མཚོ་སྔོན་པོར་དུས་ཚིགས་རེ་རེར་མཛེས་པ་མི་འདྲ་བ་རེ་མཆིས།
2019.12.18 ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། ཀློག་གྲངས། 16

དཔྱིད་ཀར་སྐྱེ་དངོས་ཡོད་དོ་ཅོག་ལ་ལྗང་མྱུག་འབུས་རྗེས། དགུན་ཟླ་ཧྲིལ་པོར་འཁྱགས་པས་བསྡམས་པའི་མཚོ་སྔོན་པོ་འཁྱགས་པ་ལས་གྲོལ་བ་དང་། ལྷོ་རུ་འཕུར་བའི་ཁྲུང་ཁྲུང་སྐེ་ཁྲ་དང་སོ་བྱ་སོགས་གཅིག་རྗེས་གཉིས་མཐུད་དུ་མཚོ་སྔོན་པོའི་ཁར་ཡོང་སྟེ། ཚང་བཅོས་ནས་དབྱར་ཁར་རོལ་མགོ་བརྩམས། དབྱར་ཁ་ནི་ཡུལ་འདིར་མཚོན་ན་ལོ་གཅིག་གི་ཆེས་བྲེལ་འཚུབ་ཆེ་བའི་དུས་ཤིག་སྟེ། ཞིང་ཆེན་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པ་མང་པོ་ཡུལ་འདིར་ཡོང་ནས་བརྗིད་ཆགས་འབྱམས་ཀླས་ཀྱི་མཛེས་སྡུག་ལ་ལྟད་མོར་རོལ་བ་ཞིག་ཡིན། སྟོན་མཇུག་ཏུ་བྱ་དངོས་ཡོད་དོ་ཅོག་གིས་ཕྱི་ལོའི་དཔྱིད་ཀའི་མཛེས་སྡུག་སྦྲུམ་མགོ་བརྩམས་པ་དང་མཉམ་དུ། རྒྱང་རིང་དུ་བལྟས་ན་རི་རྩེར་རིམ་གྱིས་ཁ་བས་གཡོགས་པ་དང་། ཉེ་འདབས་ཀྱི་སྔོ་ལྗང་ལྗང་གི་རྩྭ་ཐང་དེ་རིམ་གྱིས་སེར་པོར་གྱུར་ལ། དབྱར་ཁར་མཚོ་སྔོན་པོར་ཚང་བཅོས་པའི་བྱ་རིགས་མང་པོ་ཁྱུ་དང་ཁྱུ་བྱས་ཏེ་ལྷོ་ཕྱོགས་སུ་འཕུར་མགོ་བརྩམས། དགུན་དུས་བྱ་ངང་པ་ཡུལ་འདིར་འཕུར་ཡོང་སྟེ་དགུན་ཁ་བརྒལ་བཞིན་ཡོད། ཞོགས་པར་དལ་གྱིས་མཁའ་ལ་འཕགས་པའི་ཉི་གཞོན་དང་བསྡོངས་ནས་མཚོ་ངོས་སུ་གར་ལ་རོལ་བའི་བྱ་ངང་པ་རེ་རེ་ནི་དྲང་སྲོང་རེ་རེ་དང་འདྲ་བར་མཚོ་སྔོན་པོའི་དགུན་འཁྱགས་ཀྱི་ལྷིང་འཇགས་དཀྲོག་པ་དང་མཚུངས།

མཚོ་སྔོན་ས་གཞི་སྟེང་གི་མཛེས་ལྗོངས་ཀྱི་འགྱུར་ལྡོག་ཡོད་ཚད་དུས་ཚིགས་དང་འབྲེལ་བ་ཡོད་པས། མཚོ་སྔོན་པོས་ཀྱང་དུས་ཚིགས་རེར་མཛེས་པ་མི་འདྲ་བ་རེ་ངོམ་བཞིན་ཡོད། མཚོ་སྔོན་པོ་ནི་རྒྱལ་ཁབ་རིམ་པའི་ལྗོངས་ཁུལ་གྲགས་ཅན་དང་རྒྱལ་ཁབ་ཀྱིA5རིམ་པའི་ལྗོངས་ཁུལ་ཡིན་ལ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་དང་འབྲེལ་བའི་མཚེའུ་གལ་ཆེན་དང་། ཀྲུང་གོའི་ནུབ་རྒྱུད་ཀྱི་བྱེ་ཐང་ཅན་ཤར་དུ་བསྲིངས་པ་འགོག་པའི་རང་བྱུང་གི་སྲུང་ཡོལ་ཡིན།

ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་དང་བེད་སྤྱོད་དོ་དམ་ཅུས་ཀྱིས“ཏན་ཏན་ཏིག་ཏིག་བཞི”ཡི་བླང་བྱ་གལ་ཆེན་དོན་འཁྱོལ་མཐར་ཕྱིན་བྱས་པ་དང་། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་ཧུར་བརྩོན་གྱིས་སྐུལ་འདེད་བྱས་པ། སྐྱེ་ཁམས་སྲུང་སྐྱོབ་ལ་གཟིགས་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱེད་པའི་ཁྲོད་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ནུས་པ་འཛུགས་སྐྲུན་བྱེད་པར་མུ་མཐུད་དུ་ཤུགས་སྣོན་བྱས་པ། ནན་ཏན་དང་གོ་རིམ་ལྡན་པའི་བྱ་བའི་ཁྲོད་དང་མཚོ་སྔོན་པོའི་སྲུང་སྐྱོབ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཕན་ཁེ་སྲུང་བ་མངོན་འགྱུར་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་བསྟུད་མར་ཇེ་ལེགས་སུ་གཏོང་བའི་རྨང་གཞིའི་སྟེང་། སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བྱ་བ་གཉིས་བཟང་པོར་བསྒྲུབས་ནས། མཚོ་སྔོན་པོའི་ལྗོངས་ཁུལ་ལ་སྐུལ་འདེད་བྱས་ཏེ་ཡུལ་ཁོངས་ཡོངས་དང་དུས་ཚིགས་བཞི་པོའི་ཡུལ་སྐོར་ཕྱོགས་སུ་གོམ་པ་སྤོ་རུ་བཅུག

སྐྱེ་ཁམས་ཁོར་ཡུག་བསྟུད་མར་ཇེ་ལེགས་སུ་སོང་སྟེ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་རྨང་གཞི་བཏིང་། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ནུས་པ་འཛུགས་སྐྲུན་བྱེད་པར་རྒྱུན་ཆད་མེད་པར་ཤུགས་སྣོན་བྱས། ལྟ་སྐུལ་ཞིབ་བཤེར་གྱི་གཞི་གྲངས་ལས་ཤེས་གསལ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོའི་ལོ་མཇུག་ཏུ། མཚོ་སྔོན་པོའི་མཚོ་ངོས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་བཞི་དང་ལྔ་བརྒྱ་བཅུ་དྲུག་ལྷག་ལ་སླེབས་པ་དང་། དེ་ནི་ལོ་ངོ་བཅུ་བཞིའི་རིང་གི་ཆེས་ཆེ་བ་རེད། མཚོ་སྔོན་པོར་ཡོད་པའི་འདབ་ཆགས་ཀྱི་རིགས་དུས་རབས་གོང་མའི་ལོ་རབས་དགུ་བཅུ་བའི་མཇུག་གི་བརྒྱ་དང་གྱ་དགུ་ནས་ད་ལྟའི་ཉིས་བརྒྱ་དང་ཉེར་ལྔ་རུ་འཕར་བ་དང་། བྱ་རིགས་སྣ་ཁ་གཉིས་ཇེ་མང་དུ་སོང་། རྒྱུད་ཆད་ལ་ཉེ་བའི་དགོ་བ་ཉིས་བརྒྱ་ནས་སྟོང་གཉིས་དང་བདུན་བརྒྱ་གོ་གསུམ་རུ་འཕར་བས། ལྟ་སྐུལ་ཞིབ་བཤེར་བྱས་པའི་ཚུན་གྱི་ལོ་རྒྱུས་ཀྱི་ཆེས་མཐོ་ཤོས་བསྐྲུན། གསེར་ཉའི་ཐོན་ཁུངས་ཏུན་ཁྲི་བརྒྱད་དང་སྟོང་བརྒྱད་ལ་སླེབས་པ་དེ། ཉིས་སྟོང་གཉིས་ལོ་ལས་སོ་བཞི་འཕར་བས་བསྟུད་མར་བཟང་པོའི་ཕྱོགས་སུ་འགྱུར་པའི་སྐྱེ་ཁམས་དོ་མཉམ་མ་ལག་རགས་ཙམ་ཆགས།

སྐྱེ་ཁམས་བཟང་པོ་ནི་རང་བྱུང་ཁམས་ཀྱིས་ང་ཚོར་བསྩལ་བའི་མཛེས་ལྗོངས་ཆེས་བཟང་པོ་ཡིན། མཚོ་སྔོན་པོའི་བརྗིད་ཆགས་མཛེས་སྡུག་ལ་རོལ་མྱོང་བྱས་རྗེས། ཚང་མར་མཚོ་སྔོན་པོར་བལྟས་རྗེས་མཚོ་གཞན་པར་ལྟ་འདོད་མེད་པའི་ཚོར་སྣང་ཟབ་མོ་ཞིག་སྐྱེས་ངེས།

སྔོན་ཆད་ཀྱི་ས་གཤིས་མཛེས་ལྗོངས་ནས་ཞིང་ཆེན་ནང་ཁུལ་དང་རྒྱལ་ནང་དུ་མིང་དུ་གྲགས་པའི་མཐོ་སྒང་གི་མཛེས་སྡུག་ལྡན་པའི་མཚེའུ་ཞིག་ཏུ་གྱུར། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་འཆར་འགོད་དང་འཛུགས་སྐྲུན་ལ་ནན་ཏིག་གིས་སྐུལ་འདེད་བྱས་པས། ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་ཚང་དུ་གྱུར་པ་དང་། ཆེད་དམིགས་འཆར་འགོད་རབ་དང་རིམ་པ་བསྒྲིགས་ཤིང་ལག་བསྟར་བྱས། བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་གཅིག་བཏང་བའི་སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད། ཞབས་ཞུའི་སྒྲིག་བཀོད་སོགས་ཀྱི་ལས་གཞི་རྩ་འཛུགས་དང་ལག་བསྟར་བྱས་པས། ལྗོངས་ཁུལ་གྱི་ཡུལ་སྐོར་སྣེ་ལེན་དང་ཞབས་ཞུའི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་གྱུར།

མཚོ་སྔོན་པོར་ལྟད་མོར་ཡོང་མཁན་གྱི་ཡུལ་སྐོར་པ་ཇེ་མང་ནས་ཇེ་མང་དུ་གྱུར་པ་དང་བསྟུན་ནས། མཚོ་སྔོན་པོ་ནི་རབ་མཛེས་མཚོ་སྔོན་གྱི་སྣང་བརྙན་དྲིལ་སྒྲོག་བྱེད་པའི“སྒེའུ་ཁུང”ལྟ་བུར་གྱུར་པ་དང་། ལོ་འདི་དག་གི་རིང་ལ། མཚོ་སྔོན་པོའི་ལྗོངས་ཁུལ་གྱིས་ཧུར་བརྩོན་སྒོས་བསམ་གཞིག་གཏོང་སྟངས་བསྒྱུར་ཏེ། སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་ནི་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་ཀྱི་སྦྲེལ་མཚམས་ཆེས་བཟང་པོར་བརྩིས་ནས། མཚོ་སྔོན་པོའི་སྐྱེ་ཁམས་ཁོར་ཡུག་གི་ཁྱད་ཆོས་ཡོངས་སུ་མཚོན་ཐུབ་པའི་སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་མ་ལག་ཧུར་བརྩོན་གྱིས་བསྐྲུན་པའི་ལམ་བུ་ཞིག་འཚོལ་སྙེག་བྱས།

ལྗོངས་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་དབྱེ་གསེད་བྱས་པས། སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་ཀྱི་མ་ལག་ཆགས། གཅིག་རྗེས་གཉིས་མཐུད་དུ་རིག་གནས་དང་སྐྱེ་ཁམས། ཡུལ་སྐོར་བཅས་ཕན་ཚུན་མཉམ་དུ་འདྲེས་པའི་མཚོ་སྔོན་པོའི་འདབ་ཆགས་ལ་ལྟད་མོར་རོལ་བའི་དུས་ཚིགས་དང་མཚོ་སྔོན་པོའི་ལྗོངས་རྒྱུ་ཡུལ་སྐོར་དུས་ཚིགས། མཚོ་སྔོན་པོའི་མཚོ་མཆོད་རིག་གནས་ཡུལ་སྐོར་ཉམས་ལེན་བཅས་དུས་སྟོན་བྱ་འགུལ་ཆེན་པོ་གསུམ་ལམ་ཐིག་གཙོ་བོ་ཡིན་པའི་ཡུལ་སྐོར་ཐོན་རྫས་ཀྱི་མ་ལག་འོས་སྦྱོར་བྱས་ཏེ། བསྟུད་མར་ལོ་འགའི་རིང་ལ། “རྨི་ལམ་གྱི་ཞིང་ཁམས་ཏེ་མཚོ་སྔོན་པོའི་པར་ལེན་འགྲན་སྡུར”དང“མཚོ་སྔོན་པོའི་རྒྱལ་ཡོངས་རྐང་ཐང་འདུ་ཚོགས”སོགས་ཀྱི་ལུས་རྩལ་རིག་གནས་ཡུལ་སྐོར་གསུམ་གྱི་བྱ་འགུལ་རབ་དང་རིམ་པ་སྤེལ་བས། ཁོར་ཡུག་ལ་གཅེས་པ་དང་ཁོར་སྲུང་བདེ་ཐང་གི་འདུ་ཤེས་བརྒྱུད་སྤྲོད་བྱས་ཏེ། མཚོ་སྔོན་པོའི་ལྗོངས་ཁུལ་གྱི་སྐྱེ་ཁམས་ཡུལ་སྐོར་ཚོང་རྟགས་གྲགས་ཅན་བསྐྲུན་པའི་གོ་རིམ་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་ཚུད་པ་དང་། དུས་མཉམ་དུ། མཚོ་མཆོད་དང་རི་མགོའི་སྒར་འཛུགས། བག་ལྭ་པར་ལེན། སྒེར་འཁོར། འཕྲུལ་རྟར་ཞོན་པ་སོགས་ཀྱི་ཆེད་དམིགས་སྐྱེ་ཁམས་ཡུལ་སྐོར་ཐོན་རྫས་ཧུར་བརྩོན་གྱིས་སྐྱེད་སྲིང་བྱས་པར་མ་ཟད་འོས་སྦྱོར་བྱས་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་འཕེལ་རྒྱས་ལ་དོ་སྣང་བྱས་ཏེ། “གཟུགས་འདས་ཤུལ་བཞག་རིག་གནས”ལྗོངས་ཁུལ་དུ་བསྐྱོད་པར་སྐུལ་འདེད་བྱས་པ་དང་། 《དྭངས་གཙང་གི་མཚོ་སྔོན་པོ》ཡི་མཚོ་མཆོད་ལེ་ཚན་བསྒྲིགས་ཤིང་། གསར་བརྗེའི་རིག་གནས་ཐོན་ཁུངས་ཧུར་བརྩོན་གྱིས་སྔོག་འདོན་བྱས་པས། རང་རྒྱལ་གྱི་ཉ་འབོམ་བརྗོད་དོན་ཡིན་པའི་བཤམས་ཁང་ཏེ“ཀྲུང་གོའི་ཉ་འབོམ་མཚོ་སྔོན་པོའི་ཚོད་ལྟའི་རྟེན་གཞི་བཤམས་སྟོན་ཁང”བཙུགས།

རྨང་གཞི་དེའི་སྟེང་། “རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ལྗོངས་ཁུལ”བདེ་བླག་ངང་གསར་སྐྲུན་བྱས་པའི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་པ་དང་། མཚོ་སྔོན་པོའི་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་དང་། སྲོག་ཆགས་སྐྱེ་དངོས་ཐོན་ཁུངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་བརྟེན་ནས། “ཡུལ་སྐོར་དང་། སྐྱེ་ཁམས”ཀྱི་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར་ཐོན་རྫས་འཕེལ་རྒྱས་སུ་བཏང་བ་དང་། སློབ་གྲྭ་ཆུང་འབྲིང་གི་སློབ་མའི“ང་ཚོའི་མཚོ་སྔོན་པོར་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད”ཀྱི་མཚོ་སྔོན་པོར་བསྐྱོད་པའི་རང་བྱུང་སློབ་ཐུན་གྱི་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་གི་ཐོན་རྫས་གཙོ་བོ་བྱས་ཏེ། འདབ་ཆགས་ལ་ལྟད་མོར་བལྟ་བའི་ཡུལ་སྐོར་དུས་ཚིགས་དང་། སྐྱེ་ཁམས་ཚན་རིག་རྟོག་ཞིབ། སྐྱེ་ཁམས་ཉམས་ལེན། སྐྱེ་ཁམས་ཉེན་འཚོལ། མཐོ་སྒང་བརླན་སའི་སྲོག་ཆགས་སྐྱེ་དངོས་ཀྱི་ཚན་རྩལ་ཁྱབ་གདལ། སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་གི་དབྱར་སྒར། སྤྱི་ཚོགས་ལག་ལེན། འདབ་ཆགས་ལྟད་མོ། གསེར་ཉ་ལྟད་མོ། འབུ་སྦྲང་ལྟད་མོ་སོགས་སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་གི་ཡུལ་སྐོར་ཐོན་རྫས་མང་པོ་གཅིག་རྗེས་གཉིས་མཐུད་དུ་འོས་སྦྱོར་བྱས་པ་དེ་མཚོ་སྔོན་པོ་ལྗོངས་ཁུལ་དུ་མཚོ་སྔོན་པོའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་གྱི་སྣང་བརྙན་གསར་པ་བཞེངས་སྤྱད་དུ་གྱུར།

ལྗོངས་ཁུལ་གྱི་ཆ་རྐྱེན་རྒྱུན་ཆད་མེད་པར་ཇེ་ལེགས་སུ་སོང་བ་ནས་ཡུལ་སྐོར་ཐོན་རྫས་ཉིན་རེ་བཞིན་སྣ་མང་དུ་གྱུར་པའི་བར་དང་། ཉིས་སྟོང་བཅུ་གཅིག་ལོར་མཚོ་སྔོན་པོ་ལྗོངས་ཁུལ་རྒྱལ་ཁབ་ཀྱིA5རིམ་པའི་ལྗོངས་ཁུལ་དུ་བདེ་བླག་གིས་རིམ་པ་སྤར་བའི་ཚུན་ལ། སྔ་གཞུག་ཏུ“རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཡུལ་སྐོར་དཔེ་སྟོན་ལྗོངས་ཁུལ”དང“རྒྱལ་ཡོངས་དཔལ་ཡོན་ཡུལ་སྐོར་སྔོན་ཐོན་སྡེ་ཚན”སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ། ཉིས་སྟོང་བཅུ་གཅིག་ལོར་མཚོ་སྔོན་པོ་ལྗོངས་ཁུལ་གྱིས་ཡུལ་སྐོར་པ་མི་ཐེངས་འབུམ་བརྒྱད་དང་ཁྲི་ལྔ་སྣེ་ལེན་བྱས་པ་ནས་ཉིས་སྟོང་བཅོ་བརྒྱད་ལོར་མི་ཐེངས་ས་ཡ་བཞི་ལ་འཕར་བས། མཚོ་སྔོན་པོའི་སྙན་གྲགས་སྔར་ལས་ཇེ་ཆེ་ནས་ཇེ་ཆེར་གྱུར།

                                                                                                                          རྩོམ་སྒྲིག་པ། ཚེ་རིང་སྒྲོལ་མ།