱི་སྙིང་སྟོབས་དང་། དངོས་སྒྲུབ་དོན་གཉེར་གྱི་རང་རྟོགས་བྱ་སྤྱོད་དུ་འགྱུར་བར་བྱེད་དགོས། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པ་དང“ལོ་ལྔའི་འཆར་གཞི་བཅུ་གསུམ་པ”བདེ་བླག་ངང་མཇུག་བསྒྲིལ་བ་དང་། འགན་འཁྲི་འཁུར་ཕོད་པ། བྱ་བ་ཧུར་ཐག་གིས་སྒྲུབ་པ་བཅས་བྱས་ནས་ཁུལ་ཡོངས་ཀྱི་ལས་དོན་སྣ་ཚོགས་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་པར་ཁག་ཐེག་བྱེད་དགོས། དེ་དང་ཆབས་ཅིག་ནུས་ཤུགས་ཡོད་རྒུས་མིག་སྔའི་བྱ་བ་སྣ་ཚོགས་དམ་འཛིན་ཡག་པོ་བྱེད་པ་དང་སང་ལོའི་གཙོ་གནད་ལས་དོན་དང་རྣམ་གྲངས་སྦྲེལ་མཐུད་ཡག་པོ་བྱས་ཏེ། རྨ་ལྷོ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་འདིང་དགོས། གསུམ་ནས་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དེ་ལས་ཀའི་རྨང་གཞིར་བརྩི་དགོས། གཞི་རིམ་དུ་བསྐྱོད་དེ་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དེ་ཁུལ་གྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱེད་པའི་རྨང་གཞིར་བརྩིས་ནས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་གྱི་འདུ་ཤེས་བརྟན་པོ་འཛུགས་པ། ལྷག་པར་དུ་གནས་པའི་འབུར་ཐོན་གནད་དོན་དང་མང་ཚོགས་ལ་བསམ་འཆར་ཆེ་བའི་གནད་དོན་འཚོལ་ཞིབ་དང་ཐག་གཅོད་བྱེད་རྒྱུ་དམ་འཛིན་བྱེད་པ། གནས་ཚུལ་ལ་གཏིང་ཟབ་ཏུ་རྒྱུས་ལོན་དང་གནད་འགག་དབྱེ་ཞིབ། བྱེད་ཐབས་འདོན་པ་བཅས་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་གོམས་གཤིས་ཤིག་དང་གཞི་འཛིན་ས་ཞིག་ཏུ་འགྱུར་བར་བྱེད་དགོས། བཞི་ནས་དག་ཐེར་དོན་འཁྱོལ་བྱེད་རྒྱུ་དེ་གྲུབ་འབྲས་ཀྱི་མཚོན་ཚུལ་དུ་བརྩི་དགོས།
གནད་འགག་ཆེ་སར་དམིགས་ནས་དག་ཐེར་ཡོ་བསྲང་དམ་འཛིན་ལེགས་པོ་བྱེད་པ་དང་། དུས་མགོའི་དག་ཐེར་ཡོ་བསྲང་དོན་འཁྱོལ་བྱས་པའི་རྨང་གཞིའི་ཐོག ཞིབ་བཤེར་དང་འཚོལ་ཞིབ་བྱས་པའི་གནད་དོན་གསར་པ་ཐག་གཅོད་བྱེད་པ་དང་། སྡེ་ཁག་དང་མི་སྒེར་གྱི་གནད་དོན་གསལ་ཐོ་རེ་རེ་བཞིན་བཀོད་དེ། གནད་དོན་དག་ཐེར་ལེགས་བཅོས་བྱ་བའི་ཕན་འབྲས་དེ་བཅོས་སྒྱུར་དང་འཕེལ་རྒྱས་བརྟན་ལྷིང་གསུམ་གྱི་བྱ་བའི་ཕྱོགས་སོ་སོར་རྒྱ་བསྐྱེད་པ་དང་། རྒྱུན་ཆད་མེད་པར་སྲིད་གཞུང་གི་ལས་དོན་གཏིང་ཟབ་ཏུ་སྤེལ་བ་དང་། ལེགས་པོའི་ཕྱོགས་སུ་སྐྱོད་པ། དོན་དངོས་ཀྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་སྟེ། ཀུན་གྱིས་ཡིད་ཆེས་བྱེད་ཚད་སྔར་བས་མཐོ་རུ་གཏོང་དགོས། ལྔ་ནས་སྤྱོད་གཙང་སྲིད་ཞུགས་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་རང་མདངས་སུ་བརྩི་དགོས། ཏང་ཙུའུ་ཡི་ཁོངས་མིས་ཁུལ་ཡོངས་ཀྱི་སྲིད་གཞུང་ཁོངས་གཏོགས་ཀྱི་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་གི་ཆབ་སྲིད་སྒྲིག་ལམ་དང་སྒྲིག་ཁྲིམས་ཁག་ལ་བརྩི་སྲུང་ནན་མོ་བྱེད་པར་སྣེ་ཁྲིད་དང་། སྤྱོད་གཙང་གཞུང་དྲང་གི་ཚད་གཞི་ཇེ་མཐོར་གཏོང་དགོས། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི“ལས་གནས་གཅིག་ལ་འགན་འཁྲི་གཉིས”མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ་དང་། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་མོ་མིན་པ་དང་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་ཡག་པོ་མིན་པ་སོགས་ཀྱི་གནད་དོན་མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ། “སྤྱོད་ཚུལ་བཞིར”ངོ་རྒོལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། དཔོན་ཉམས་རིང་ལུགས་དང་ཕྱི་ཚུལ་རིང་ལུགས་ཀྱི་གཅོང་ནད་བཅོས་སྒྲིག་བྱེད་པ་བཅས་གཞིར་བཟུང་ནས། ལྷག་བསམ་རྣམ་དག་གིས་ལས་དོན་སྒྲུབ་པ་དང་། ལས་དོན་ནུས་ལྡན་སྒྲུབ་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།
ཁྲེན་ཅི་ཆིན་གྱིས་བཤད་རྒྱུར། ཀྲུང་གོས་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཡིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱར་དམིགས་ནས། བརྗོད་དོན་སློབ་གསོའི་གཙོ་གནད་དམ་འཛིན་དང་། དོན་དངོས་དང་ཟུང་འབྲེལ། སྐུལ་འདེད་ཧུར་ཐག་བཅས་བྱས་པས་གྲུབ་འབྲས་མངོན་གསལ་ཐོབ་ཡོད། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚན་ཁག་གི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྤྱད་དེ་ཚན་ཁག་གི་ཁོངས་མི་རེ་རེ་བཞིན་ཞིབ་བསྡུར་སྐྱོན་བཤེར་བྱས་ཏེ་ཕན་ཚུན་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པ་དང་། གནད་དོན་དངོས་ལ་དམིགས་ནས་ངོ་གདོང་དམར་པོ་ཆགས་པ་དང་དུག་སེལ་ནད་བཅོས་ཀྱི་དམིགས་ཡུལ་འགྲུབ་པ་དང་། སྤུས་ཚད་མཐོ་བ། ཕན་འབྲས་བཟང་པོ་ཐོན་པ་བཅས་བྱས་ཡོད། གོམ་སྟབས་རྗེས་མར་དག་ཐེར་དོན་འཁྱོལ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ“གནད་དོན་གསལ་ཐོ”དེ“དག་ཐེར་གསལ་ཐོར”འགྱུར་བར་བྱས་ནས་དངོས་རྗེན་གྱི་དག་ཐེར་གྱི་ཕན་འབྲས་ལ་བརྟེན་ནས་མང་ཚོགས་ལ་བརྡ་ལན་སྤྲོད་པ་དང་དམངས་ལ་ཞབས་འདེགས་ཞུ་དགོས། ལམ་ལུགས་དང་གཏན་འབེབས་ལག་བསྟར་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཁུལ་སྲིད་གཞུང་གི་ཏང་ཙུའུ་ཚན་ཁག་གིས་ཕྱོགས་སོ་སོའི་མགོ་ཁྲིད་ཀྱི་སྲོག་ཤིང་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་སྔར་བས་གཟབ་ནན་དུ་གཏོང་བ་དང་། རྩ་འཛུགས་འཚོ་བའི་ཚོགས་འདུ་གཉིས་ཀྱི་ལམ་ལུགས་རྒྱུན་འཁྱོངས་བྱས་ཏེ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་རྟག་ཏུ་སྤེལ་ཐུབ་པ་དང་དངོས་འབྲེལ་ནན་པོ་ཡོང་བ་བྱེད་དགོས། དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་སྔར་བས་འདོན་སྤེལ་བྱས་ཏེ་ཐེངས་འདིའི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པའི་གནས་ཚུལ་དུས་ཐོག་ཏུ་བརྡ་ཁྱབ་གཏོང་དགོས། གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ལ་དུས་ཐོག་ཏུ་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་འཚོགས་པ་དང་ཏང་ཡོན་ལ་དམངས་གཙོའི་གྲོས་མོལ་བྱེད་རྒྱུའི་མཛུབ་ཁྲིད་བྱེད་དགོས།
རྩོམ་སྒྲིག་པ། སྒྲོལ་མ་སྐྱིད།