ལོ་ངོ་བཅུ་ལྷག་གི་སྔོན་ལ། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ལ་ཚང་ཤུལ་གནས་སུ་གནའ་རྫས་རྐོ་འཚོལ་བྱེད་སྐབས། ལོ་བཞི་སྟོང་སྔོན་གྱི་ཐུག་པ་དཀར་ཡོལ་གང་རྙེད་བྱུང་ལ། དེས་མཚོ་བོད་མཐོ་སྒང་གི་ཤར་བྱང་ས་རྒྱུད་ལ་ཡུན་རིང་པོའི་ལོ་རྒྱུས་དང་རྨང་བརྟན་པའི་བཟའ་བཏུང་རིག་གནས་ལྡན་པ་ར་སྤྲོད་བྱས། ད་ལྟ། “ཐུག་པ་དཀར་ཡོལ་གང”ལ་བརྟེན་ནས། མཚོ་ཤར་གྱི་མི་འབུམ་ལྷག་རི་ཁུལ་ལས་ཕྱིར་བུད་དེ། གྲོང་ཁྱེར་དང་འདྲེས་པ་དང་དབུལ་ཕོངས་ལས་ཐར་བར་མ་ཟད། “འཐེན་ཐུག་དཔལ་འབྱོར”ལ་བརྟེན་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་མངོན་འགྱུར་བྱེད་པའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་དུ་ཞུགས།
མཚོ་སྔོན་ཞིང་ཆེན་གྱི་ཤར་རྒྱུད་ས་ཁུལ་དུ་ཆགས་པའི་མཚོ་ཤར་གྲོང་ཁྱེར་ལ་བསྡོམས་པས་མི་གྲངས་ས་ཡ་གཅིག་དང་འབུམ་བདུན་ལྷག་ཡོད་པ་དང་། ལིའུ་ཕན་རི་བོ་ཡི་གཅིག་བསྡུས་ཡུག་འབྲེལ་དབུལ་ཕོངས་ས་ཁུལ་དུ་གནས་ཡོད་སྟབས། རི་མཐོ་ལུང་རིང་དང་རང་བྱུང་གི་ཆ་རྐྱེན་ཤིན་ཏུ་ཐབས་ཆག་ཡིན། ཆུའུ་དང་རྫོང་དྲུག་ལས་ལྔ་ནི་རྒྱལ་ཁབ་ཀྱིས་ངེས་གཏན་བྱས་པའི་དབུལ་ཕོངས་རྫོང་དང་།གཅིག་ནི་ཞིང་ཆེན་གྱིས་ངེས་གཏན་བྱས་པའི་དབུལ་ཕོངས་རྫོང་རེད།
དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུ་ཡི་མཇུག་གི་ཚུན་ལ། དབུལ་ཕོངས་ཀྱི་གནས་ཚུལ་ལ་བརྟག་དཔྱད་ཟབ་མོ་བྱས་པའི་རྨང་གཞིའི་ཐོག ས་དེ་གའི་སྲིད་གཞུང་གིས་རོགས་སྐྱོར་སྲིད་ཇུས་བཏོན་པ་དང་། འཇོན་མིས་སྣེ་ཁྲིད་དེ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་རུ་ཐུག་པའི་ཟ་ཁང་འབྱེད་པར་ཁྲིད་སྟོན་དང་རྒྱབ་སྐྱོར་བྱས་ཤིང་། ས་གནས་མང་ཚོགས་སྐུལ་ཁྲིད་བྱས་ཏེ་རིམ་གྱིས་གཉེན་ཉེས་གཉེན་ཉེར་རོགས་སྐྱོར་བྱེད་པ་དང་། ཁྱིམ་མཚེས་ཀྱིས་ཁྱིམ་མཚེས་ལ་རོགས་སྐྱོར་བྱེད་པའི“འཐེན་ཐུག་དཔལ་འབྱོར”གྱི་འཕེལ་ལམ་དུ་ཆས།
ལོ་ལྔ་བཅུ་ལ་སོན་པའི་མ་ཝེ་ལིན་ནི་མཚོ་ཤར་གྲོང་ཁྱེར་ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་པའེ་ཀྲོང་གྲོང་རྡལ་ཧྲན་ཀེན་སྡེ་བའི་མི་ཡིན་ལ། ཕྱིར་སོང་སྟེ “འཐེན་ཐུག་དཔལ་འབྱོར”འཕེལ་རྒྱས་སུ་གཏོང་བའི་སྣེ་ཁྲིད་མཁན་ཆེས་ཐོག་མ་དེ་ཡང་རེད། ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་འབད་བརྩོན་བྱས་པ་བརྒྱུད། ད་ལྟ་ཁོ་དང་ཁོའི་གཉེན་ཉེ་གྲོགས་པོ་ཚོས་ཁྲང་ཧྲ་རུ་འཐེན་ཐུག་མཉམ་སྦྲེལ་ཟ་ཁང་བདུན་ཕྱེས་ཡོད་པ་དང་། ཁོ་རང་ཉིད་ཀྱིས་ཟི་ལིང་དང་ཁྲང་ཧྲ་གཉིས་སུ་སྡོད་ཁང་ཉོས་ཡོད་པ་རེད།
“ཧྲན་ཀེན་སྡེ་བའི་དུད་ཁྱིམ་ཚང་བརྒྱ་ཆའི་དགུ་བཅུའི་ཡན་གྱིས་ཕྱི་རུ་འཐེན་ཐུག་ཟ་ཁང་གཉེར་བའམ་ཡང་ན་འཐེན་ཐུག་ཟ་ཁང་དུ་ཞོར་ལས་བྱེད་བཞིན་ཡོད། ཐུག་པ་དཀར་ཡོལ་གང་ལ་བརྟེན་ནས། སྡེ་བ་ཧྲིལ་པོ་དབུལ་ཐར་བྱས་ཡོད་པར་མ་ཟད། ལོ་འདི་དག་གི་རིང་ལ། སྡེ་བར་སློབ་ཆེན་པ་ཉེར་གཅིག་བྱུང” ཞེས་ཝེ་ལིན་གྱིས་དེ་ལྟར་བཤད།
“ཞོན་ཧྭ་རྫོང་དུ་བསྡོམས་པས་མི་གྲངས་འབུམ་གཅིག་ལྷག་ཡོད་པ་དང་། དེ་ལས་སུམ་ཆའི་གཅིག་གིས་འཐེན་ཐུག་ལ་བརྟེན་ནས་དབུལ་ཐར་ཕྱུག་བསྒྱུར་བྱེད་བཞིན་ཡོད།” ཞོན་ཧྭ་རྫོང་གི་རྫོང་དཔོན་ཧན་ཞིན་པིན་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ད་ལྟ། ཟ་ལར་མང་ཚོགས་ཀྱིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་འབྲིང་བརྒྱ་རུ་བཟའ་བཏུང་དངོས་གཉེར་ཟ་ཁང་སྟོང་བདུན་དང་ལྔ་བརྒྱ་ལྷག་ལས་གཉེར་བྱས་ཏེ། ཞིང་སྡེའི་ངལ་རྩོལ་པ་མི་ཁྲི་བཞི་དང་སྟོང་དྲུག་ལྔ་བརྒྱ་གནས་སྤོར་བྱས་ལ། ན་ནིང་ངལ་རྩོལ་ཡོང་འབབ་སྒོར་མོ་དུང་ཕྱུར་བཞི་དང་བྱེ་བ་ལྔ་མངོན་འགྱུར་བྱས།
ཧྭ་ལུང་ཧེ་རིགས་རང་སྐྱོང་རྫོང་རྩ་པ་གྲོང་རྡལ་ཡའོ་ཏུང་སྡེ་བའི་སྡེ་དམངས་མ་ཆིང་ཡུན་གྱིས་ཕྱི་ནས་འཐེན་ཐུག་ཟ་ཁང་གཉེར་ཏེ“ཡོང་འབབ་དང་པོ”བཙལ་རྗེས། ལོ་གཉིས་ཀྱི་སྔོན་ལ་ཕྱིར་ཕ་ཡུལ་དུ་ལོག་ནས་ལས་སྐྲུན་བྱས། ཁོས་གསར་འགོད་པར་བཤད་རྒྱུར། “འཐེན་ཐུག་དཔལ་འབྱོར”ལོ་མང་པོའི་རིང་འཕེལ་རྒྱས་བྱུང་བ་བརྒྱུད། མང་ཚོགས་ཀྱི་དབུལ་ཕོངས་རྣམ་པ་བསྒྱུར་ཡོད་པར་མ་ཟད། ཁོ་ཚོའི་བསམ་པའི་རྣམ་པར་ཡང་འགྱུར་བ་ཐེབས་ཡོད། དེ་ལས་གལ་ཆེ་བ་ཞིག་ནི་མི་རབས་རྗེས་མར་འགྱུར་བ་ཐེབས་ཡོད།
“གྲོང་ཁྱེར་དུ་འཐེན་ཐུག་ཟ་ཁང་གཉེར་བཞིན་པའི་ཞིང་པ་ནི་རིམ་གྱིས་གྲོང་ཁྱེར་དང་འདྲེས་ཏེ། བློ་སྒོ་ཕྱེས་པ་དང་། བསམ་བློར་བཅིངས་འགྲོལ་ཐོབ་པ། ཁྲིམས་ལུགས་ཀྱི་འདུ་ཤེས་ཇེ་དྲག་ཏུ་སོང་བ་དང་། ཟོལ་མེད་དང་ཁ་དན་ཚིག་གནས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་སོང་བ། བྱིས་པའི་སློབ་གསོར་མཐོང་ཆེན་བྱེད་ལ། ཚོང་རའི་འགྲན་རྩོད་ལ་ཡང་ཇེ་ལོབས་སུ་གྱུར་ཡོད། ” ཞེས་མ་ཆིང་ཡུན་གྱིས་དེ་ལྟར་བཤད། ལྷག་པར་དུ་མི་རབས་རྗེས་མ་ནི“འཐེན་ཐུག་དཔལ་འབྱོར”གྱི་གཙོ་ཤུགས་དམག་དཔུང་དུ་གྱུར་པ་དང་བསྟུན་ནས། ད་ལྟའི་འཐེན་ཐུག་ཐོན་ལས་ནི་ལོ་སྔོན་མ་དག་དང་རྦད་དེ་ཁ་ཁར་གྱུར་ཡོད།
མི་རབས་སྔོན་མ་དག་དང་མི་འདྲ་བར། གྲོང་ཁྱེར་དུ་འཚོ་བ་སྐྱེལ་བ་དང་ནར་སོན་པའི་ཁོ་ཚོས། ཐུག་པ་དཀར་ཡོལ་གང་ལེགས་པར་བསྐོལ་བ་ཙམ་ལ་ཡིད་ཚིམ་གྱིན་མེད་པར། འཐེན་ཐུག་དང་འབྲེལ་བའི་ལས་རིགས་ཡོད་ཚད་ལེགས་སྒྲུབ་བྱས་ཏེ། འཐེན་ཐུག་ཐོན་ལས་ནི“ཆུང་ལ་ཁ་ཐོར་ཡིན་པ”ནས“ཆེ་ལ་ཉིང་བསྡུས་ཡིན་པ”རུ་བསྒྱུར། ཁོ་ཚོས་སྦྲེལ་དྲ་བེད་སྤྱད་དེ་གློག་རྡུལ་ཚོང་དོན་འཕེལ་རྒྱས་སུ་བཏང་ནས།འཐེན་ཐུག་གི་ཐོན་ལས་མུ་འབྲེལ་རྒྱ་སྐྱེད་བཞིན་ཡོད་ལ། གཞི་གྲངས་ཆེན་མོའི་དོ་དམ་ལག་རྩལ་ནང་འདྲེན་བྱས་ནས་ཚོང་ར་རྒྱ་སྐྱེད་དང་ཟོང་རྟགས་ཁྱབ་སྤེལ་བྱེད་ཀྱིན་ཡོད།
མ་ཧྥུ་ལུང་ནི“ལོ་རབས་བརྒྱད་ཅུ་བའི་རྗེས་སུ་སྐྱེས་པ”ཞིག་ཡིན། ཁོ་ཕ་ཡུལ་ཧྭ་ལུང་ནས་ཕྱི་རུ་སོང་སྟེ་ཐོག་མར་ཟ་ཁང་གི་ཞབས་ཞུ་པ་བྱེད་མགོ་བརྩམས་ལ། ད་ལྟ་ཁོས་ཧྲང་ཧའེ་རུ་འཐེན་ཐུག་མཉམ་སྦྲེལ་ཟ་ཁང་བཞི་ལས་གཉེར་བྱེད་བཞིན་ཡོད་པར་མ་ཟད།དེང་རབས་ཟོང་འགྲུལ་གྱི་འདུ་ཤེས་བཟུང་སྟེ་གྲོ་ཕྱེ་དང་། བྲོ་རྫས། ནོར་ཤ། སྔོ་ཚལ་བཅས་ཀྱི་སྡེབ་སྐྱེལ་ཐོན་ལས་མུ་འབྲེལ་བཙུགས་ནས། མི་སུམ་ཅུ་ཙམ་ལས་ཞུགས་བྱེད་དུ་བཅུག་ཡོད།
ཧྭ་ལུང་རྫོང་གིས་འབྲེལ་འཛུགས་བྱས་པའི་ཀྲུང་གོའི་འཐེན་ཐུག་དྲ་བ་གློག་རྡུལ་ཚོང་དོན་ལས་སྟེགས་སུ་ཐོ་འགོད་བྱས་པའི་ཁེ་ལས་དང་མི་སྒེར་གྱི་ཚོགས་མི་ཁྲི་དྲུག་དང་སྟོང་ལྔ་ལ་སླེབས་པ་དང་། དྲ་ཚིགས་ལ་བརྟེན་ནས་འཛུགས་སྐྲུན་བྱས་པའི་གློག་རྡུལ་ཚོང་དོན་ཞབས་ཞུ་ལྟེ་གནས་ཀྱི་ཁེབས་རྒྱ་ནི་དབུལ་ཕོངས་སྡེ་བ་ཞེ་གཉིས་འདུས་པའི་ཞང་གྲོང་རྡལ་ཡོད་ཚད་རེད། ཞོན་ཧྭ་རྫོང་གིས་གསར་སྤེལ་བྱས་པའི་འཐེན་ཐུག་གི་གཞི་གྲངས་ཆེན་མོའི་ལས་སྟེགས་ཀྱིས་རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་འཐེན་ཐུག་ཟ་ཁང་གི་རྒྱུ་ཆ་དང་། འཕྲོད་བསྟེན། ལས་གཉེར་གནས་ཚུལ་བཅས་ལ་སྐུད་ལམ་ནས་ཞིབ་དཔྱད་ཚད་ལེན་བྱེད་པ་མངོན་འགྱུར་བྱས།
ཧྭ་ལུང་རྫོང་གི་ས་གནས་ཟོང་རྟགས་ཐོན་ལས་གསོ་སྐྱོང་སྐུལ་སྤེལ་ཅུའུ་ཡི་འབྲེལ་ཡོད་འགན་ཁུར་པས་ངོ་སྤྲོད་བྱས་པ་ལྟར་ན། འཐེན་ཐུག་དང་བཟའ་བཏུང་ལས་རིགས་ཀྱིས་སྣེ་ཁྲིད་དེ་ལས་སྐྲུན་ལས་ཞུགས་ལ་སྐུལ་འདེད་བཏང་ལ། ལོ་འདི་འགའི་རིང་ཧྭ་ལུང་རྫོང་གི“འཐེན་ཐུག་དཔལ་འབྱོར”གཉེར་བཞིན་པའི་མང་ཚོགས་ནི་མི་གྲངས་འབུམ་གཅིག་ཡས་མས་སུ་གཏན་འཇགས་བྱས་ཡོད། ད་ལྟ། ཧྭ་ལུང་གི་ཞིང་པའི་ཡོང་འབབ་རྐྱང་བའི་བརྒྱ་ཆའི་ང་གསུམ་ནི་འཐེན་ཐུག་གི་བཟའ་བཏུང་ལས་རིགས་སམ་ཡང་ན་འཐེན་ཐུག་དང་འབྲེལ་བའི་ཐོན་ལས་མུ་འབྲེལ་ལས་བྱུང་བ་རེད།
“མཚོ་ཤར་གྲོང་ཁྱེར་གྱི་འཐེན་ཐུག་ཟ་ཁང་ནི་རྒྱལ་ནང་གི་གྲོང་ཁྱེར་ཆེ་འབྲིང་ཉིས་བརྒྱ་བདུན་ཅུ་ལྷག་དང་ཕྱི་རྒྱལ་གྱི་རྒྱལ་ཁབ་དང་ས་ཁུལ་བཅུ་ལྷག་ལ་ཁྱབ་ཡོད་པ་དང་། འཐེན་ཐུག་ཁེ་ལས་ཁྲི་གཉིས་དང་སྟོང་བདུན་ཉིས་བརྒྱ་དང་། མི་འབུམ་གཅིག་དང་ཁྲི་བདུན་ལྷག་གིས་ཐོན་ལས་འདི་གཉེར་བཞིན་ཡོད་ལ།འཐེན་ཐུག་ཁེ་ལས་ཀྱི་ལོ་རེའི་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཉིས་བརྒྱ་ལ་སླེབས་ཡོད” ཅེས་མཚོ་ཤར་གྲོང་ཁྱེར་ས་གནས་ཟོང་རྟགས་ཐོན་ལས་གསོ་སྐྱོང་སྐུལ་སྤེལ་ཅུའུ་ཡི་བརྟག་ཞིབ་པ་མ་ཅིན་ཞིན་གྱིས་དེ་ལྟར་བཤད། འཐེན་ཐུག་ཐོན་ལས་ནི་མཚོ་ཤར་གྲོང་ཁྱེར་གྱི་ཆེས་གལ་ཆེ་བའི་དམངས་འཚོའི་ཐོན་ལས་དང་རྟེན་གཞིའི་ཐོན་ལས་སུ་གྱུར་ཡོད་པ་དང་། “ཐུག་པ་དཀར་ཡོལ་གང”ལ་བརྟེན་ནས། རྒྱ་ཆེའི་མང་ཚོགས་ཀྱིས“སྒོར་མོ་བཙལ་བ་དང་། བྱིས་པར་སློབ་གསོ་བཏང་ལ། བློ་ཁ་བསྒྱུར་བ་དང་འཚོ་ལམ་བསྐྱེད་ཡོད ”ཟེར།
ད་ལྟའི་བར་དུ། མཚོ་ཤར་གྲོང་ཁྱེར་གྱི་ཡིག་ཚགས་དང་བྱང་བུ་བཟོས་པའི་དབུལ་ཕོངས་མི་གྲངས་ཁྲི་བདུན་དང་སྟོང་གསུམ་གྱིས་འཐེན་ཐུག་ཐོན་ལས་ལ་བརྟེན་ནས་བརྟན་འཇགས་ངང་ལས་ཞུགས་བྱེད་པ་མངོན་འགྱུར་བྱས་ལ། དེས་གྲོང་ཁྱེར་དེ་གའི་དབུལ་ཐར་མི་གྲངས་ཀྱི་བརྒྱ་ཆའི་སོ་བདུན་ཟིན་ཡོད་པ་དང་། འཐེན་ཐུག་ཐོན་ལས་གཉེར་བཞིན་པའི་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ལ་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གསུམ་དང་སྟོང་བདུན་ཡོད་སྟབས། དངོས་གནས“མི་གཅིག་ལས་ཞུགས་བྱས་པ་དེས། ཁྱིམ་ཚང་ཧྲིལ་པོ་དབུལ་ཐར་བྱེད་པ”མངོན་འགྱུར་བྱུང་ཡོད།
རྩོམ་སྒྲིག་པ། གཡང་འབུམ་རྒྱལ།