གཙང་གསུམ་འབྱུང་ཁུངས་ཀྱི་བདེ་སྐྱིད་རྣམ་པ།
2019.12.10 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཀྲུང་ཧྭའི་ཆུ་མཛོད་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ།

གསར་འགོད་པ་མཚོ་སྐྱ་རེངས་ཀྱི་མཐའ་འཁོར་བརྒྱུད་ནས་བཅར་འདྲིར་འགྲོ་བའི་ལམ་བར་དུ་འདི་ལྟ་བུའི་རྣམ་པ་ཞིག་མཐོང་བ་སྟེ། མཚོ་སྐྱ་རེངས་ཀྱི་འགྲམ་རྒྱུད་དུ་ལམ་གསུམ་རྨ་ཆུའི་མགོ་ཁུངས་ཀྱི་ཕྱོགས་སུ་འཐེན་འདུག་པ་དང་།  དེའི་ཁྲོད་ཀྱི་ལམ་གཅིག་ད་ལྟ་མཚོ་ཡིས་བསྣུབས་འདུག་ལ་ལས་ནས་ཅུང་མ་འགོར་བའི་ལམ་གཅིག་ཀྱང་དབྱར་དུས་སུ་མཚོ་མོ་རྒྱས་པའི་སྐབས་སུ་མཚོ་ཡིས་བསྣུབ་རྒྱུའི་ཉེན་ཁ་ཡོད། ཡུལ་དེའི་སྐྱེ་ཁམས་ལྟ་སྲུང་པས་བཤད་རྒྱུར། ལོ་འདི་དག་གི་རིང་ལ་མཚོ་སྐྱེ་རེངས་ཀྱི་རྒྱ་ཁྱོན་དེ་མུ་མཐུད་དུ་ཇེ་ཆེར་སོང་བས་མཚོ་འགྲམ་གྱི་གཞུང་ལམ་དེ་ཆུས་བསྣུབས་པ་རེད། དེའི་རྐྱེན་གྱིས་ཡང་བསྐྱར་ལམ་གཅིག་ལས་པས་ལམ་གསུམ་ཕྱོགས་གཅིག་ཏུ་འཐེན་པ་རེད་ཟེར།

འགྱུར་ལྡོག་ཆུང་ངུ་དེས་མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ཐད་མི་རྣམས་དགའ་འོས་པའི་གྲུབ་འབྲས་མངོན་ཡོད། མཚམས་སྦྱོར་བྱས་པ་ལྟར་ན། གཙང་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྐོར་གཉིས་པའི་བཟོ་སྐྲུན་གཏིང་ཟབ་པའི་སྒོ་ནས་ལག་བསྟར་བྱས་པ་དེས། གཙང་གསུམ་འབྱུང་ཁུངས་ཀྱི་མཚེའུ་དང་བརླན་སའི་རྒྱ་ཁྱོན་ཆེ་རུ་སོང་བ་དང་། སྐྱེ་དངོས་སྣ་མང་རང་བཞིན་ལའང་སྲུང་སྐྱོབ་ཐོབ་ནས་ལྟ་ཞིབ་མངའ་ཁོངས་སུ་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་བྱ་རིགས་སྣ་ཚོགས་དང་།  རྐྱང་དང་དགོ་བ་སོགས་རི་དྭགས་སྣ་ཚོགས་ཀྱི་གྲངས་ཀ་རྒྱུན་ཆད་མེད་པར་ཇེ་མང་དུ་འགྲོ་བཞིན་ཡོད་པར་མ་ཟད་ཁོར་ཡུག་གི་རྣམ་པ་ཡང་མུ་མཐུད་དུ་ལེགས་ཕྱོགས་སུ་འཕེལ་བཞིན་ཡོད།

བྱེ་རྡུལ་ཇེ་ཉུང་དུ་སོང་བ་དང་བསྟུན་ནས་རྩྭ་ཐང་གི་རྣམ་པར་ལེགས་བཅོས་ཆེན་པོ་བྱུང་བ་དང་བརླན་སའི་རྒྱ་ཁྱོན་ཡང་མུ་མཐུད་དུ་ཆེ་རུ་གྱུར། མཚོ་སྐྱ་རེངས་ཀྱི་འགྲམ་རྒྱུད་དུ་ལོ་དུ་མར་བྱེ་འགོག་བྱེ་བཅོས་བྱས་པར་བརྟེན་ད་ལྟ་སྔོན་ཆད་དང་བསྡུར་ཐབས་མེད་པར་མཚོ་སྐྱ་རེངས་འགྲམ་རྒྱུད་ཀྱི་རྩྭ་ཆུ་རིམ་བཞིན་རྒྱས་པས་ད་ལྟ་རི་དྭགས་རྐྱང་རྣམས་ཀྱང་སྤྲོ་སྐྱིད་ལྡན་པའི་འཚོ་གནས་དེར་ཕྱིར་ལོག་བཞིན་ཡོད་པ་རེད།

དགུན་ཐོན་རྗེས་སུ་འབྲི་ཆུའི་མགོ་ཁུངས་ཀྱི་ཡུལ་ཤུལ་རིན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མཚེའུ་དག་གི་ངོགས་སུ་འདབ་ཆགས་སྣ་ཚོགས་འཕུར་ལྡིང་གར་གྱིས་རྩེན་ཞིང་ཁོ་ཚོས་གནས་དེ་རུ་དགུན་བསྐྱལ་བཞིན་ཡོད་པ་རེད། སྲུང་སྐྱོབ་ས་ཁུལ་གྱི་ལས་བྱེད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། ཁྲུང་ཁྲུང་སྐེ་ནག་ནི་གནས་འདིར་འཚོ་སྡོད་བྱེད་རྒྱུར་དགའ་ཞིང་། གཙོ་བོ་བརླན་ཁུལ་དང་དེ་ཡིས་བསྐྱེད་པའི་ཕུན་སུམ་ཚོགས་པའི་བཟའ་ཆས་ཀྱིས་ཁྲུང་ཁྲུང་སྐེ་ནག་རྣམས་ལ་ཕུན་སུམ་ཚོགས་པའི་འཚོ་སྡོད་ཀྱི་ཁོར་ཡུག་ཅིག་འདོན་སྤྲོད་བྱས་ཡོད་པ་རེད། ལོ་རེ་བཞིན་ཁྲུང་ཁྲུང་སྐེ་ནག་མང་པོ་ཁྱུ་དང་ཁྱུ་བྱས་ནས་རིན་པོ་ས་ཁུལ་དུ་ཡོང་ནས་སྒོ་ང་བཏང་སྟེ་ཚེ་སྲོག་ཆུང་ངུ་མང་པོ་སྐྱེ་འཕེལ་བྱུང་བཞིན་ཡོད་པས། ཁྲུང་ཁྲུང་སྐེ་ནག་ནི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད་པ་རེད།

ད་ལྟ་མཚོ་སྔོན་གྱི་བརླན་སའི་རྒྱ་ཁྱོན་གྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན་ཡོད། བསྡོམས་རྩིས་བྱས་པ་ལྟར་ན། གཙང་གསུམ་འབྱུང་ཁུངས་ས་ཁུལ་གྱིས་ལོ་རེ་བཞིན་འབྲི་ཆུའི་སྨད་རྒྱུད་ཀྱི་ཞིང་ཆེན་དག་ལ་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་འདོན་སྤྲོད་བྱས་ནས།  རྒྱལ་ཡོངས་ཀྱི་མི་གྲངས་འདུས་སྡོད་ས་ཁུལ་དང་དཔལ་འབྱོར་གཙོ་བོའི་ས་ཁུལ་གྱི་འཕེལ་རྒྱས་ལ་ནུས་པ་ཆེན་པོ་འདོན་སྤྲོད་བྱེད་བཞིན་ཡོད་པ་རེད།

སྟོང་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ལ་ལེགས་བཅོས་ཐོབ་པ།

དགུན་དུས་སུ།  རྒྱ་ཆེ་བའི་ཨ་ཆེན་གངས་རྒྱབ་ཏུ་ཁ་བ་ལྷབ་ལྷུབ་འབབ་ཅིང་། བོད་ལྗོངས་སུ་བསྐྱོད་པའི་ལམ་བར་དུ་ཁྱུ་དང་ཁྱུ་བྱས་པའི་རི་དྭགས་གཙོད་ཀྱིས་ཁ་བའི་ཁྲོད་ན་གཟན་ཆས་འཚོལ་བཞིན་པའི་རྣམ་པ་མཐོང་ཐུབ། དུས་ཡུན་རིང་བོར་བོད་ལྗོངས་ལ་དངོས་ཟོག་སྐྱེལ་འདྲེན་བྱེད་བཞིན་པའི་རླངས་འཁོར་ཁ་ལོ་མཱ་ཅིས་ཨིན་གྱིས་ཕྱིར་དྲན་བྱས་ནས་བཤད་རྒྱུར། “སྔོན་ཆད་བོད་ལྗོངས་སུ་འགྲོ་བའི་ལམ་བར་དུ་རི་དྭགས་གཙོད་གཏན་ནས་མཐོང་ཐུབ་རྒྱུ་མི་འདུག     གལ་ཏེ་ལན་རེར་རི་དྭགས་གཙོད་དང་ཐུག་ཚེ་ཁོ་ཚོ་འདྲོགས་ནས་རྒྱང་རིང་དུ་བྲོས་འགྲོ།  ད་ལྟ་རི་དྭགས་གཙོད་དེ་དག་མི་རྣམས་ལ་མི་འདྲོགས་པར་མདོ་དབུས་ལྕགས་ལམ་གྱི་འགྲམ་གཉིས་སུ་དུས་དང་རྣམ་པ་ཀུན་དུ་ཁྱུ་དང་ཁྱུ་བྱས་ནས་མཐོང་ཐུབ་པ་རེད།”ཟེར།

གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན།  ཨ་ཆེན་གངས་རྒྱབ་ལྟེ་བའི་སྲུང་སྐྱོབ་ཁུལ་གྱི་ཆུ་དམར་གཙང་བོའི་སྲུང་སྐྱོབ་ས་ཁུལ་དུ། དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་བར་རི་དྭགས་གཙོད་ཁྲི་གཉིས་ལས་མེད་པ་དེ་ད་ལྟ་ཁྲི་བདུན་ལ་འཕར་ཡོད་པ་རེད།

རི་དྭགས་གཙོད་ལས་གཞན་ད་དུང་གཅན་གཟན་གཞན་དག་གི་གྲངས་འབོར་ཡང་སྔར་ལས་མང་དུ་འགྲོ་བཞིན་ཡོད་པ་རེད། གཙང་གསུམ་འབྱུང་ཁུངས་རྒྱལ་ཁབ་རང་བྱུང་སྲུང་སྐྱོབ་ས་ཁུལ་དམེ་ཤུལ་སྲུང་སྐྱོབ་ས་ཁུལ་གྱི་འབྲོག་པ་མང་ཚོགས་རྣམས་ཀྱིས་རི་དྭགས་གསའ་འགུལ་སྐྱོད་བྱེད་པའི་རྣམ་པ་མང་དུ་མཐོང་ཞིང་ཆེས་མང་དུས་ནི་གསའ་དྲུག་ལྷག་མཉམ་གཅིག་ཏུ་འཚོ་སྡོད་བྱས་ཡོད་པ་དེ་རེད།   གཙང་གསུམ་འབྱུང་ཁུངས་རྒྱལ་ཁབ་སྤྱི་གླིང་ནགས་ཚལ་སྤྱི་བདེ་ཅུའུ་ཡི་མི་དམངས་ཉེན་རྟོག་པས་མཚམས་སྦྱོར་བྱས་པ་ལྟར་ན། སྔོན་ཆད་གཙང་གསུམ་འབྱུང་ཁུངས་དབུས་ཁུལ་གྱི་འབྲོག་པ་མང་ཚོགས་རྣམས་ཀྱིས་མཐོང་བའི་གསའ་ནི་ཁེར་རྐྱང་གིས་འཚོ་སྡོད་བྱེད་བཞིན་ཡོད་པ་ལས་གསའ་དྲུག་ལྷག་མཉམ་དུ་འགུལ་སྐྱོད་བྱེད་པའི་རྣམ་པ་ནི་ཤིན་ཏུ་མཐོང་དཀོན་པ་ཞིག་ཡིན། དེས་གཙང་གསུམ་འབྱུང་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ཇེ་ལེགས་སུ་འགྲོ་བཞིན་པ་མཚོན་ཐུབ་ཟེར།

དམེ་ཤུལ་ནགས་ར་ནི་གཙང་གསུམ་འབྱུང་ཁུངས་སྲུང་སྐྱོབ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ས་ཁུལ་གྱི་ལྟེ་བར་ཆགས་ཡོད་པ་དང་། རྙོག་འཛིང་ཆེ་བའི་ས་དབྱིབས་དང་ནགས་ཚལ་སྟུག་པོ། རྩྭ་ཐང་བཅས་ཀྱིས་རི་སྐྱེས་སྲོག་ཆགས་རྣམས་ལ་འཚོ་སྡོད་བྱེད་སའི་ཁོར་ཡུག་ལེགས་པོ་ཞིག་ངང་གིས་གྲུབ་ཡོད་པ་རེད། ཉེ་བའི་ལོ་འགའི་རིང་དམེ་ཤུལ་ནགས་རའི་རི་དྭགས་གནའ་བ་དང་འཕྱི་བ། རི་བོང་སོགས་ཀྱི་གྲངས་འབོར་མང་དུ་འཕེལ་བཞིན་ཡོད་པས་རི་དྭགས་གསའ་ཡི་འཚོ་གནས་ལ་ཕུན་སུམ་ཚོགས་པའི་བཟའ་ཆས་འདོན་སྤྲོད་བྱས་ཡོད།

“ཉེ་བའི་ལོ་འགའི་རིང་གསའ་མང་དུ་མཐོང་རྒྱུ་ཡོད་པ་ནི་གཙང་གསུམ་འབྱུང་ཁུངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་ཕན་འབྲས་ལྡན་པའི་སྲུང་སྐྱོབ་ཐོབ་པའི་བདེན་དཔང་ཡིན། གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་པ་དང་།  དེ་ནི་གཙང་གསུམ་འབྱུང་ཁུངས་ས་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་ཐད་གྲུབ་འབྲས་ཆེན་པོ་བླངས་པའི་མཚོན་རྟགས་གལ་ཆེན་ཡང་ཡིན།”ཞེས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ཡི་ཅུའུ་ཀྲང་ལིས་ཞའོ་ནན་གྱིས་བཤད།

གཙང་གསུམ་འབྱུང་ཁུངས་སུ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་བཟོ་སྐྲུན་ལག་བསྟར་བྱས་ནས། རང་བྱུང་ནགས་ཚལ་སྲུང་སྐྱོབ་དང་རྨོ་བསྐྱུར་ནགས་འདེབས། རི་བཀག་ནགས་གསོ། འདམ་རའི་སྤྱི་གླིང་སྲུང་སྐྱོབ། བྱེ་ཐང་ཅན་དུ་འགྱུར་བ་སྔོན་འགོག་བྱེད་པ་སོགས་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་ལས་གཞི་དང་། སྲུང་སྐྱོབ་ས་ཁུལ་གྱི་ནུས་ཤུགས་སྔོག་འདོན་བྱེད་པའི་ལས་གཞི་ལག་བསྟར་བྱས་པ་བརྒྱུད། གཙང་གསུམ་འབྱུང་ཁུངས་ས་ཁུལ་གྱི་ནགས་རའི་རྒྱ་ཁྱོན་ཇེ་ཆེར་སོང་བ་དང་ནགས་ཚལ་གྱི་སྐྱེ་ཁམས་ནུས་པ་ཇེ་དྲག་ཏུ་ཕྱིན་པ། འདམ་རའི་སྤྱི་གླིང་གི་རྒྱ་ཁྱོན་སླར་གསོ་བྱུང་བ། མཚེའུའི་རྒྱ་ཁྱོན་ཆེ་རུ་ཕྱིན་པ་སོགས་ཁོར་ཡུག་གི་རྣམ་པ་དེ་ཕྱོགས་མང་པོའི་ཐད་ནས་ལེགས་ཕྱོགས་སུ་འཕེལ་བས་རི་སྐྱེས་སྲོག་ཆགས་ཀྱི་སྐྱེ་འཕེལ་དང་འཚོ་གནས་ལ་གཞི་ནས་ཁོར་ཡུག་ལེགས་པོ་ཞིག་འདོན་སྤྲོད་བྱས་ཡོད་པ་རེད།

སྐྱེ་ཁམས་སྲུང་སྐྱོབ་ཁྲོད་དུ་རོང་འབྲོག་མང་ཚོགས་ལ་ཁེ་ཕན་ཐོབ་པ།

སྐྱེ་ཁམས་ཁོར་ཡུག་ལེགས་པོ་ནི་ཆེས་འདྲ་མཉམ་གྱི་སྤྱི་པའི་ཐོན་རྫས་ཡིན་ལ་ཀུན་ཕན་གྱི་དམངས་འཚོའི་བདེ་སྐྱིད་ཀྱང་ཡིན། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྔོན་འགྲོའི་སྲུང་སྐྱོབ་འདུ་ཤེས་བཙུགས་པ་དེས་དམངས་ཀྱི་འཚོ་བར་ཤུགས་རྐྱེན་མི་ཐེབས་པར་མ་ཟད། དེ་ལས་ལྡོག་སྟེ་དམངས་འཚོ་ལེགས་བཅོས་བྱེད་པའི་ཐད་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་བ་བསུས་ཡོང་།

གསེར་མཚོ་སྒྲོལ་མ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་གནམ་ཐང་རྩྭ་ཐང་གི་འབྲོག་མོ་ཞིག་ཡིན་པ་དང་། ད་ལོའི་ལོ་སྟོད་དུ་གསེར་མཚོ་སྒྲོལ་མ་ཞིན་ཧེ་རྫོང་གཙང་གསུམ་འབྱུང་ཁུངས་གཞུང་སྒྲུབ་ཁང་གི་རོང་འབྲོག་པའི་ཚན་རྩལ་གསོ་སྦྱོང་ལས་གཞིར་ཞུགས་ནས་བོད་ཀྱི་གཙགས་དྲུབ་ལག་རྩལ་སྐོར་ལ་སློབ་སྦྱོང་བྱས། ལག་རྩལ་དགེ་རྒན་གྱིས་སེམས་ཞིབ་མོས་མཛུབ་སྟོན་བྱས་འོག་བློ་རིག་གསལ་བའི་གསེར་མཚོ་སྒྲོལ་མ་བོད་ཀྱི་གཙགས་དྲུབ་སྐོར་གྱི་ལག་རྩལ་ལ་ཅུང་བྱང་ཆ་ལྡན་པར་གྱུར་བ་དང་། ད་ལྟ་གསེར་མཚོ་སྒྲོལ་མའི་འཚོ་བའི་ཡོང་འབབ་ཀྱང་མངོན་གསལ་སྒོས་ཇེ་མཐོར་སོང་ཡོད་པ་རེད།

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་འབྲོག་པ་སངས་བྷ་ལྷ་ཡིས་གསར་འགོད་པར་བཤད་རྒྱུར། “ཕྱུགས་ཟོག་འཚོ་སྐྱོང་བྱེད་ཚད་་ཇེ་ཉུང་དུ་བཏང་བ་ནས་བཟུང་ན་གཞོན་ངལ་རྩོལ་པ་ཇེ་མང་དུ་སོང་བ་དང་། ཁོ་ཚོའི་ཁྲོད་ཀྱི་མི་སྐོར་ཞིག་སྐྱེ་ཁམས་སྤྱི་ཕན་རང་བཞིན་གྱི་དོ་དམ་སྲུང་སྐྱོབ་ལས་རྐང་དུ་ཞུགས་ཤིང་། མི་སྐོར་ཞིག་ཕྱི་རོལ་དུ་ཞོར་ལས་སུ་འགྲོ་བཞིན་ཡོད་པས་སྔོན་ཆད་ཕྱུགས་ལས་རྐྱང་རྐྱང་གཉེར་བ་དང་བསྡུར་ན། ད་ལྟ་ཡོང་འབབ་སྣ་གཅིག་གིས་ཇེ་མང་དུ་གྱུར་ཡོད་པ་དང་། རྩྭ་ཕྱུགས་དོ་མཉམ་བྱས་པར་རྒྱལ་ཁབ་ཀྱིས་ཀྱང་ཁ་གསབ་རོགས་དངུལ་སྟེར་བཞིན་ཡོད་པར་མ་ཟད། ལག་རྩལ་གསོ་སྦྱོང་སོགས་དམངས་ཕན་སྲིད་ཇུས་སྣ་ཚོགས་ཀྱང་མང་དུ་རེག་ཐུབ་ཀྱི་ཡོད་པ་རེད”ཟེར།

རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་ལག་ལེན་དུ་བསྟར་བ་དེས་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་དང་འབྲོག་པའི་ཡོང་འབབ་འཕར་སྣོན་བྱུང་བ་བཅས་ཀྱི་ཐད་མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པར་མ་ཟད། དེ་ལས་ཀྱང་རྩྭ་ཐང་གི་ཕྱུགས་ལས་ཐོན་སྐྱེད་དང་བདག་གཉེར་བྱེད་སྟངས་ཐད་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ་དེ་རེད།

ད་ལྟ་རྨ་ཆུ་དང་འབྲི་ཆུའི་མགོ་ཁུངས་གང་རུང་དུ་འབྲོག་པ་རྣམས་ཀྱིས་ལག་རྩལ་སྦྱངས་པར་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་མཁན་མང་དུ་བྱུང་ཡོད། མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་འབྲོག་པ་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་སྲིད་ཇུས་སྣ་བཅུ་གཅིག་བཏོན་ནས།  སྐྱེ་ཁམས་སྲུང་སྐྱོབ་བྱས་པར་བརྟེན་འབྲོག་པ་མང་ཚོགས་ཀྱི་དཔལ་འབྱོར་ལ་གྱོང་གུད་བཟོས་པར་ཁ་གསབ་བྱེད་པར་ཁག་ཐེག་བྱས།

“མཚོ་སྔོན་གྱི་ཆེས་ཆེ་བའི་རིན་ཐང་ནི་སྐྱེ་ཁམས་ཡིན་པ་དང་ཆེས་ཆེ་བའི་འགན་འཁྲི་དང་ཆེས་ཆེ་བའི་སྦས་ཤུགས་ཀྱང་སྐྱེ་ཁམས་ཡིན་པས། ངེས་པར་དུ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་དེ་གོ་གནས་གཙོ་བོར་བཞག་ནས་དམ་འཛིན་བྱེད་དགོས།”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཟབ་མོ་སེམས་ལ་དམ་པོར་བཅངས་ཏེ། མཚོ་སྔོན་གྱིས་སྐྱེ་ཁམས་སྲུང་སྐྱོབ་སྔོན་འགྲོ་ཡིན་པ་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་ནས། ཐོན་ཁུངས་ཕུན་སུམ་ཚོགས་ཤིང་སྐྱེ་ཁམས་ཉམས་ཞན་ཡིན་པའི་ས་ཁུལ་ནས་ཐོག་མར་ཚན་རིག་འཕེལ་རྒྱས་ཀྱི་ཐབས་ལམ་ཞིག་བཏོད་དགོས།

                                                                                    ལོ་ཙཱ་བ། གཡང་འབུམ་རྒྱལ།