ཝང་ཀང་ཡང་བསྐྱར་སླེབས་བྱུང་།
2019.12.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

 ལོ་བཞིའི་སྔོན་དུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གོང་མ་སྟོད་མ་ཞང་ལུང་ཡག་སྡེ་བ་ནི་སྔར་མུས་བཞིན་གནས་ཤིང་། ས་བབ་མཐོ་ཞིང་འཁྱགས་ལ་རྩྭ་ཐང་ཞན་འགྱུར་ཤུགས་ཆེ་བ། འགྲིམ་འགྲུལ་སྟབས་མི་བདེ་བ་བཅས་ཀྱིས་དངོས་གནས་དབུལ་ཕོངས་སྡེ་བ་ཞིག་ལ་ཚང་བའི་ཆ་རྐྱེན་དེ་ཡོངས་སུ་ཚང་འདུག

སྐབས་དེར། རིག་སྐྱིད་ཀྱིས་བྱིས་པ་གསུམ་ལ་བདག་སྐྱོང་བྱེད་བཞིན་སྦྲ་ནག་ཏུ་བསྡད་ཡོད་པ་དང་། ཉིན་གང་བོར་ལས་ཀ་ལས་ནས་ཉི་མ་ནུབ་རིར་ཡོལ་དུས་ད་གཟོད་ངལ་གསོ་བཞིན་ཡོད་པ་རེད། ཁོ་མོའི་བསམ་འདུན་ཉག་གཅིག་ནི་བྱིས་པ་རྣམས་ཀྱི་ལྟོ་རྒྱབ་ལ་དཀའ་ངལ་མེད་པར་བྱེད་རྒྱུ་ཙམ་ལས་ཁང་པ་གསར་བར་སྡོད་རྒྱུ་ནི་ཡིད་ལའང་དྲན་གྱི་ཡོད་པ་མ་རེད། ལོ་ན་ང་ལྔར་སོན་པའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཁར་བྷོའི་བསམ་པར་ཁོ་རང་གི་ཕྲག་སྟེང་དུ་བབས་པའི་འོས་འགན་ནི་ཤིན་ཏུ་ལྕི་བ་སྟེ། སྡེ་བའི་ཁྱིམ་ཚང་ཉིས་བརྒྱ་ལྷག་གི་ཁྲོད་དུ་དབུལ་ཕོངས་ཁྱིམ་ཚང་གིས་སུམ་ཆའི་གཅིག་ཟིན་པའི་སྡེ་བའི་ནང་དུ་དབུལ་ཐར་ཞེས་པའི་ཡིག་འབྲུ་དེ་གཉིས་ནི་རྩྭ་ཐང་གི་རུ་སྐོར་དེ་དག་དང་འདྲ་བར་ལྟོས་ན་མིག་གིས་རིག་ཀྱང་བར་ཐག་རིང་བ་དེ་རེད།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བཅུ་བར།  ལས་འགན་ཕྲག་ཏུ་ཁུར་ནས་ཡོང་ཞིང་སྐད་རིགས་མི་མཐུན་པའི་གནོན་ཤུགས་འོག་ཏུ། ཀྲུང་གོའི་ཞིང་ལས་དངུལ་ཁང་དགའ་བདེ་རྫོང་ཡན་ལག་དངུལ་ཁང་གི་མགོ་གཙོ་ཝང་ཀང་ལུང་ཡག་སྡེ་བའི་ཧྲུའུ་ཅི་དང་པོའི་ལས་གནས་སུ་ཞུགས། སྡེ་བའི་ཨུ་ཡོན་ལྷན་ཁང་དུ་ལས་ཀ་སྒྲུབ་བཞིན་པའི་སྡེ་མི་རྣམས་ཀྱིས་གསར་དུ་ཡོང་བའི་སྡེ་བའི་ཧྲུའུ་ཅི་ནི་ཡར་སྔོན་རང་ཉིད་ལ་དར་ལག་རྫོང་དངུལ་ཁང་དུ་བསྐྱི་དངུལ་ལེན་པའི་འགྲོ་ལུགས་བསྒྲུབས་མྱོང་བའི་ཝང་ཀང་ཡིན་པ་ངོ་ཤེས་རྗེས་སེམས་སུ་དགའ་སྤྲོ་སྐྱེས།

“ཝང་ཀང་ཁྱོད་རང་ཅིའི་ཕྱིར་ཡོང་བ་ཡིན། ”

རེད་ཡ། ང་རང་ཅིའི་ཕྱིར་ཡོང་བ་ཡིན་ནམ། ཝང་ཀང་གི་སེམས་ཡང་རེ་ཞིག་སོམ་ཉིར་ཚུད་ཅིང་། དངུལ་ཁང་གི་བྱེད་སྒོའི་ལས་རིགས་སྐོར་ལ་རང་ཉིད་སྔར་ནས་སྐྲག་མ་མྱོང་ནའང་དབུལ་སྐྱོར་སྐོར་གྱི་བྱ་བ་འདི་ནི་རང་གིས་ཡག་པོ་ཞིག་བསྒྲུབ་ཐུབ་བམ། ཝང་ཀང་གི་སེམས་སུ་དེ་ལྟར་ཐེ་ཚོམ་གྱིས་ཁེངས་ན་ཡང་སྡེ་མི་རྣམས་ཀྱི་གདོང་གི་འཛུམ་མདངས་དང་རེ་བའི་མིག་ཟུང་དེ་མཐོང་བའི་མོད་ལ། ཝང་ཀང་གི་སེམས་སུ་ཡང་སྤོབས་པ་ཞིག་ངང་གིས་རྒྱས་བྱུང་། སྡེ་བའི་བྱ་བ་སྣ་ཚོགས་ལ་ཟླ་གཅིག་གི་རིང་དུ་བརྟག་དཔྱད་བྱས་པ་བརྒྱུད། ཝང་ཀང་གིས་ལུང་ཡག་སྡེ་བའི་དབུལ་ཕོངས་ཀྱི་རྩ་བ་རྟོགས་བྱུང་བ་སྟེ། རྩྭ་ཐང་དང་ནམ་ཟླ་སོགས་ཕྱི་རོལ་གྱི་རྒྱུ་རྐྱེན་སྣ་ཚོགས་ཕུད།  འབྲོག་པ་རྣམས་ཀྱི་བསམ་བློའི་ལྟ་ཚུལ་དང་ཐོན་སྐྱེད་འཚོ་བའི་བྱེད་ཐབས་རྙིང་བ་ཡིན་པ་བཅས་ཀྱིས་ཁོ་ཚོའི་ཡོང་འབབ་ཀྱི་ལམ་བུ་དེ་ཧ་ཅང་དོགས་པོར་བཟོས་ཡོད་པ་རེད།

“དེའི་སྐོར་ནས་དཔེ་སླ་མོ་ཞིག་བཞག་ན། དགུན་དུས་སུ་འབྲོག་ཁྱིམ་མང་ཆེ་བས་གཟན་རྩྭ་གསོག་འཇོག་མི་བྱེད་པར་གནམ་ལ་བརྟེན་ནས་ཕྱུགས་ཟོག་འཚོ་སྐྱོང་བྱེད་བཞིན་ཡོད་པས་ཕྱུགས་ཟོག་གི་ཤི་ཚད་ཧ་ཅང་མཐོ་བ་རེད། ”

ཚོགས་འདུ་མང་པོའི་སྟེང་དུ་ཕན་ཚུན་བར་བསམ་ཚུལ་བརྗེ་རེས་བྱས་པ་དང་། ཐེངས་མང་པོར་སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་སྡེ་མི་རྣམས་ལ་སློབ་གསོ་གཏོང་བ་དང་གོ་བསྐོན་བློ་འགུགས་ཐེངས་མང་བྱས་རྗེས། ཝང་ཀང་གིས་ད་གཟོད་སྐྱེ་ཁམས་སྲུང་སྐྱོབ་དང་དབུལ་ཐར་མཁྲེགས་གཏོར་གྱི་བྱ་བ་གཉིས་མཉམ་རྒྱལ་བྱེད་པའི་ཇུས་གཞི་སྣ་ཚོགས་འདོན་མགོ་བརྩམས།

ཞང་གི་མགོ་ཁྲིད་ལས་བྱེད་པ་དང་སྡེ་བ་ལྔའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཚན་ཁག  སྡོད་ཁུལ་གྱི་མགོ་ཁྲིད་སོགས་མི་ཉེར་བརྒྱད་ཀྱིས་གྲུབ་པའི་སློབ་སྦྱོང་དང་ལྟ་སྦྱོང་ཚན་ཆུང་གྲུབ་པར་བྱས་ཏེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་སོང་ནས་ས་གནས་དེའི་དབུལ་སྐྱོར་དང་སྐྱེ་ཁམས་ཕྱུགས་ལས་བྱ་བའི་ཁྲོད་ཀྱི་སྒྲུབ་སྟངས་ལེགས་པོ་དང་། བྱེད་ཐབས་དང་ཉམས་མྱོང་བཅས་ལ་སློབ་སྦྱོང་བྱས། ཕྱིར་སྡེ་བའི་ནང་དུ་ལོག་རྗེས་སུ་ཝང་ཀང་གིས་མྱུར་བ་མྱུར་དུ་ཕྱོགས་མང་པོ་ནས་མ་དངུལ་བརྩོན་ལེན་བྱས་ཏེ། ཕྱུགས་སྤྱིལ་ལས་པ་དང་ཕྱུགས་རྩྭ་འདེབས་པ། འོ་མ་བསྡུ་ཉོ་བྱས་ནས་མི་དམངས་མང་ཚོགས་ཀྱི་སྣེ་ཁྲིད་དེ་འོ་རྫས་བཟོ་གྲྭ་ལས་པ་བཅས་བྱས་པས་ལོ་དེའི་དགུན་ཁར་ཁྱིམ་ཚང་རེ་རེ་ལ་ལོ་མཇུག་གི་སྒོར་མོའི་བགོ་བཤའ་ཐོབ།

སྡེ་བའི་ནང་གི་སྔར་མེད་ཀྱི་འགྱུར་ལྡོག་མཐོང་པས་དབུལ་ཕོངས་ཁྱིམ་ཚང་གི་ཧུར་བརྩོན་རང་བཞིན་ཡང་རིམ་བཞིན་ཆེ་རུ་ཕྱིན། སྡེ་མི་རྣམས་ལ་རོགས་སྐྱོར་བྱས་ཏེ་ཁོ་ཚོའི་ཡོང་འབབ་མུ་མཐུད་དུ་འཕར་སྣོན་ཡོང་བ་བརྟན་འཇགས་ཡོང་བའི་ཆེད་དུ། ཝང་ཀང་གིས་མགོ་ལོག་ཁུལ་ཚན་རིག་ལག་རྩལ་ཅུའུ་ཡི་རྒྱབ་སྐྱོར་ཆེན་པོའི་འོག  དགའ་བདེ་རྫོང་གི་རིན་ཧི་གློག་ཤུགས་ཚན་རྩལ་ཚད་ཡོད་ཀུང་ཟི་དང་མཉམ་འབྲེལ་བྱས་ཏེ། དབུལ་ཕོངས་ཁྱིམ་ཚང་རེ་བརྒྱད་ཀྱིས་དབུལ་ཐར་ཐོན་ལས་གཉེར་ཐུབ་པ་བྱེད་ཆེད་སྒོར་མོ་བྱེ་བ་གཅིག་གི་བསྐྱི་དངུལ་བླངས་པ་དང་། ད་དུང་སྡེ་བའི་ནང་དུ་རླུང་ཤུགས་གློག་འདོན་འཕྲུལ་ཆས་བདུན་ཅུ་བཙུགས་པར་མ་ཟད། གནས་སྤར་བའི་ཁྱིམ་ཚང་རེ་བཞིའི་ར་སྐོར་ནང་དུ་འོད་ནུས་ཁང་པ་ལས་ཏེ་ཉི་འོད་ནུས་པའི་པང་ལེབ་སྒྲིག་སྦྱོར་བྱས།

“ལས་གཞི་འདི་ནི་ན་ནིང་གི་ཟླ་བཅུ་བའི་ནང་ལག་བསྟར་བྱས་པ་དང་ལས་གཞི་འདིའི་ལས་ཀ་ལས་མགོ་བརྩམས་རྗེས་སུ། སྡེ་བ་རང་གི་དབུལ་ཕོངས་ཁྱིམ་ཚང་གི་མི་སྣ་སྔོན་ལ་ནང་དུ་བསྡུ་ལེན་བྱས་རྗེས་ཁོ་ཚོར་འབྲེལ་ཡོད་ཤེས་བྱ་སྐོར་ནས་གསོ་སྦྱོང་བྱེད་པ་དང་བྱ་བའི་ལས་རྐང་དུ་ཞུགས་པའི་ཆ་རྐྱེན་ལྡན་པའི་དབུལ་ཕོངས་མི་སྣ་རྣམས་རླུང་ཤུགས་གློག་འདོན་གྱི་བྱ་བའི་ལས་རྐང་དུ་ཞུགས་སུ་བཅུག་ནས། རླུང་ཤུགས་གློག་འདོན་གྱི་ལས་རྐང་བརྒྱུད་ནས་བརྟན་འཇགས་ཀྱི་ཟླ་ཕོགས་རང་བཞིན་གྱི་ཡོང་འབབ་འཐོབ་པར་བྱེད་རྒྱུ་དང་། ལོ་རེའི་རླུང་ཤུགས་གློག་འདོན་གྱི་ཡོང་འབབ་ལས་བརྒྱ་ཆའི་བཅུ་དེ་དབུལ་ཕོངས་ཁྱིམ་ཚང་རྣམས་ལ་བགོ་བཤའ་རྒྱག་རྒྱུ་ཡིན།” ཞེས་ཝང་ཀང་གིས་བཤད། སྤྱིལ་བུའི་ནང་དུ་གློག་འདོན་པ་ལས་ཁོ་ཚོས་ད་དུང་སྤྱིལ་བུའི་ནང་དུ་ཀྲུང་ལུགས་སྨན་རྩྭ་དང་སྔོ་ཚོད་སོགས་འདེབས་འཛུགས་བྱས་ཆོག དེའི་ཁྲོད་དུ་གུར་ཀུམ་རིགས་ཤིག་འདེབས་ཀྱི་ཡོད་པས་དབུལ་ཕོངས་ཁྱིམ་ཚང་གི་ལོ་གཅིག་གི་ཡོང་འབབ་དེ་སྒོར་མོ་སྟོང་གསུམ་དུ་འཕར་སྣོན་བྱུང་ཡོད།

ཁྱིམ་ཚང་རི་སྐེད་ཅིག་ན་ཡོད་པའི་བསྟན་ཆེན་ནི་རུ་ཁག་ལྔ་བའི་རུ་གཙོ་ཡིན་པ་དང་། ཁོ་ཚང་ལ་ནོར་རེ་འགའ་མ་གཏོགས་མེད་ལ་བཟའ་མི་བདུན་ཡོད་པས་ཁྱིམ་གྱི་འཚོ་བར་དཀའ་ཁག་ཧ་ཅང་ཆེན་པོ་ལྡན། ཁྱིམ་གྱི་འཚོ་བའི་དོན་དུ་བསྟན་ཆེན་ཁོ་རང་དུས་རྒྱུན་དུ་ཕྱི་རོལ་ཏུ་ཞོར་ལས་སུ་འགྲོ་བཞིན་ཡོད་ནའང་། ཁོས་ལག་རྩལ་སྣ་གཅིག་ཀྱང་མི་ཤེས་པས་སྔར་བཞིན་ཡོང་འབབ་མང་པོ་ལོན་གྱི་ཡོད་པ་མ་རེད། ཝང་ཀང་ཁོ་ཚང་ལ་ཐོན་དུས་རྗེས་ཕྱོགས་ཀྱི་འཚོ་བའི་འཕེལ་རྒྱས་སྐོར་ལ་བསྟན་ཆེན་ལ་རང་ཉིད་ཀྱི་བསམ་ཚུལ་ཡོད་པ་རྟོགས་ཤིང་། གལ་ཏེ་སྒོར་མོའི་མ་རྩ་ཅུང་ཙམ་ཡོད་ཚེ་ཁྱིམ་ཚང་འདིའི་དབུལ་ཐར་གྱི་ལམ་བུ་སྔར་ལས་ཡངས་པ་ཁག་ཐེག་རེད།

ཐེངས་དུ་མར་བརྟག་དཔྱད་བྱས་པ་བརྒྱུད། སྡེ་བའི་ནང་དུ་བསྟན་ཆེན་དང་འདྲ་བར་འཕེལ་རྒྱས་ཀྱི་མ་དངུལ་དཀོན་པའི་ཏང་ཡོན་རྒན་པ་མི་ཉུང་བ་ཞིག་ཡོད་པ་དང་། རྒྱུ་མཚན་དེའི་དབང་གིས་ཝང་ཀང་ཕྱོགས་མང་པོར་རྒྱུག་མཐར་ཁུལ་རྩ་འཛུགས་པུའུ་ཡི་ཤུགས་ཆེན་པོའི་རྒྱབ་སྐྱོར་འོག ཡིག་ཚགས་བྱང་བུ་བཟོས་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་བཅུ་བདུན་གྱི་ཏང་ཡོན་གྱི་དབུལ་ཐར་མ་དངུལ་སྒོར་མོ་འབུམ་དྲུག་དང་ཁྲི་བརྒྱད་བརྩོན་ལེན་བྱས།

“ཧྲུའུ་ཅིས་བཤད་པ་ལྟར་ན་སྡེ་བའི་ནང་གི་དབུལ་ཕོངས་ཏང་ཡོན་རྣམས་ལ་ཁ་གཏད་པའི་རོགས་དངུལ་ཞིག་བསྐྱི་རྒྱུ་ཡོད་པར་གྲགས་པས་ངས་སྒོར་མོ་ཁྲི་ལྔ་ཡི་རོགས་དངུལ་བསྐྱི་རྒྱུའི་རེ་འདུན་ཡི་གེ་བྲིས་པ་དང་། སྒོར་མོ་དེ་དག་བླངས་རྗེས་སུ་ནོར་གནག་འགའ་ཉོས་ཏེ་སྔར་གྱི་འཚོ་བའི་ལམ་ཁར་ཞུགས་པ་ཡིན་ལ་ལོ་གཉིས་ཀྱི་རྗེས་སུ་རང་ཁྱིམ་དུ་བཞོན་མ་སུམ་ཅུ་ལྷག་ལ་བུད། ”

དགུན་དུས་ཀྱི་ཉིན་གུང་གི་ཉི་འོད་འཇམ་པོ་དེ་མི་རྣམས་ཀྱི་ལུས་སྟེང་དུ་འཕྲོས་ཡོང་། གནམ་གཤིས་ལེགས་པོ་དེ་དང་བསྟུན་ནས་ཝང་ཀང་རྫོང་སྲིད་གཞུང་འགྲམ་གྱི་སྡེ་གསར་དུ་སོང་ནས་སྡེ་མི་རྣམས་ཀྱིས་དགུན་བསྐྱལ་བའི་སྟ་གོན་སྐོར་ལ་བརྟག་དཔྱད་བྱེད་པར་གྲ་སྒྲིག་བྱེད་བཞིན་འདུག  གནས་སྤོར་སྲིད་ཇུས་ལག་བསྟར་བྱས་པ་དེས་ད་ལྟ་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་དྲུག་ཅུ་གཞི་ནས་ས་དེར་གནས་སྤར་ཡོད་པ་རེད།

ཐག་རིང་ནས་ཝང་ཀང་ཚུར་ཡོང་བཞིན་པ་མཐོང་བས་སྡེ་མི་རྣམས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་ནས་བསུ་མ་བྱེད་བཞིན་འདུག་ལ་སྡེ་བའི་སྲང་ལམ་དུ་རྩེད་མོར་རོལ་བཞིན་པའི་བྱིས་པ་སྐོར་ཞིག་གིས“ཝང་ཀང་ཡང་བསྐྱར་ཐོན་ཐལ”ཞེས་སྐད་གསེང་མཐོན་པོས་འུར་རྒྱག་བཞིན་འདུག

                                                                   ལོ་ཙཱ་བ། གཡང་འབུམ་རྒྱལ།